ཀུན་ཏུ་རྒྱུས་ཚུལ་ཁྲིམས་བསྲུངས་པའི་ལེའུ།

ཡོང་ཁུངས།   མདོ་མཛངས་བླུན།     སྤེལ་དུས།  2015-12-07 21:04:51         ཀློག་ཐེངས།  

        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ནམ་གྱི་ཆ་སྟོད་ན་ལྷ་གཉིས་ཤིག་སངས་རྒྱས་གང་ན་བ་དེར་འོངས་སོ། །ལྷ་དེའི་ལུས་ཀྱི་འོད་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གསེར་གྱི་མདོག་ལྟར་གཅིག་ཏུ་སྣང་བར་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་སུ་དམ་པའི་ཆོས་བསྟན་པས་སེམས་རྣམ་པར་གྲོལ་ཏེ་གཉི་གས་བྱང་ཆུབ་ཀྱི་འབྲས་བུ་ཐོབ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱིར་ཡང་ལྷའི་གནས་སུ་དོང་ངོ༌། །ཕྱི་དེ་ཉིན་ནམ་ལངས་མ་ཐག་ཏུ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མདང་ལྷ་གཉིས་ཤིག་མཆིས་ཏེ་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིས་ནས་དེའི་ལུས་ཀྱི་འོད་ཀྱིས་ཀུན་ཏུ་སྣང་ཞིང་མཛེས་པར་བགྱིས་པ་འདི་སྔོན་ལས་ཅི་ཞིག་བགྱིས་པས། དེ་ལྟ་བུའི་འབྲས་བུ་ཐོབ་པར་གྱུར་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་སངས་རྒྱས་འོད་སྲུང་མྱ་ངན་ལས་འདས་ནས་དམ་པའི་ཆོས་འཇིག་ཏུ་ཉེ་བ་ན་བྲམ་ཟེ་གཉིས་ཤིག་ཉིན་ཞག་གཅིག་པའི་ཚུལ་ཁྲིམས་བརྒྱད་མནོས་ཏེ། དེ་ལ་གཅིག་གིས་ནི། ལྷར་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །གཅིག་གིས་ནི། རྒྱལ་པོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་ཕྱིར་ཁྱིམ་དུ་འོང་ངོ༌། །དེ་ལ་གཅིག་ཁྱིམ་དུ་འོངས་ནས་ཆུང་མས་ཟན་ལ་བོས་ན། ཁྱོད་འདི་སྐད་ཅེས་སྨྲས་སོ། །བདག་སངས་རྒྱས་ཀྱི་ཆོས་ལས་ཕྱི་དྲོ་ཁ་ཟས་མི་ཟ་བའི་ཁྲིམས་མནོས་ཀྱི། མི་འདོད་དོ། །ཞེས་སྨྲས་པ་དང༌། ཆུང་མས་སྨྲས་པ། ཁྱོད་ནི། ཀུན་ཏུ་རྒྱུ་ཡིན་ཏེ། བདག་ཅག་གི་ཆོས་ཀྱི་ཚུལ་ཁྲིམས་ཡོད་ན། ཅིའི་ཕྱིར་སྟོན་པ་གཞན་གྱི་ཚུལ་ཁྲིམས་ནོད། གལ་ཏེ་བདག་དང་ལྷན་ཅིག་ཟན་མི་ཟ་ན། ཁྱོད་ཇི་སྐད་སྨྲས་པ་བཞིན་དུ་ཀུན་ཏུ་རྒྱུ་གཞན་དག་ལ་བསྙད་དེ།ཁྱོད་དང་ལྷན་ཅིག་ཏུ་འདུ་ཞིང་གཏམ་ཟེར་དུ་མི་གནང་བར་སྐྲོད་དུ་གཞུག་གོ །དེ་སྐད་ཅེས་སྨྲས་པ་དང༌། ཁྱོས་མ་བཟོད་དེ་སྔངས་སྐྲག་ནས་ཆུང་མ་དང་ལྷན་ཅིག་ཏུ་དུས་མ་ཡིན་པར་ཟན་ཟོས་སོ། །མི་དེ་གཉིས་ཚེའི་དབང་ཐང་ཇི་ཙམ་ཐུབ་པ་བཞིན་དུ་སོ་སོ་ནས་ཚེའི་དུས་བྱས་ནས་རྒྱལ་པོར་སྨོན་པ་དེ་ནི། ཚུལ་ཁྲིམས་བསྲུངས་པས་རྒྱལ་པོའི་རིགས་སུ་སྐྱེས་སོ། །ལྷར་སྐྱེ་བར་སྨོན་པ་དེ་ནི། ཚུལ་ཁྲིམས་ཉམས་པས་ཀླུ་ཞིག་ཏུ་སྐྱེས་སོ། །དེའི་ཚེ་ན་རྒྱལ་པོའི་བཟའ་ཤིང་ག་ར་བ་སྲུང་བ་ཞིག་ཉིན་གཅིག་བཞིན་དུ་ཤིང་ཏོག་རྣམ་པ་སྣ་ཚོགས་སྐྱེལ་བ་ལས། ཕྱིས་དུས་གཞན་ཞིག་ན་ཆུ་མིག་ཅིག་གི་ནང་ནས་ཀུ་ཤུ་ཁ་དོག་དད་དྲི་བསུང་དང་ལྡན་པ་ཞིག་རྙེད་ནས་འདི་སྙམ་དུ་བསམས་སོ། །བདག་ཤིང་ཏོག་སྐྱེལ་ཞིང་ཕན་ཚུན་འགྲོ་བའི་ཚེ་རྟག་ཏུ་སྒོ་བས་བཀག་སྟེ་ལེགས་པར་འགྲོར་མི་སྟེར་གྱི། ཀུ་ཤུ་འདི་སྒོ་བ་དེ་ལ་སྦྱིན་ནོ་སྙམ་དུ་བསམས་ནས་རྒྱལ་པོའི་ཆབ་སྒོ་བ་ལ་བྱིན་ནོ། །ཆབ་སྒོ་བ་དེས་ཀྱང་ཤིང་ཏོག་བླངས་ནས་འདི་སྙམ་དུ་བསམས་སོ། །ཞུ་ཞིང་གསོལ་བ་ལ་འགྲོ་བའི་ཚེ་རྟག་ཏུ་ཉུག་རུམ་གྱིས་བཀག་ནས་ཉམ་བག་ཏུ་འགྲོར་མེད་ཀྱི། ཀུ་ཤུ་འདི་ནི། ཉུག་རུམ་དེ་ལ་སྦྱིན་ནོ་སྙམ་དུ་བསམས་ནས་ཉུག་རུམ་ལ་བྱིན་ནོ། །ཉུག་རུམ་གྱིས་ཀྱང་བླངས་ནས་བཙུན་མོ་ལ་ཕུལ་ལོ། །བཙུན་མོས་ཐོབ་ནས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་ཀུ་ཤུ་དེ་ཟོས་ན་རབ་ཏུ་མངར་ཞིང་ལྷག་པར་དྲི་བསུང་དང་ལྡན་པ་ཞིག་ནས་བཙུན་མོ་ལ་ཀུ་ཤུ་འདི་ག་ལས་རྙེད་ཅེས་དྲིས་ན། བཙུན་མོས་ཀྱང་ཇི་ལྟར་རྙེད་པའི་གཏམ་ཞིབ་ཏུ་བྱས་ནས་གཅིག་ནས་གཅིག་ཏུ་ཐུག་སྟེ་ཐ་མ་ར་བ་སྲུང་བ་ལ་ཐུག་ནས་རྒྱལ་པོས་ར་བ་སྲུང་བ་བཀུག་སྟེ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངའི་བཟའ་ཤིང་གི་ར་བ་ན་ཤིང་ཏོག་འདི་ལྟ་བུ་ཡོད་ན། ཅིའི་ཕྱིར་ང་ལ་མི་འབུལ་བར་གཞན་དག་ལ་སྦྱིན་ཞེས་བཀའ་སྩལ་པ་དང༌། ར་བ་སྲུང་བ་དེས་ཐོག་མ་ཇི་ལྟར་རྙེད་པ་ཞིབ་ཏུ་གསོལ་ཏོ། །དེ་ནས་རྒྱལ་པོས་ར་བ་སྲུང་བ་དེ་ལ་ད་ཕྱིན་ཆད་ཀུ་ཤུ་འདི་ལྟ་བུ་རྟག་ཏུ་ཕུལ་ཅིག་ཅེས་བཀའ་སྩལ་པ་དང༌། ར་བ་སྲུང་བ་དེས་འདི་སྐད་ཅེས་གསོལ་ཏོ། །ཀུ་ཤུ་འདི་ནི། འབྲས་བུ་ལས་སྐྱེས་པ་མ་ལགས་ཏེ། ཆབ་མིག་ཅིག་གི་ནང་ནས་རྙེད་པས་སླན་ཆད་ནི། བདག་གིས་མི་རྙེད་དེ། མི་འབྱོར་ཏོ། །ཞེས་གསོལ་བ་དང༌། དེ་ལ་རྒྱལ་པོས་ཡང་ཁྱོད་ཀྱིས་ཕྱིན་ཆད་མི་རྙེད་ན། ཁྱོད་ཀྱིས་ལུས་དུམ་བུར་གཅད་དོ། །ཞེས་བཀའ་སྩལ་པ་དང༌། ར་བ་སྲུང་བ་དེ་ཕྱིར་གནས་སུ་སོང་ནས་མྱ་ངན་བྱེད་ཅིང་དུས་པ་དང༌། དུས་པའི་སྒྲ་ཆེན་པོ་ཀླུ་ཞིག་གིས་ཐོས་ནས་ཀླུ་དེ་མི་ཞིག་ཏུ་སྤྲུལ་ནས་དེ་ལ་འདི་སྐད་དུ་ཁྱོད་ཅི་ཕྱིར་མི་དགའ་ཞིང་དུ་ཞེས་དྲིས་སོ། །ར་བ་སྲུང་བ་དེས་ཇི་ལྟར་གྱུར་པའི་གཏམ་ཀླུ་ལ་ཞིབ་ཏུ་སྨྲས་པ་དང༌། ཀླུ་དེ་མི་སྣང་བར་གྱུར་ནས་རིང་པོ་མ་ལོན་པར་གསེར་གྱི་གཞོང་པ་ཞིག་གི་ནང་ཤིང་ཏོག་བཟང་པོས་བཀང་སྟེ་མི་དེ་ལ་བྱིན་ནས་ཁྱོད་ཀྱིས་ཤིང་ཏོག་འདི་ཁྱེར་ལ་རྒྱལ་པོ་ལ་ཕུལ་ལ་འཕྲིན་དུ་ཡང་འདི་སྐད་ཅེས་གྱིས་ཤིག །རྒྱལ་པོ་དང་བདག་ཏུ་བཤེས་ཏེ། སྔོན་ཚེ་སྔ་མ་ལ་གཉི་ག་ཀུན་ཏུ་རྒྱུ་ཡིན་པ་ལས། ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་མནོས་ཏེ་སོ་སོར་སྨོན་ལམ་བཏབ་པ་ལས། རྒྱལ་པོ་ནི། ཚུལ་ཁྲིམས་བསྲུངས་པས་རྒྱལ་པོར་གྱུར་ཏོ། །བདག་ནི། ཚུལ་ཁྲིམས་ཉམས་པས་ཀླུར་སྐྱེས་ཀྱི། ད་ཡང་ཚུལ་ཁྲིམས་སྲུང་ཞིང་ལུས་འདི་ལས་ཐར་བར་དགའོ། །ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་ཆོ་ག་བདག་ལ་སྩལ་དུ་གསོལ། ཅི་སྟེ་མ་གནང་ན་རྒྱལ་པོའི་ཡུལ་ཡང་རྒྱ་མཚོར་བསྒྱུར་རོ། །ཞེས་འཕྲིན་སྤྲིང་ངོ༌། །ར་བ་སྲུང་བ་དེས་ཤིང་ཏོག་ཁྱེར་ཏེ་རྒྱལ་པོ་ལ་ཕུལ་ནས་ཀླུས་སྤྲིངས་པའི་འཕྲིན་ཡང་རྫོགས་པར་བསྙད་པ་དང༌། རྒྱལ་པོ་དེ་མི་དགའ་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་འཇིག་རྟེན་ན་སངས་རྒྱས་ཀྱང་མི་བཞུགས། དམ་ཆོས་ཀྱང་ནུབ་ནས་ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་དཔེ་ཡང་མི་རྙེད་དོ། །དོན་དེ་མ་བསྒྲུབས་ན་ནི། གནོད་པ་མངོན་དུ་བྱེད་ཀྱིས་དོགས་པས་རྟོག་པ་ལ་ཞུགས་ཏེ་མི་དགའ་བར་སེམས་ཤིང་འདུག་འདུག་པ་ལས་རྒྱལ་པོ་དེས་བློན་པོ་མཆོག་ཅིག་ཡོད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུ་ཞིག་ང་ལ་ཁྲིམས་བརྒྱད་ཀྱི་དཔེ་ཞིག་སློང་གི །མི་རྙེད་དུ་མི་གནང་ངོ༌། །ཞེས་བཀའ་སྩལ་ན། བློན་པོས་གསོལ་པ། འཇིག་རྟེན་ན་ཆོས་མ་མཆིས་པར་བདག་གིས་ག་ལས་རྙེད་ཅེས་གསོལ་པ་དང༌། རྒྱལ་པོས་བློན་པོ་དེ་ལ་ཁྱོད་ཀྱིས་མ་རྙེད་ན། གསད་དོ། །ཞེས་བཀའ་སྩལ་ཏོ། །བློན་པོ་དེ་ཤིན་ཏུ་མི་དགའ་བཞིན་དུ་སོང་ནས་ཁྱིམ་དུ་ཕྱིན་པ་དང༌། བློན་པོ་དེ་ལ་ཕ་རྒན་པོ་རྒས་ཤིང་འཁོགས་པ་ཞིག་ཡོད་དེ། ཕས་བལྟས་ན་བདག་གི་བུ་འདི་སྔོན་ཆད་ནི། འཛུམ་མུལ་ཏེ་མདངས་དང་བཅས་པས་གཏམ་ཟེར་ན། དེང་ཅིའི་ཕྱིར་བདག་གི་བུ་འདི་སྔོན་ཆད་དང་མི་འདྲ་བར་ངོ་འཛུམ་གནག་སྟེ་གཏམ་ཟེར་ཞེས་བྱས་པ་དང༌། དེས་ཇི་ལྟར་གྱུར་པ་ཕ་ལ་ཞིབ་ཏུ་གཏམ་བྱས་པ་དང༌། དེའི་ཕས་སྨྲས་པ། བདག་ཅག་གི་ཁྱིམ་ན་ཀ་བ་ཞིག་ལ་རྟག་ཏུ་འོད་འབྱུང་སྟེ། དེའི་ནང་ན་ཅི་ཡོད་ལྟོས་ཤིག་ཅེས་བསྒོ་བ་དང༌། ཀ་བ་བྱུང་སྟེ་གཤགས་ན། དེའི་ནང་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་མདོ་དང༌། ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་དཔེ་བྱུང་ནས་བློན་པོ་དེས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་ཐོབ་ནས་རབ་ཏུ་དགའ་མགུ་རངས་ཏེ་ཁྲིམས་བརྒྱད་ཀྱི་དཔེ་གསེར་གྱི་སྒྲོམ་བུར་བཅུག་སྟེ་ཀླུ་ལ་བསྐུར་ཏོ། །ཀླུ་དེས་ཐོས་ནས་ཤིན་ཏུ་དགའ་བས་རྒྱལ་པོ་ཆེན་པོ་དེ་ལ་རིན་པོ་ཆེ་ཡང་མང་དུ་ཕུལ་ལོ། །ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་བསྲུངས་ནས་གཞན་དག་ཀྱང་སྲུང་བར་བསྐུལ་ཏེ། དེ་ནས་ཚེ་འཕོས་ནས་ལྷར་སྐྱེས་སོ། །རྒྱལ་པོ་དེ་ཡང་ཆོས་བཞིན་དུ་ཚུལ་ཁྲིམས་བསྲུངས་པས་ཚེའི་དུས་བྱས་ནས་གནས་ལྷན་ཅིག་ཏུ་ལྷར་སྐྱེས་ཏེ། མདང་ནམ་གྱི་ཆ་སྟོད་ལ་ངའི་སྤྱན་སྔར་འོངས་ཏེ་ཅི་རིགས་པར་ཆོས་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་ངན་སོང་གསུམ་དང་ཡོངས་སུ་བྲལ་ཏེ་ལྷ་དང་མིའི་ལོངས་སྤྱོད་མྱོང་ཞིང་མཐར་མྱ་ངན་ལས་འདའ་བའི་བར་དུ་ཐོབ་པར་གྱུར་ཏེ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་འཁོར་མང་པོ་ཐམས་ཅད་ཡི་རང་ནས་མངོན་པར་དགའོ། །ཀུན་ཏུ་རྒྱུས་ཚུལ་ཁྲིམས་བསྲུངས་པའི་ལེའུ་སྟེ་གསུམ་པའོ།། །།
 

 

བརྒྱུད་འགོད།