ཆེད་དུ་བརྗོད་པའི་ཚོམས་ལས་ མཐོང་བའི་ཚོམས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-27 21:02:20     རྩོམ་པ་པོ།   དགྲ་བཅོམ་པ་ཆོས་སྐྱོབས།    ཀློག་ཐེངས།  

002L4qF0gy6MOy4RmYhc9.jpg

བདག་ལས་གཞན་པའི་སྐྱོན་དག་ནི། །

ཕུག་མ་གཏོར་བ་ཇི་བཞིན་དུ། །

གཞན་གྱི་སྐྱོན་མཐོང་སླ་བ་སྟེ། །

རང་གི་སྐྱོན་ནི་མཐོང་བར་དཀའ། །

གཡོ་ཅན་ཆོ་ལོ་འཇོ་བ་ལྟར། །

རང་གི་དེ་ནི་སྦེད་པ་དང་། །

གཞན་གྱི་སྐྱོན་ལ་ལྟ་བྱེད་ཅིང་། །

རྟག་ཏུ་འཕྱས་ལང་འདུ་ཤེས་ཅན། །

དེ་ཡིས་རིང་དུ་ཆོས་མི་མཐོང་། །

གཡོན་ཕྱོགས་ཆོས་ནི་རབ་ཏུ་འཕེལ། །

སྤྱི་རྡོལ་བྱེད་ཅིང་འཕྲོག་རློམ་ཅན། །

མི་གཙང་ལས་ལྡན་ཁྭ་ལྟ་བུ། །

ཤིན་ཏུ་ཉོན་མོངས་འཚོ་བ་ཅན། །

ངོ་ཚ་མེད་པའི་འཚོ་བ་སླ། །

རྟག་ཏུ་གཙང་མ་ཚོལ་བ་དང་། །

ཐུབ་ཆོད་མི་བྱེད་འཛེམ་བག་ཅན། །

འཚོ་བ་དག་པ་ལྟ་བ་ཡི། །

ངོ་ཚ་ཤེས་པའི་འཚོ་བ་དཀའ། །

འཇིག་རྟེན་མུན་པར་གྱུར་འདི་སྟེ། །

དེ་ལས་ལྷག་མཐོང་ལྡན་པ་ཉུང་། །

རྒྱ་ལས་ཤིར་བའི་བྱ་ལྟ་བུར། །

མཐོ་རིས་ལ་དགའ་ཤས་ཙམ་ཞིག །

བྱིས་པ་ལུས་ཀྱིས་བཅིངས་གྱུར་པ། །

མུན་པའི་འཁོར་གྱིས་བསྐོར་བ་ཡིན། །

འཇིག་རྟེན་ནོར་ལ་ཆགས་པ་དག །

གཞན་རྫས་ལྟ་བུར་ལྟ་བར་བྱེད། །

བདག་གིས་སྐྱེ་དགུ་འདི་ཕྱུང་ཞིང་། །

གཞན་གྱིས་བྱས་སོ་སྙམ་སེམས་པ། །

བདེན་པ་མིན་ལ་བདེན་ལྟ་བས། །

ཅི་ཡང་མཐོང་བར་མི་འགྱུར་རོ། །

དེ་ནི་འགས་ཀྱང་མི་མཐོང་ཞིང་། །

ཟུག་རྔུ་མཐོང་བར་མི་འགྱུར་རོ། །

ཡུལ་སྲེད་གང་ལ་སྐྱེ་བོ་ཆགས་པ་ཡི། །

ཟུག་རྔུ་དེ་དག་སྔོན་ཆད་མཐོང་བ་དག །

དེ་ནི་བདག་གིས་བྱས་སྙམ་མི་འཛིན་ཅིང་། །

དེ་ནི་གཞན་གྱིས་བྱ་སྙམ་མི་འཛིན་ཏོ། །

སྐྱེ་དགུ་འདི་དག་ང་རྒྱལ་ལྡན། །

ང་རྒྱལ་ལ་ཆགས་ང་རྒྱལ་བཅིངས། །

རྩོད་པར་གྱུར་པའི་ལྟ་བ་ཅན། །

འཁོར་བ་ལྡོག་པར་མི་འགྱུར་རོ། །

ཐོབ་པར་གྱུར་པ་གང་ཡིན་དང་། །

ཐོབ་པར་བྱ་བ་གང་ཡིན་པ། །

དེ་དག་གཉིས་ཀ་རྔུལ་གྱིས་ཡོག །

རྗེས་སུ་ནད་པ་སློབ་པར་བྱེད། །

        གང་ཞིག་ཚུལ་ཁྲིམས་དང་། བསླབ་པ་དང་། བརྟུལ་ཞུགས་དང་། ཚངས་པར་སྤྱོད་པ་དང་། དཀའ་ཐུབ་དང་། ཉེ་བར་གནས་པ་སྙིང་པོར་བྱེད་པ་དེ་ནི་མཐའ་གཅིག་གོ། །གང་ཞིག་དེ་ལྟར་ལྟ་ཞིང་འདི་སྐད་ཅེས་འདོད་པ་ནི་གཙང་བའོ། །འདོད་པ་ནི་བསོད་ནམས་ཅན་ནོ། །འདོད་པ་ནི་ལོངས་སྤྱད་པར་བྱ་བའོ། །འདོད་པ་ནི་སྐྱོན་མེད་པ་ཡིན་ནོ་ཞེས་སྨྲ་ཞིང་། དེ་དག་ལྷག་པར་འདོད་པ་རྣམས་སུ་ལྷུང་བར་བྱེད་པའི་བརྟུལ་ཞུགས་ལེན་པ་འདི་འང་མཐའ་གཅིག་གོ། །མཐའ་གཉིས་པོ་འདི་དག་ནི་དུར་ཁྲོད་འཕེལ་བར་བྱེད་པ་སྟེ། འདི་དག་གིས་དུར་ཁྲོད་འཕེལ་བར་བྱས་སོ། །མཐའ་གཉིས་པོ་འདི་དག་མ་མཐོང་བ་ཁ་ཅིག་ཞེན་པར་བྱེད་ཅིང་། ཁ་ཅིག་མངོན་པར་རྒྱུག་པར་བྱེད་ལ། དེ་དག་ལྷག་པར་ཞེན་པར་བྱེད་ཅིང་ལྷག་པར་རྒྱུག་པར་བྱེད་པ་དག་མིག་དང་ལྡན་པས་མཐོང་ངོ༌། །མཐའ་གཉིས་པོ་འདི་དག་མཐོང་བ་ན་ཞེན་པར་མི་བྱེད། རྒྱུག་པར་མི་བྱེད་ལ། དེ་དག་ལྷག་པར་ཞེན་པར་མི་བྱེད་ཅིང་ལྷག་པར་རྒྱུག་པར་མི་བྱེད་པའང་མིག་དང་ལྡན་པས་མཐོང་ངོ༌། །དེ་དག་དེ་ལྟར་མི་བྱེད་ཅིང་དེ་དག་དེ་ལྟར་མི་སེམས་ན། དེ་དག་གི་ལམ་དུ་མི་གདགས་པ། འདི་ལྟ་སྟེ། འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །

ཇི་ལྟར་ཆུ་བུར་མཐོང་བ་དང་། །

ཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར། །

དེ་བཞིན་འཇིག་རྟེན་ལྟ་བྱེད་པ། །

འཆི་བདག་རྒྱལ་པོས་མཐོང་མི་འགྱུར། །

ཇི་ལྟར་ཆུ་བུར་མཐོང་བ་དང་། །

ཇི་ལྟར་སྨིག་རྒྱུ་མཐོང་བ་ལྟར། །

དེ་བཞིན་ལུས་ལ་ལྟ་བྱེད་པ། །

འཆི་བདག་རྒྱལ་པོས་མཐོང་མི་འགྱུར། །

གང་ལ་བྱིས་པ་མངོན་ཆགས་པ། །

དེ་ལ་མཁས་པ་ཆགས་མི་འགྱུར། །

རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར། །

ལུས་འདི་རྟག་ཏུ་བལྟ་བར་གྱིས། །

གང་ལ་བྱིས་པ་རྨོངས་འགྱུར་པ། །

དེ་ལ་མཁས་པ་རྨོངས་མི་འགྱུར། །

རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར། །

ལུས་འདི་རྟག་ཏུ་བལྟ་བར་གྱིས། །

གང་དུ་བྱིས་པ་ཉམས་གྱུར་བ། །

གླང་རྒན་རྫབ་ཏུ་ཆུད་པ་བཞིན། །

རྒྱལ་པོའི་ཤིང་རྟ་བཀྲ་བ་ལྟར། །

ལུས་འདི་རྟག་ཏུ་བལྟ་བར་གྱིས། །

ནད་པ་ལྟ་བུར་འཇིག་ཆོས་ཅན། །

རྨ་བྱུང་བ་དང་འདྲ་བ་སྟེ། །

གང་ཡང་བརྟན་པར་མི་གནས་པ། །

ལུས་འདི་རྟག་ཏུ་བལྟ་བར་གྱིས། །

ནད་པ་འཇིག་པའི་ཆོས་ཅན་ལྟར། །

གང་ཡང་བརྟན་པར་མི་གནས་པར། །

ནོར་བུའི་རྣ་ཆ་གདུབ་འཁོར་གྱིས། །

བརྒྱན་པའི་ལུས་ལ་བལྟ་བར་གྱིས། །

སྐྲ་ནི་ལན་བུ་བརྒྱད་བྱས་ཤིང་། །

མིག་སྨན་གྱིས་ནི་བསྐུས་པའི་མིག །

ཕྱིས་པ་ལྷག་པར་རྨོངས་བྱེད་ཀྱང་། །

ཕ་རོལ་ཚོལ་བར་མི་བྱེད་དོ། །

མིག་སྨན་གྱིས་ནི་གསར་བྲིས་ཤིང་། །

རྣག་ཅན་ལུས་ནི་བརྒྱན་པ་ཡིས། །

བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་། །

ཕ་རོལ་ཚོལ་བར་མི་བྱེད་དོ། །

ལུས་འདི་དྲི་ཞིམ་གྱིས་བསྐུས་ནས། །

རྐང་པ་བཙག་གིས་བྱུགས་པ་དག །

བྱིས་པ་ལྷག་པར་རྨོངས་བྱེད་ཀྱང་། །

ཕ་རོལ་ཚོལ་བར་མི་བྱེད་དོ། །

གང་ཞིག་འདོད་པར་ཀུན་སྦྱོར་འབྲེལ་ཆགས་ཤིང་། །

ཀུན་ཏུ་སྦྱོར་བའི་སྐྱོན་རྣམས་མ་མཐོང་བ། །

འདོད་པར་འབྲེལ་ལ་ཆགས་པའི་མི་དེ་ཡིས། །

ཆུ་བོ་མཐའ་ཡས་ཡངས་པ་རྒལ་མི་འགྱུར། །

ཆགས་བྲལ་མཆོག་དང་ཐ་མ་ཐམས་ཅད་དག །

འདི་ལ་བདག་དང་བདག་གིར་མི་ལྟ་ཞིང་། །

དེ་ལྟར་རྣམ་གྲོལ་སྔོན་ཆད་མ་བརྒལ་བའི། །

ཆུ་བོ་རབ་བརྒལ་ཡང་སྲིད་མེད་པར་འགྱུར། །

གང་ཞིག་ཚལ་སྤངས་ཚལ་མེད་པ། །

ནགས་ཚལ་སྤངས་ནས་ནགས་སུ་རྒྱུག །

གྲོལ་བ་འཆིང་བར་གཅེན་པ་ཡིན། །

གང་ཟག་འདི་ལ་ལྟོས་ཤིག་ཚུར། །

ཤིང་རྟ་མཐུན་པའི་རྩིབས་ལྡན་པ། །

ཡན་ལག་ཡིད་འོང་གོས་དཀར་གཡོགས། །

སྡིག་མེད་འགྲོ་བ་ལ་ལྟོས་ལ། །

