དཔེ་སྣ་ཚོགས་བསྟན་པའི་ལེའུ།

ཡོང་ཁུངས།   མདོ་མཛངས་བླུན།     སྤེལ་དུས།  2015-12-07 21:03:39         ཀློག་ཐེངས།  

         འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷའི་དཀྱིལ་འཁོར་རྣམ་པར་རྒྱལ་བ་ན་བཞུགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན་འདི་སྙམ་དུ་དགོངས་པར་གྱུར་ཏོ། །སེམས་ཅན་འདི་དག་ནི། ཡུན་རིང་པོ་ནས་ཕྱིན་ཅི་ལོག་གིས་ཡོངས་སུ་བསླད་དེ། བསྟན་ཅིང་བཅོས་སུ་ཡང་ཤིན་ཏུ་དཀའ་བས་ཇི་སྲིད་དུ་འཇིག་རྟེན་ན་བཞུགས་ཀྱང་ཕན་པའི་དོན་མེད་ཀྱི། དེས་ན་ལྷག་མ་མ་ལུས་པའི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་དགོངས་མ་ཐག་ཏུ་དེའི་ཚེ་ན་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་ཤིང་རྟོགས་ནས་ནམ་མཁའ་ལས་བབས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས་ཕྱིན་པ་དང་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ཞིང་བསྐུལ་བ་དང༌། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ལྷ་དག །སེམས་ཅན་འདི་དག་ནི། ཉེས་པའི་དྲི་མས་ཡོངས་སུ་གླགས་ཏེ་འཇིག་རྟེན་གྱི་བདེ་བ་ལ་ཆགས་ནས་ཤེས་རབ་དང་ལྡན་པའི་སེམས་མེད་པས། ཇི་སྲིད་དུ་འཇིག་རྟེན་ན་བཞུགས་ཀྱང་བྱ་བ་དོན་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་ན་བདེའོ་སྙམ་དུ་དགོངས་སོ། །དེ་ནས་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྒྱ་མཚོ་ཡོངས་སུ་གང་བ། ཆོས་ཀྱི་རྒྱལ་མཚན་བཙུགས་པ། བསྟན་ཅིང་གདུལ་བའི་དུས་ལ་ཡང་བབ། སེམས་ཅན་འདི་དག་ལས་གྲོལ་བར་འགྱུར་བ་ཡང་ཤིན་ཏུ་མང་ན། ཅིའི་སླད་དུ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་དགོངས་ཏེ་ཤིན་ཏུ་མདོངས་པར་གྱུར་པ་འདི་དག་གི་མགོན་དང་སྐྱབས་མི་མཛད། བཅོམ་ལྡན་འདས་ནི། སྔོན་བསྐལ་པ་གྲངས་མ་མཆིས་པ་འདས་པའི་ཕ་རོལ་ན་སེམས་ཅན་གྱི་དོན་དུ་ཐོས་པ་ཚོལ་ཞིང་ཚོལ་བ་ན་ཆུང་དུ་ན་ཚིགས་སུ་བཅད་པ་གཅིག་ཙམ་གྱི་སླད་དུ་ཡང་བདག་གི་ལུས་དང༌། ཆུང་མ་དང༌། བུ་དང༌། བུ་མོ་དང༌། ནོར་དང༌། ཕངས་པར་བྱ་བའི་དངོས་པོ་ཐམས་ཅད་བཏང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ན་དེ་ཅིའི་སླད་དུ་མགོན་མ་མཆིས་པ་འདི་དག་ཡོངས་སུ་གཏང་བར་དགོངས། སྔོན་འདས་པའི་དུས་ཡུན་རིང་པོ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ཁ་དོག་དམ་པ་ཞེས་བགྱི་བ། འཇིག་རྟེན་འདི་ལ་དབང་སྒྱུར་བ་ཞིག་བྱུང་སྟེ། རྒྱལ་པོ་དེ་ལ་རྒྱལ་ཕྲན་ནི། བརྒྱད་ཁྲི་བཞི་སྟོང་མངའ། ལྗོངས་ཆེན་པོ་སྟོང་ཕྲག་དྲུག་ཅུའི་ནང་ན་གྲོང་ཁྱེར་ཡང་ཁྲི་ཕྲག་བརྒྱད་ཅུ་མངའ་སྟེ། རྒྱལ་པོ་དེ་ལ་བཙུན་མོ་ནི།སྟོང་ཕྲག་ཉི་ཤུ། བློན་པོ་ཆེན་པོ་ནི། སྟོང་ཕྲག་བཅུ་སྙེད་མངའོ། །རྒྱལ་པོ། བདོག་དམ་པ་དེའི་གཟི་བརྗིད་དང༌། མཐུ་དཔེ་མ་མཆིས་པར་ཆེ་སྟེ། འབྱོར་པ་དང༌། བདེ་བ་དང༌། ལོ་ལེགས་པ་དང་། མི་ལ་སོགས་པ་སྐྱེ་བོ་མང་ཞིང་རབ་ཏུ་མང་བ་དང་ལྡན་པ་དེས་འདི་སྙམ་དུ་བསམ་སྟེ། བདག་གིས་ནི། རིན་པོ་ཆེ་དང༌། ལོངས་སྤྱོད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་བཏགས་ཀྱི། དམ་པའི་ཆོས་ཀྱིས་ཕྲན་འདོགས་པར་མ་གྱུར་ཏེ། འདི་དག་ནི། བདག་གི་སྐྱོན་དུ་འགྱུར་གྱི། དམ་པའི་ཆོས་གང་ན་མཆིས་པ་བཙལ་ཏེ་ཐམས་ཅད་དགྲོལ་བར་བྱའོ་སྙམ་དུ་བསམ་ནས་འདི་སྐད་ཅེས་བཀར་བཏགས་སོ། །འཛམ་བུའི་གླིང་འདི་ན་སུ་ལ་དམ་པའི་ཆོས་ཡོད་པ་དེ་བདག་ལ་སྟོན་པར་གྱུར་ན། དེ་ཡིད་དང་མི་འགལ་བར་ཅི་དང་ཅི་འདོད་པ་སྦྱིན་ནོ། །ཞེས་བསྒྲགས་ཀྱང་སྟོན་ནུས་པ་མ་བྱུང་ངོ༌། །དེའི་ཚེ་ན་རྒྱལ་པོ་དེ་མྱ་ངན་གྱིས་ཡིད་གདུངས་ཏེ་མི་དགའ་བར་གྱུར་པ་ངལ་བསོ་པོས་ཐོས་ནས་སད་པའི་སླད་དུ་བདག་གི་ལུས་གནོད་སྦྱིན་ཞིག་ཏུ་སྤྲུལ་ནས་དེའི་མདོག་ཤིན་ཏུ་སྔོ་བ། ནག་པ། མིག་ཁྲག་ལྟར་དམར་བ། མཆེ་བ་གྱེན་དུ་བྱུང་བ། སྐྲ་གྱེན་དུ་བསྒྲེང་པ། ཁ་ནས་མེ་འབར་བ་ཕོ་བྲང་གི་སྒོར་མཆིས་ནས་སུ་ཞིག་ཆོས་ཐོས་པར་འདོད་པ་ང་ལས་ཉོན་ཅིག་ཅེས་སྨྲས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཤིན་ཏུ་དགའ་མགུ་སྟེ་གནོད་སྦྱིན་དེ་བསུ་ནས་མགོ་བོས་ཕྱག་བྱས་ཏེ་སྟན་མཐོན་པོ་ལ་བཞག་ནས་བློན་པོ་དང༌། འཁོར་མང་པོ་དག་བསྡུས་ཏེ་ཆོས་ཉན་དུ་གཞུག་པའི་སླད་དུ་འཁོར་བར་བསྐོར་ཏོ། །དེའི་ཚེ་ན་གནོད་སྦྱིན་གྱིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ། ཆོས་ཐོས་པར་བྱ་བ་ནི། ཤིན་ཏུ་དཀའ་བས་ཆོས་ཉན་པར་འདོད་ན། འདི་ཙམ་གྱིས་ཆོག་པ་མ་ཡིན་ནོ། །ཞེས་སྨྲས་པ་དང༌། རྒྱལ་པོས་དེ་ལ་ཐལ་མོ་སྦྱར་ཏེ་ཁྱོད་ཅི་དང་ཅི་འདོད་པ་དེ་མི་འགལ་བར་ཐམས་ཅད་སྦྱིན་ནོ། །ཞེས་སྨྲས་སོ། །དེ་ནས་གནོད་སྦྱིན་དེས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ། ཁྱོད་ཀྱི་བཙུན་མོ་དང་སྲས་གང་ཕངས་པ་ཁོ་བོ་ཟར་བཅུག་ན། དམ་པའི་ཆོས་སྦྱིན་ནོ། །ཞེས་སྨྲས་པ་དང༌། དེའི་ཚེ་ན་རྒྱལ་པོ་ཆེན་པོ་དེས་བཙུན་མོའི་ནང་ན་གང་ཕངས་པ་དང༌། སྲས་ཀྱི་མཆོག་གནོད་སྦྱིན་ལ་ཕུལ་