ཆེད་དུ་བརྗོད་པའི་ཚོམས་ལས་མྱ་ངན་ལས་འདས་པའི་ཚོམས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-26 22:00:16     རྩོམ་པ་པོ།   དགྲ་བཅོམ་པ་ཆོས་སྐྱོབས།    ཀློག་ཐེངས།  

002L4qF0gy6MOy4RmYhc9.jpg

རུས་སྦལ་རང་གི་ཁོག་པར་ཡན་ལག་ལྟར། །

དགེ་སློང་ཡིད་ཀྱི་རྣམ་རྟོག་ནང་བསྡུས་ནས། །

རྟེན་པ་མེད་ཅིང་གཞན་ལ་འཚེ་མེད་པར། །

མྱ་ངན་འདས་ལ་སུ་ཡང་སྨོད་མི་བྱེད། །

བཟོད་པ་དཀའ་ཐུབ་མཆོག་སྟེ་བཟོད་པ་ནི། །

མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་། །

རབ་ཏུ་བྱུང་བ་གཞན་ལ་འཚེ་བ་དང་། །

གཞན་ལ་གནོད་པས་དགེ་སྦྱོང་མ་ཡིན་ནོ། །

ཚིག་རྩུབ་ཅི་ཡང་སྨྲ་མི་བྱ། །

སྨྲས་ན་སླར་ཡང་སྨྲ་བར་བྱེད། །

འཐབ་གཅུགས་ཚིག་གིས་སྡུག་བསྔལ་ཞིང་། །

དེ་ལ་ཕྱིར་ཡང་ཆད་པས་གཅོད། །

གལ་ཏེ་བདག་གིས་ཕར་བྱས་ན། །

འཁར་བའི་སྣོད་ལ་བརྡུངས་པ་བཞིན། །

འཁོར་བར་སྐྱེ་དང་རྒ་བ་དག །

ཡུན་རིང་ཉམས་སུ་མྱོང་བར་འགྱུར། །

བདག་གིས་ཕར་ནི་མ་བྱས་དང་། །

འཁར་བའི་སྣོད་ལ་མ་བརྡུངས་ལྟར། །

འདི་ལྟར་འཐབ་མོ་མི་འགྱུར་ཞིང་། །

མྱ་ངན་འདས་པ་ཐོབ་པར་འགྱུར། །

ནད་མེད་རྙེད་པའི་དམ་པ་སྟེ། །

ཆོག་ཤེས་པ་ནི་ནོར་གྱི་དབྱིག །

ཡིད་གཅུགས་ཤེས་པའི་མཆོག་ཡིན་ཏེ། །

མྱ་ངན་འདས་པ་བདེ་བའི་ཕུལ། །

འདུ་བྱེད་སྡུག་བསྔལ་མ་རུངས་པ། །

ནད་ཀྱི་ནང་ན་བཀྲེས་མི་བཟད། །

དེ་ལྟར་ཇི་བཞིན་ཤེས་ན་ནི། །

མྱ་ངན་འདས་པ་མཆོག་ཏུ་འགྱུར། །

བདེ་འགྲོར་འགྲོ་བ་ཉུང་ཟད་དེ། །

ངན་འགྲོར་འགྲོ་བ་བསམས་ཡས་ཤིག །

དེ་ལྟའི་ཉེས་དམིགས་རྟོགས་གྱུར་ན། །

མྱུར་དུ་མྱ་ངན་འདས་པ་འཐོབ། །

བདེ་འགྲོར་འགྲོ་བ་རྒྱུ་དང་བཅས། །

ངན་འགྲོར་འགྲོ་བ་རྒྱུ་དང་ལྡན། །

མྱ་ངན་འདས་འགྲོ་རྒྱུ་ཅན་ཏེ། །

དེ་དག་ཐམས་ཅད་རྒྱུ་དང་བཅས། །

ནགས་ཚལ་མཆོག་ཏུ་རི་དྭགས་འགྲོ། །

མཁའ་ལ་བྱ་རྣམས་འགྲོ་བར་བྱེད། །

ཆོས་ལ་རྣམ་པར་བསྒོམས་འགྲོ་སྟེ། །

དགྲ་བཅོམ་མྱ་ངན་འདས་པར་འགྲོ། །

འདི་ན་བརྩོན་འགྲུས་ཞན་པ་དང་། །

བློ་ཆུང་ཤེས་པ་མེད་པ་ཡིས། །

མདུད་པ་ཐམས་ཅད་རབ་གཏུབས་པའི། །

མྱ་ངན་འདས་པ་ཐོབ་མི་འགྱུར། །

ཁྱོད་ཀྱིས་གྲུ་འདིའི་ཆུ་ཕྱགས་དང་། །

འདི་ནི་ཡང་བར་འགྱུར་བ་ལྟར། །

དེ་བཞིན་ཞེ་སྡང་འདོད་ཆགས་སྤོངས། །

དེ་ནས་མྱ་ངན་འདས་པ་འཐོབ། །

སྔོན་ཆད་བྱུང་པ་མི་འབྱུང་ཞིང་། །

མ་བྱུང་བ་དག་འབྱུང་བར་འགྱུར། །

མ་བྱུང་འབྱུང་བར་མི་འགྱུར་ལ། །

ད་ལྟར་བྱུང་བའང་ཡོད་མ་ཡིན། །

བལྟ་དཀའ་མཐའ་མེད་བདེར་མི་མཐོང་། །

བདེན་པ་རབ་རྟོགས་ཤེས་པ་དང་། །

སྲེད་དང་དགའ་བ་མེད་མཐོང་བ། །

འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །

སྲིད་པ་རྣམས་ནི་བཅད་པ་དང་། །

འདོད་ཆགས་རབ་ཏུ་སྤངས་པ་དང་། །

མཚོ་བསྐམས་ནས་ནི་མི་འབབ་པ། །

འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །

ལུས་ཞིག་ཚོར་བ་བསིལ་བར་གྱུར། །

འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །

རྣམ་པར་ཤེས་པ་ནུབ་གྱུར་པ། །

འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །

ལྟ་བས་མཐོང་བར་གྱུར་ཙམ་དང་། །

ཉན་པས་ཐོས་པར་གྱུར་པ་ཙམ། །

རྟོགས་པར་བྱེད་པས་རྟོགས་ཙམ་དང་། །

རྣམ་པར་ཤེས་པས་རྣམ་ཤེས་ཙམ། །

འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །

འདི་དང་མ་དང་གདུངས་རབ་གདུངས། །

འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །

མ་རེ་མ་དགའ་རབ་ཞི་དང་། །

ཀུན་ཏུ་འདོད་ཆགས་བྲལ་འགྱུར་བ། །

འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །

       རྟེན་པ་ཡོད་པས་སྤྱོད་པར་འགྱུར་རོ། །སྤྱོད་པ་ཡོད་པས་གཞོལ་བར་འགྱུར་རོ། །གཞོལ་བ་ཡོད་པས་ཤིན་ཏུ་མ་སྦྱངས་པར་འགྱུར་རོ། །ཤིན་ཏུ་མ་སྦྱངས་པ་ཡོད་པས་འགྲོ་བ་དང་། འོང་བར་འགྱུར་རོ། །འགྲོ་བ་དང་། འོང་བ་ཡོད་པས་གཞན་དུ་ཤི་འཕོ་ལེན་པར་འགྱུར་རོ། །གཞན་དུ་ཤི་འཕོ་བླངས་པས་འདི་ལྟར་གཞན་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་འབྱུང་ཞིང་འདི་ལྟ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་བོ་འདི་འབྱུང་བར་འགྱུར་རོ། །རྟེན་པ་མེད་པས་སྤྱོད་པ་མེད་པར་འགྱུར་རོ། །སྤྱོད་པ་མེད་པས་གཞོལ་བར་མི་འགྱུར་རོ། །གཞོལ་བར་མ་གྱུར་པས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ཤིན་ཏུ་སྦྱངས་པས་འགྲོ་བ་དང་། འོང་བར་མི་འགྱུར་རོ། །འགྲོ་བ་དང་། འོང་བ་མེད་པས་གཞན་དུ་འཆི་འཕོ་ལེན་པ་མེད་པར་འགྱུར་རོ། །གཞན་དུ་འཆི་འཕོ་ལེན་པ་མེད་པས་འདི་ལྟར་གཞན་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཞིང་། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་ཕོ་འདི་འགག་པར་འགྱུར་རོ། །དགེ་སློང་དག །མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་པ་དང་། མི་འབྱུང་བ་ཡོད་དོ། །སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། སེམས་པས་བྱས་པ་དང་། འདུས་བྱས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡོད་དོ། །དགེ་སློང་དག །གལ་ཏེ་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་པ་དང་། མི་འབྱུང་བ་མེད་དུ་ཟིན་ནོ། །སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། འདུས་བྱས་དང་། སེམས་པས་བྱས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ངེས་པར་འབྱུང་བ་ཡོད་དོ་ཞེས་ང་མི་སྨྲའོ། །དགེ་སློང་དག །གང་གི་ཕྱིར་འདི་ན་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བཅོས་པ་དང་། འདུས་མ་བྱས་པ་དང་། མི་འབྱུང་བ་ཡོད་པ་དེའི་ཕྱིར། སྐྱེ་བ་དང་། འབྱུང་བ་དང་། བཅོས་མ་དང་། འདུས་བྱས་དང་། །སེམས་པས་བྱས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ངེས་པར་འབྱུང་བ་ཡོད་དོ་ཞེས་ང་སྨྲའོ། །