ཆིངས་མའི་རྒྱུན་རྣམས་བཅད་པར་གྱིས། །

འཇིགས་པས་སྐྲག་པའི་མི་དག་ནི། །

ཕལ་ཆེར་རི་དང་ནགས་ཚལ་དང་། །

སྐྱེད་མོས་ཚལ་དང་མཆོད་གནས་དང་། །

ལྗོན་ཤིང་རྣམས་ལ་སྐྱབས་སུ་འགྲོ། །

སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །

སྐྱབས་དེ་མཆོག་ཏུ་གྱུར་པ་མིན། །

དེ་ལ་སྐྱབས་སུ་སོང་བ་ཡིས། །

སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར། །

གང་ཞིག་སངས་རྒྱས་ཆོས་དང་ནི། །

དགེ་འདུན་ལ་ནི་སྐྱབས་སོང་ཞིང་། །

སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །

སྡུག་བསྔལ་ཡང་དག་འདས་པ་དང་། །

བདེ་བ་མྱ་ངན་འདས་འགྲོ་བའོ། །

འཕགས་ལམ་ཡན་ལག་བརྒྱད་པ་སྟེ། །

འཕགས་པའི་བདེན་པ་བཞི་པོ་དག །

གང་ཚེ་ཤེས་རབ་ཀྱིས་མཐོང་བ། །

དེ་ནི་སྐྱབས་ཀྱི་མཆོག་ཡིན་ཞིང་། །

དེ་ནི་སྐྱབས་ཀྱི་དམ་པ་ཡིན། །

དེ་ལ་སྐྱབས་སུ་སོང་བ་ཡིས། །

སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །

མཐོང་བས་མཐོང་ཞིང་མཐོང་བས་མ་མཐོང་མཐོང་། །

མ་མཐོང་མི་མཐོང་མཐོང་བྱ་མཐོང་མི་འགྱུར། །

འདྲ་མཐོང་ལྷག་མཐོང་ཐ་དད་དངོས་པོར་བརྗོད། །

ཉིན་མཚན་ནམ་ཡང་ལྷན་ཅིག་མི་གནས་བཞིན། །

འདྲ་བ་མཐོང་བས་མཐོང་མི་འགྱུར། །

གལ་ཏེ་མཐོང་ན་འདྲ་མི་མཐོང་། །

མཐོང་འདིས་འདྲ་བ་མི་མཐོང་སྟེ། །

འདྲ་མཐོང་མི་ཡིས་མཐོང་བ་མེད། །

མི་ཡིས་ཅི་མ་མཐོང་ན་འདྲ་བ་མཐོང་། །

ཅི་ཞིག་མཐོང་ན་འདྲ་བ་མཐོང་མི་འགྱུར། །

ཇི་ལྟར་འདི་ནི་འདྲ་བ་མཐོང་བ་དག །

གང་ཞིག་མེད་ན་འདྲ་བར་མཐོང་དང་བྲལ། །

གང་ཚེ་འདི་ཡིས་སྡུག་བསྔལ་མ་མཐོང་བ། །

དེ་ཡི་ཚེ་ན་བདག་ཏུ་མཐོང་བར་འགྱུར། །

ཇི་ལྟ་ཇི་ལྟར་སྡུག་བསྔལ་རྟོགས་གྱུར་བ། །

དེས་ནི་བདག་འདི་འདྲ་བ་མཐོང་མི་འགྱུར། །

གང་གིས་སོ་སོའི་སྐྱེ་བསྒྲིབས་ན། །

འདུ་བྱེད་སྡུག་བསྔལ་མ་མཐོང་བ།

།དེ་ཕྱིར་འདི་ན་འདྲ་མཐོང་སྟེ། །

དེ་མེད་འདྲ་བ་མི་མཐོང་ངོ༌། །

མཐོང་བའི་ཚོམས་ཏེ་ཉི་ཤུ་རྩ་བདུན་པའོ།། །།

                                                                                                                                                  རྩོམ་སྒྲིག་པ། མང་ར་བ།

            གསལ་འདེབས།

                      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                      དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།