ཏེ། གནོད་སྦྱིན་གྱིས་འཁོར་མང་པོའི་ནང་དུ་ཀུན་གྱིས་མཐོང་བཞིན་དུ་ཟོས་སོ། །དེའི་ཚེ་ན་རྒྱལ་པོ་དེའི་བློན་པོ་རྣམས་དེ་ལྟར་གྱུར་པ་མཐོང་ནས་ཆོ་ངེས་བཏབ་སྟེ་ས་ལ་འགྲེ་བཞིན་དུ་རྒྱལ་པོ་ཆེན་པོ་མི་རིགས་པའི་ལས་འདི་ལྟ་བུ་དག་ཐོང་ཞིག་ཅེས་གསོལ་བ་བཏབ་ཀྱང་རྒྱལ་པོ་དེ་དམ་པའི་ཆོས་ཚོལ་བའི་ཕྱིར་ཤིན་ཏུ་བརྟན་པས་བཟློག་མ་ནུས་སོ། །དེའི་ཚེ་ན་གནོད་སྦྱིན་དེས་རྒྱལ་པོའི་བཙུན་མོ་དང༌། སྲས་ཟོས་ནས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །འདུ་བྱེད་ཐམས་ཅད་མི་རྟག་སྟེ། །ཇི་ཙམ་སྐྱེ་བ་སྡུག་བསྔལ་བཅས། །ལྔ་ཕུང་མཚན་མ་མེད་པས་སྟོང༌། །བདག་དང་བདག་གི་བ་ཡང་མེད། །ཚིགས་སུ་བཅད་པ་འདི་སྨྲས་པ་དང༌། རྒྱལ་པོ་དགའ་མགུ་རངས་ཏེ་བ་སྤུའི་ཉག་མ་ཙམ་གྱི་འགྱོད་པའི་སེམས་མ་སྐྱེས་སོ། །དེ་ནས་ཡི་གེར་བྲིས་ནས་འཛམ་བུའི་གླིང་ཀུན་ཏུ་བསྒྲགས་ཏེ་ཐམས་ཅད་སློབ་དུ་བཅུག་གོ །དེ་ནས་ངལ་བསོ་པོས་བདག་ཉིད་ཀྱི་ལུས་སུ་སླར་བསྒྱུར་ནས། ཤིན་ཏུ་ལེགས་སོ། །ངོ་མཚར་རྨད་དོ། །ཞེས་བསྟོད་ཅིང་བསྔགས་ཏེ། རྒྱལ་པོའི་བཙུན་མོ་དང༌། སྲས་ཀྱང་སྔོན་བཞིན་དུ་ཅང་མ་ནོངས་སོ། །དེའི་དུས་ན་རྒྱལ་པོ་དེ་ནི། སངས་རྒྱས་ལགས་ཏེ། བཅོམ་ལྡན་འདས་སྔོན་ཡང་ཆོས་ཀྱི་སླད་དུ་དེ་ལྟ་བུའི་དཀའ་བ་མཛད་ན། ད་ཇི་སྲིད་དུ་སེམས་ཅན་མང་པོ་ཡོངས་སུ་བཏང་སྟེ། མྱ་ངན་ལས་འདའོ། །ཞེས་གསུང༌། བཅོམ་ལྡན་འདས། གཞན་ཡང་སྔོན་བསྐལ་པ་གྲངས་མ་མཆིས་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ག་ན་ཤ་ནི་བ་ལི་ཞེས་བགྱི་བ་ནི། རྒྱལ་ཕྲན་མང་པོ་ལ་དབང་བསྒྱུར་ཏེ། གྲོང་ཁྱེར་ནི། བརྒྱད་ཁྲི་བཞི་སྟོང་སྙེད་ལ་མངའ་མཛད། བཙུན་མོ་དང་ཕོ་བྲང་གི་སླས་ནི། སྟོང་ཕྲག་ཉི་ཤུ་མངའ་སྟེ། བློན་པོ་ཆེན་པོ་ཡང་སྟོང་ཕྲག་བཅུ་སྙེད་དོ། །རྒྱལ་པོ་དེ་ཤིན་ཏུ་སྙིང་རྗེ་དང་ལྡན་པས་མི་ལ་སོགས་པ་སྐྱེ་བོ་མང་པོ་བདེ་སྐྱིད་ཅིང་འབྱོར་པ་དང༌། བདེ་བ་དང༌། ལོ་ལེགས་པར་ལྡན་ཏེ། རྒྱལ་པོ་དེ་སྐྱེ་བོ་མང་པོའི་ཕ་མ་ལྟ་བུར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་དེས་འདི་སྙམ་དུ་བསམ་མོ། །བདག་ཀྱང་སྐྱེ་བོ་མང་པོ་ཀུན་གྱི་གཙོ་བོར་གྱུར་ལ། སྐྱེ་བོ་མང་པོ་འདི་དག་ཀྱང་བདག་ལ་མོས་ཤིང་དགའ་བས་བདག་གིས་དམ་པའི་ཆོས་ཀྱི་ནོར་རིན་པོ་ཆེས་ཐམས་ཅད་ལ་ཕན་གདགས་སོ་སྙམ་དུ་བསམ་ནས་བློན་པོ་གཅིག་གིས་ཐམས་ཅད་དུ་བཀར་བཏགས་ཏེ་སུ་ལ་དམ་པའི་ཆོས་མཆིས་པ་བདག་ལ་སྟོན་པར་གྱུར་ན། ཅི་དང་ཅི་འདོད་པ་ཡིད་བཞིན་དུ་སྦྱིན་ནོ། །ཞེས་བསྒོ་བ་དང༌། དེའི་ཚེ་ན་བྲམ་ཟེ་ལེའུ་དུ་ཅི་ཞེས་བགྱི་བ་ཞིག་ཕོ་བྲང་གི་སྒོར་མཆིས་ཏེ་བདག་གི་དམ་པའི་ཆོས་ཡོད་དེ། །ཞེས་སྨྲས་པ་དང༌། རྒྱལ་པོ་དེས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཕྱི་རོལ་ཏུ་བསུས་ཏེ་ཕྱག་བྱས་ནས་སྟན་བཏིང་བ་ལ་བཞག་གོ །བྲམ་ཟེ་དེ་སྟན་བཏིང་བ་ལ་འདུག་ནས་རྒྱལ་པོ་འཁོར་དང་བཅས་ཏེ་ཐལ་མོ་སྦྱར་ནས་སྟོན་པ་ཆེན་པོ། གཏི་མུག་གིས་མདོངས་པར་གྱུར་པ་ལ་དམ་པའི་ཆོས་དབྱེ་ཞིང་བསྟན་པའི་དུས་ལ་བབ་བོ། །ཞེས་བསྐུལ་པ་དང༌། བྲམ་ཟེ་དེས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཤེས་པ་འདི་ཉིད་གྱི་ནས་ལོབས་པ་མ་ཡིན་པས་ཐོས་པར་འདོད་ན། འདི་ཙམ་གྱིས་ཆོག་པ་མ་ཡིན་ནོ། །རྒྱལ་པོས་སྨྲས་པ། ཅི་དང་ཅི་འདོད་པ་སྨྲོས་ཤིག་དང༌། ཐམས་ཅད་ཡིད་བཞིན་དུ་སྦྱིན་ནོ། །ཞེས་སྨྲས་པ་དང༌། བྲམ་ཟེ་དེས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། ཁྱོད་ཀྱི་ལུས་ལ་མར་མེ་སྟོང་བཙུགས་ཏེ་མཆོད་པ་བྱེད་ནུས་ན་ཆོས་བསྟན་པར་བྱའོ། །ཞེས་སྨྲས་པ་དང༌། རྒྱལ་པོ་ལྷག་པར་དགའ་མགུ་རངས་ནས་དེའི་ཚེ་ཕོ་ཉ་ཞིག་པ་ན་གླང་ཉིན་གཅིག་ལ་རྒྱང་གྲགས་བརྒྱ་སྟོང་དུ་འགྲོ་བ་ཞིག་ལ་བསྐྱོན་ཏེ། འཛམ་བུའི་གླིང་ཐམས་ཅད་དུ་འདི་སྐད་ཅེས་བསྒོའོ། །རྒྱལ་པོ་ག་ན་ཤ་ནི་པ་ལི་ད་སྟེ་ཞག་བདུན་ན་ཆོས་ཀྱི་ཕྱིར་ལུས་ཀྱི་ཤ་ཕུག་ནས་མར་མེ་སྟོང་འཛུགས་སོ། །ཞེས་རྒྱལ་ཕྲན་དང༌། མི་ཐམས་ཅད་ལ་བསྒོའོ། །དེ་དག་གིས་དེ་སྐད་བསྒོ་བ་ཐོས་པ་དང་སོ་སོ་ནས་མྱ་ངན་གྱིས་ཡིད་གདུངས་ཏེ་རྒྱལ་པོ་གང་ན་བར་ལྷགས་ནས་ཕྱག་བྱས་ཏེ་ཐམས་ཅད་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་འདི་ནི། ཇི་ཙམ་འཚོ་བའི་སྲོག་དང་བཅས་པ་ཐམས་ཅད་ཁྱོད་ལ་བརྟེན་པ་ནི། ལོང་བ་དམིགས་བུ་ལ་བརྟེན་པའམ། བུ་ཆུང་མ་ལ་བརྟེན་པ་དང་འདྲ་ན། རྒྱལ་པོ་མི་བཞུགས་པའི་སླད་ན་གང་ལ་འཚོ་བའི་སྐྱབས་སུ་མཆི་བར་བགྱི། གལ་ཏེ་སྐུ་ལ་མར་མེ་སྟོང་བཙུགས་ན་གདོན་མི་ཟ་བར་འཚོ་བ་དང་འབྲལ་ན། ཅིའི་སླད་དུ་བྲམ་ཟེ་གཅིག་ཙམ་གྱི་སླད་དུ་འཇིག་རྟེན་འདིའི་སེམས་ཅན་ཡོངས་སུ་གཏང་བར་དགོངས། དེའི་ཚེ་ན་བཙུན་མོ་དང༌། སྲས་དང༌། རྒྱལ་ཚབ་དང༌། སླས་ལྔ་བརྒྱ་དང༌། བློན་པོ་སྟོང་ཕྲག་བཅུ་སྙེད་ཀྱིས་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་ཀྱང་རྒྱལ་པོ་ཡི་དམ་ལ་བརྟན་པས་མ་བཟློག་སྟེ། ནམ་མངོན་པར་རྫོགས་པར་སངས་རྒྱས་ནས་ཁྱེད་རྣམས་གནོན་མི་ཟ་བར་བསྒྲལ་ལོ། །ཞེས་སྨྲས་པ་དང༌