སྐྱེས་དང་བྱུང་དང་འབྱུང་བ་དང་། །

བཅོས་དང་འདུས་བྱས་མི་བརྟེན་ཞིང་། །

རྒ་དང་འཆི་དང་རྨོངས་པ་ཡི། །

ཆོས་ཅན་རབ་ཏུ་འཇིག་འགྱུར་བ། །

ཟས་ཀྱི་རྒྱུད་ལས་བྱུང་བ་ཡི། །

འཇིག་འགྱུར་འདི་ལ་དགའ་མི་བྱ། །

དེ་ཡི་ངེས་པར་འབྱུང་བའི་གཞི། །

རྟོག་དང་དཔྱོད་དང་ཞི་བ་དང་། །

སྡུག་བསྔལ་ཆོས་རྣམས་འགགས་པ་སྟེ། །

འདུ་བྱེད་ཉེ་བར་ཞི་བ་བདེ། །

        དགེ་སློང་དག །དེ་ནི་གང་དུའང་གནས་པར་མི་འགྱུར་ཏེ། ས་ལ་གནས་པར་མི་འགྱུར། ཆུ་ལ་མ་ཡིན། མེ་ལ་མ་ཡིན། །རླུང་ལ་མ་ཡིན། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་མ་ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མ་ཡིན། །ཅིའང་མེད་པའི་སྐྱེ་མཆེད་ལ་མ་ཡིན། འདུ་ཤེས་ཡོད་མིན་མེད་མིན་སྐྱེ་མཆེད་ལ་མ་ཡིན། འཇིག་རྟེན་འདི་ལ་མ་ཡིན། འཇིག་རྟེན་ཕ་རོལ་ལ་མ་ཡིན། ཉི་མ་དང་། ཟླ་བ་གཉིས་ལ་གནས་པ་མ་ཡིན་ཏེ། འདི་ལ་དམིགས་པ་མེད་པར་ངས་མངོན་པར་ཤེས་སོ། །དགེ་སློང་དག །དེ་ལ་འགྲོ་བ་དང་། འོང་བ་ཡོད་པར་ང་མི་སྨྲ་སྟེ། གནས་པར་མ་ཡིན་ནོ། །འཆི་འཕོ་ཡོད་པར་ང་མི་སྨྲ་སྟེ། སྐྱེ་བར་མ་ཡིན། འདི་ལྟ་བུ་འདི་ནི་སྡུག་བསྔལ་གྱི་མཐའ་ཡིན་ནོ། །

ས་དང་ཆུ་དང་མེ་དང་རླུང་། །

གང་ལའང་གནས་པ་མ་ཡིན་པ། །

དེ་ལ་དཀར་པོས་གསལ་མི་བྱེད། །

དེ་ལ་མུན་པའང་ཡོད་མ་ཡིན། །

དེ་ལ་ཟླ་བས་སྣང་མི་བྱེད། །

དེ་ལ་ཉི་མས་མངོན་མི་བྱེད། །

ཐུབ་པ་བྲམ་ཟེ་གང་ཡིན་པ། །

དེས་ནི་རང་གིས་རིག་པ་ཡིན། །

དེ་ནི་གཟུགས་དང་གཟུགས་མེད་དང་། །

སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །

མཐར་ཕྱིན་འཇིགས་པ་མེད་པ་སྟེ། །

རློམ་མེད་འགྱོད་པ་མེད་པ་ཡིན། །

སྲིད་པའི་ཟུག་རྔུ་གཏུགས་པ་སྟེ། །

ལུས་ཀྱི་ཐ་མར་གྱུར་པ་ཡིན། །

འདི་ནི་མཐར་ཕྱིན་རྣམས་ཀྱི་མཆོག །

ཞི་བའི་གོ་འཕང་བླ་མེད་པ། །

མཚན་མ་ཐམས་ཅད་ཟད་པ་སྟེ། །

བྱང་གྲོལ་གོ་འཕང་འཆི་མེད་ཡིན། །

མཚུངས་དང་མི་མཚུངས་འབྱུང་བ་ཡི། །

འདུ་བྱེད་ཐུབ་པས་རབ་ཏུ་སྤངས། །

ནང་དུ་མཉམ་གཞག་དགའ་བ་ཡིས། །

སྒོ་ངའི་སྤུབས་ནི་དྲལ་ནས་བྱུང་། །

སྦྱིན་ཀུན་ཆོས་ཀྱི་སྦྱིན་པས་ཐུབ། །

དགའ་ཀུན་ཆོས་ཀྱི་དགའ་བས་ཐུབ། །

སྟོབས་ཀུན་བཟོད་པའི་སྟོབས་ཀྱིས་ཐུབ། །

བདེ་ཀུན་སྲེད་པ་ཟད་པས་ཐུབ། །

མྱ་ངན་ལས་འདས་པའི་ཚོམས་ཏེ་ཉི་ཤུ་རྩ་དྲུག་པའོ།། །།

                                                                                                                                                        རྩོམ་སྒྲིག་པ། མང་ར་བ།

              གསལ་འདེབས།

                       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                        དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།