། དེའི་ཚེ་ན་སྐྱེ་བོ་མང་པོས་རྒྱལ་པོ་དེ་ཡི་དམ་ལ་བརྟན་པར་རྟོགས་ནས་རབ་ཏུ་མི་དགའ་སྟེ་ཆོ་ངེས་བཏབ་ནས་ས་ལ་འགྱེལ་ཏོ། །རྒྱལ་པོ་དེའི་བསམ་པ་མ་གྱུར་ཏེ་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །ད་ལུས་ལ་མར་མེ་སྟོང་གཟུགས་པའི་དུས་ལ་བབ་ཀྱི། ཕུག་ཅིག་ཅེས་བསྒོ་བ་དང༌། དེས་རྒྱལ་པོའི་ལུས་ཕུག་ནས་མེ་མར་གྱི་སྙིང་པོ་སྣུམ་གྱིས་སྐུས་པ་དང༌། འཁོར་མང་པོས་དེ་ལྟར་གྱུར་པ་མཐོང་ནས་རི་འགྱེལ་པ་བཞིན་དུ་ལུས་ས་ལ་བརྡབས་སོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་སྟོན་པ་ཆེན་པོ། ཐུགས་བརྩེ་བར་དགོངས་ཏེ། སྔར་བདག་ལ་ཆོས་བསྟན་ནས། དེའི་འོག་ཏུ་མེ་མར་ཚུགས་ཤིག །གལ་ཏེ་ཚེའི་དུས་བྱས་ན་ཆོས་ཐོས་པར་མི་འགྱུར་རོ། །ཞེས་སྨྲས་པ་དང༌། བྲམ་ཟེས་ཚིགས་སུ་བཅད་པ་འདི་སྨྲས་སོ། རྟག་པ་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྟུང་ངོ༌། །འདུ་བ་ཡོད་ན་འབྲལ་བར་འོང༌། །སྐྱེ་བ་ཡོད་ན་འཆི་བར་འགྱུར། །ཚིགས་སུ་བཅད་པ་འདི་སྨྲས་མ་ཐག་ཏུ་རྒྱལ་པོ་དེ་རབ་ཏུ་དགའ་མགུ་རངས་ཏེ་འགྱོད་པའི་སེམས་མེད་བཞིན་དུ་འདི་སྐད་ཅེས་དམ་བཅས་སོ། །བདག་ཆོས་ཚོལ་བ་འདི་ཡང་སངས་རྒྱས་སུ་བསྒྲུབ་པའི་ཕྱིར་ཏེ། ཕྱིས་མངོན་པར་སངས་རྒྱས་པ་ན་ཡེ་ཤེས་ཀྱི་འོད་ཀྱིས་སེམས་ཅན་གཏི་མུག་གིས་མདོངས་པ་རྣམས་ཤིན་ཏུ་སྣང་པར་གྱུར་ཅིག་ཅེས་ཡི་དམ་བཅས་མ་ཐག་ཏུ་གནམ་ས་ཡང་རབ་ཏུ་གཡོས་པས་གནས་གཙང་མའི་རིས་ཀྱི་ལྷའི་ཕོ་བྲང་གི་བར་དུ་གཡོས་པས། ལྷ་དེ་དག་ནམ་མཁའ་ལས་བབས་ཏེ་ལུས་ཀྱིས་མཆོད་པའི་གནས་སུ་ལྷགས་སོ། །བྱང་ཆུབ་སེམས་དཔའ་དེའི་ལུས་དེ་ལྟར་ཞིག་པ་ལྷ་དེ་དག་གིས་མཐོང་ནས་སྟེང་གི་ནམ་མཁའ་ཡོངས་སུ་གང་བ་དེ་དག་དུས་ཏེ། དུས་པའི་མཆི་མཆར་བཞིན་དུ་བབ་ནས་ལྷ་རྫས་ཀྱི་མེ་ཏོག་ཀྱང་ཆར་བཞིན་དུ་བབ་སྟེ་མཆོད་པ་བྱས་སོ། །དེའི་ཚེ་ན་བརྒྱ་བྱིན་ལྷའི་དབང་པོས་ཀྱང་རྒྱལ་པོ་གང་ན་བ་དེར་འོངས་ནས་རྣམ་པ་སྣ་ཚོགས་ཀྱིས་བསྟོད་ཅིང་བསྔགས་ཏེ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེ་ཆེན་པོ། འདི་ལྟར་ཤིན་ཏུ་སྡུག་བསྔལ་གྱིས་གདུངས་པ་འདི་ལ་སེམས་འགྱོད་པར་མ་གྱུར་ཏམ། རྒྱལ་པོས་སྨྲས་པ། འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ། འདི་ལྟར་ལུས་འདར་ཞིང་ཉམས་མི་བདེ་བཞིན་དུ་འགྱོད་པ་མེད་ཅེས་སྨྲས་པ་འདི་ཅིས་ཡིད་ཆེས་པར་འགྱུར། རྒྱལ་པོས་སྨྲས་པ། གལ་ཏེ་བདག་ཐོག་མ་ནས་ཐ་མའི་བར་དུ་འགྱོད་པའི་སེམས་མེད་པ་ཡིན་ན། ལུས་ཀྱི་རྨ་འདི་སྔ་མཁོ་བཞིན་དུ་སོས་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ལུས་སྔ་མཁོ་བཞིན་དུ་རྨ་མེད་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་དེ་ནི། སངས་རྒྱས་ལགས་ཏེ། བཅོམ་ལྡན་འདས་སྔོན་ཡང་སེམས་ཅན་གྱི་སླད་དུ་མི་བཟད་པའི་སྡུག་བསྔལ་དང་བསྡོས་ཏེ་ཆོས་བརྙེས་ན། དེ་ཅིའི་སླད་དུ་འགྲོ་བ་ཐམས་ཅད་ཆོས་ཀྱི་སྣང་བ་དང་བྲལ་བ་ཡོངས་སུ་བཏང་སྟེ་མྱ་ངན་ལས་འདའ་བར་དགོངས། གཞན་ཡང་བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་ཛམྦུའི་གླིང་འདིར་རྒྱལ་པོ་ཆེན་པོ་བྱིང་ལིང་གར་ལི་ཞེས་བགྱི་བར་གྱུར་པ་ན་རྒྱལ་ཕྲན་རྣམས་ལ་དབང་བགྱིད་དེ།གྲོང་ཁྱེར་ནི། བརྒྱད་ཁྲི་བཞི་སྟོང་དང་ལྡན། བཙུན་མོ་དང་ཕོ་བྲང་གི་སླས་ནི། སྟོང་ཕྲག་ཉི་ཤུ་མངའ་སྟེ། རྒྱལ་ཚབ་དང་རྒྱལ་བུ་ནི། ལྔ་བརྒྱ་སྟེ། བློན་པོ་ཆེན་པོ་ནི། སྟོང་ཕྲག་བཅུ་མངའོ། །རྒྱལ་པོ་དེ་སྙིང་རྗེ་དང་ལྡན་པས་འབངས་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་དགོངས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོ་དེ་དམ་པའི་ཆོས་ལ་མོས་ཤིང་དགའ་བས་བློན་པོ་གཅིག་ལ་བསྒོ་ནས་འདི་སྐད་ཅེས་བཀར་བཏགས་སོ། །གང་སུ་ཡང་རུང་བ་ལ་མདོ་སྡེའམ་དམ་པའི་ཆོས་ཡོད་པ་བདག་ལ་བསྟན་པར་གྱུར་ན། ཅི་དང་ཅི་འདོད་པ་ཡིད་བཞིན་དུ་སྦྱིན་ནོ། །ཞེས་བསྒོའོ། །དེ་ནས་བྲམ་ཟེ་ལེའུ་དུ་ཅི་ཞེས་བགྱི་བ་ཕོ་བྲང་གི་སྒོར་འོངས་ནས་འདི་སྐད་ཅེས་སྨྲས་སོ། །བདག་ལ་དམ་པའི་ཆོས་ཡོད་དེ། གང་ཐོས་པར་འདོད་པ་ལ་བསྟན་པར་བྱའོ། །ཞེས་སྨྲས་པ་རྒྱལ་པོས་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ་ཕྱི་རོལ་དུ་བསུས་ནས་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཚིག་སྙན་པར་སྨྲས་ནས་ཕོ་བྲང་གི་ནང་དུ་ཁྲིད་དེ་སྟན་བཤམས་པ་ལ་བཞག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །སྟོན་པ་ཆེན་པོ། བདག་ལ་དམ་པའི་ཆོས་བསྟན་དུ་གསོལ། བྲམ་ཟེས་སྨྲས་པ། བདག་གིས་ལུས་ཀུན་ཏུ་སྡུག་བསྔལ་སྣ་ཚོགས་མྱོང་ནས་ཡུན་རིང་མོ་ཞིག་ལོན་ཏེ་གདོད་ལོབས་པས། རྒྱལ་པོ་ཆེན་པོ། ཐོས་པར་འདོད་ན་འདི་ཙམ་གྱིས་ཆོག་པ་མ་ཡིན་ནོ། །རྒྱལ་པོས་ཐལ་མོ་སྦྱར་ཏེ་ཅི་དང་ཅི་འདོད་པ་སྨྲོས་ཤིག་དང༌། སྟོན་པ་ཁྱོད་ལ་མི་ཕངས་པར་ཐམས་ཅད་དབུལ་ལོ། །བྲམ་ཟེས་སྨྲས་པ། གལ་ཏེ་ཁྱོད་ཀྱི་ལུས་ལ་ལྕགས་གཟེར་སྟོང་གིས་བཏབ་ན་ཁྱོད་ལ་ཆོས་སྦྱིན་ནོ། །ཞེས་སྨྲས་པ་དང༌། རྒྱལ་པོས་དེ་བཞིན་དུ་བགྱིའོ། །ད་སྟེ་ཞག་བདུན་ན་དངོས་པོ་འདི་དག་བསྒྲུབ་བོ། །ཞེས་སྨྲས་སོ། །དེའི་ཚེ་ན་རྒྱལ་པོ་ཆེན་པོ་དེས་ཕོ་ཉ་ཞིག་གླང་པོ་ཆེ་ཉིན་གཅིག་ལ་རྒྱང་གྲགས་བརྒྱད་ཁྲི་བཞི་སྟོང་སྙེད་དུ་འགྲོ་བ་ཞིག་ལ་བསྐྱོན་ཏེ་ཛམྦུའི་གླིང་ཀུན་ཏུ་འདི་སྐད་ཅེས་བསྒོའོ། །རྒྱལ་པ་ཆེན་པོ་བྱིང་ལིང་གར་ལིས་ད་སྟེ་ཞག་བདུན་ན་ལུས་ལ་ལྕགས་གཟེར་སྟོང་འདེབས་སོ། །ཞེས་བསྒོ་བ་བློན་པོ་དང༌། འགྲོ་བ་མང་པོས་ཐོས་ནས་ཐམས་ཅད་རྒྱལ་པོའི་དྲུང་དུ་ལྷགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ཕྱོགས་བཞིན་འཁོད་པའི་འགྲོ་བ་ཐམས་ཅད་རྒྱལ་པོའི་ཡོན་ཏན་དང་བཀའ་དྲིན་གྱིས་སོ་སོ་ནས་བདེ་སྐྱིད་པ་ལ་ལོངས་སྤྱོད་དེ། རྒྱལ་པོ་ཆེན་པོ། བདག་ཅག་གི་སླད་དུ་སྐུ་ལ་ལྕགས་གཟེར་སྟོང་མི་གདབ་ཏུ་གསོལ་ཞེས་གསོལ་པ་དང༌། དེའི་ཚེ་ན་བཙུན་མོ་དང༌། ཕོ་བྲང་གི་སླས་དང༌། རྒྱལ་ཚབ་དང༌། རྒྱལ་བུ་དང༌། བློན་པོ་ཐམས་ཅད་ཀྱིས་ཀྱང་གསོལ་བ་བཏབ་སྟེ། རྒྱལ་པོ་ཆེན་པོ། བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་མི་གཅིག་གི་སླད་དུ་སྐུ་ཚེའི་དུས་མཛད་ཅིང་འབངས་ཐམས་ཅད་སྤང་བ་མི་རིགས་སོ། །དེ་ལ་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ། །བདག་ནི། ཡུན་རིང་པོ་ནས་འཁོར་བ་ན་ལུས་གྲངས་མེད་པ་ཆུད་གསན་ཏེ་བར་འགའ་ནི། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གིས་ལུས་འདི་བསད་པའི་རུས་པ་དཀར་པོ་སྤུངས་པ་ནི། རི་རབ་པས་ཀྱང་མཐོ། །མགོ་བཅད་པའི་ཁྲག་ཟགས་པ་ནི། ཆུ་ཀླུང་ལྔ་བས་ཀྱང་ཆེ། དུས་པའི་མཆི་མ་ནི། རྒྱ་མཚོ་བཞི་བས་ཀྱང་ལྷག་སྟེ། དེ་ལྟར་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ལུས་སྲོག་ཆུད་གསན་ཀྱང་ལན་འགའ་ཡང་ཆོས་ཀྱི་ཕྱིར་མ་ཡིན་ཏེ། དེ་བདག་གིས་གཟེར་བུ་བཏབ་ལ་སངས་རྒྱས་སུ་བསྒྲུབ་བོ། །ཕྱིས་མངོན་པར་སངས་རྒྱས་ནས་ཤེས་རབ་ཀྱི་རལ་གྲིས་ཁྱེད་ཀྱི་ཀུན་ནས་ཉོན་མོངས་པའི་ནད་གཅོད་པར་བྱེད་ན། ཅིའི་ཕྱིར་ངའི་བྱང་ཆུབ་ཀྱི་བར་དུ་གཅོད་པར་བྱེད་ཅེས་སྨྲས་པ་དང༌། དེ་ནས་འཁོར་མང་པོ་རྣམས་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་སྨྲས་པ། སྟོན་པ་ཆེན་པོ། ཐུགས་བརྩེ་བར་དགོངས་ཏེ་སྔར་ཆོས་བསྟན་ནས་དེའི་འོག་ཏུ་ལྕགས་གཟེར་གྱིས་ཐོབ་ཅིག །གལ་ཏེ་ཚེའི་དུས་བྱས་ན་ཆོས་ཐོས་པར་མི་འགྱུར་རོ། །ཞེས་སྨྲས་པ་དང༌། བྲམ་ཟེས་ཚིགས་སུ་བཅད་དེ་སྨྲས་པ། འདུ་བྱེད་ཐམས་ཅད་མི་རྟག་སྟེ། །སྐྱེ་བ་ཐམས་ཅད་སྡུག་བསྔལ་བཅས། །ཆོས་ཀུན་སྟོང་བས་བདག་པོ་མེད། །བདག་གི་བ་ཡང་ཡོད་མ་ཡིན། །ཚིགས་སུ་བཅད་པ་འདི་སྨྲས་ནས་ལུས་ལ་ལྕགས་གཟེར་སྟོང་གིས་བཏབ་བོ། །དེའི་ཚེ་ན་རྒྱལ་ཕྲན་དང༌། བློན་པོ་དང༌། འཁོར་མང་པོ་རྣམས་ཀྱིས་དེ་ལྟ་བུར་གྱུར་པ་མཐོང་ནས་རི་ཆེན་པོ་འགྱེལ་བ་ལྟར་ལུས་ས་ལ་བརྡབས་ཏེ་དུས་ནས་ཅི་ཡང་མི་དྲན་པར་ས་ལ་འགྲེའོ། །དེའི་ཚེ་ན་གནམས་རྣམ་པ་དྲུག་ཏུ་གཡོས་ནས་འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ངོ་མཚར་དུ་གྱུར་ཏེ་ཐམས་ཅད་ནམ་མཁའ་ལས་བབས་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ཏེ། དེ་ལྟར་ཆོས་ཀྱི་ཕྱིར་སྡུག་བསྔལ་ཆེན་པོ་ལུས་ཀྱིས་མྱོང་བར་མཐོང་ནས་ཐམས་ཅད་དུས་ནས་མཆི་མ་ཆར་བཞིན་དུ་ཕབ་ནས་ལྷ་རྫས་ཀྱི་མེ་ཏོག་གིས་མཆོད་པ་བྱས་སོ། །དེའི་ཚེ་ན་བརྒྱ་བྱིན་ལྷའི་དབང་པོས་རྒྱལ་པོ་གང་ན་བ་དེར་འོངས་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། ཤིན་ཏུ་བརྩོན་འགྲུས་བརྩམས་ཏེ་སྡུག་བསྔལ་ལ་ཅི་མི་སྙམ་པ་འདི་ཆོས་ཀྱི་ཕྱིར་རམ། འོན་ཏེ་བརྒྱ་བྱིན་ནམ། འཁོར་ལོ་བསྒྱུར་བའི་རྒྱལ་པོ་འདོད་དམ། འོན་ཏེ་བདུད་ཀྱི་རྒྱལ་པོའམ། ཚངས་པའི་རྒྱལ་པོའམ། དབང་ཕྱུག་ཆེན་པོ་འདོད་ཅེས་སྨྲས་པ་དང༌། རྒྱལ་པོས་སྨྲས་པ། བདག་གིས་བྱས་པ་འདི་ནི། ཁམས་གསུམ་གྱི་བདེ་བ་མྱོང་བར་འདོད་པ་མ་ཡིན་གྱི། བསོད་ནམས་ཇི་སྙེད་ཡོད་པ་འདིས་སངས་རྒྱས་འདོད་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་སྨྲས་པ། བདག་གིས་བལྟས་ན་རྒྱལ་པོའི་ལུས་འདར་ཞིང་མི་བཟོད་པ་ལ་བལྟས་ན། འདི་སྐད་ཟེར་ཞིང་འགྱོད་པ་མེད་ཅེས་སྨྲས་པ་འདི་ཅིས་ཡིད་ཆེས་པར་འགྱུར། རྒྱལ་པོས་སྨྲས་པ། གལ་ཏེ་བདག་གིས་སྨྲས་པ་བདེན་ཏེ་འགྱེད་པའི་སེམས་མེད་ན། བདག་གི་ལུས་སྔ་མཁོ་བཞིན་དུ་རྨ་མེད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་སྔ་མཁོ་བཞིན་དུ་གྱུར་ནས་ལྷ་དང་མི་རྣམས་དགའ་མགུ་རངས་པར་གྱུར་ཏོ། །དེའི་ཚེ་ཡང་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་ཆོས་བཙལ་ན། བཅོམ་ལྡན་འདས་ནི། ཆོས་ཀྱི་རྒྱ་མཚོ་ཡོངས་སུ་རྫོགས་ཤིང་ཡོན་ཏན་ཚད་མ་མཆིས་པ་དང་ལྡན་ན། ཅིའི་སླད་དུ་འགྲོ་བ་མང་པོ་ཡོངས་སུ་བཏང་སྟེ་ཆོས་ཀྱང་མི་བཤད་པར་མྱ་ངན་ལས་འདའ་བར་དགོངས། བཅོམ་ལྡན་འདས། གཞན་ཡང་སྔོན་འདས་པའི་དུས་བསྐལ་པ་ཚད་མེད་གྲངས་མེད་པའི་ཕྱིར་རོལ་ན་ཛམྦུའི་གླིང་འདིར་རྒྱལ་པོ་ཚངས་ལྷ་ཞེས་བགྱི་བ་ལ་རྒྱལ་ཚབ་ད་མ་གམ་ཞེས་བགྱི་བ་ཞིག་མཆིས་ཏེ། རྒྱལ་བུ་དེ་དམ་པའི་ཆོས་ལ་དགའ་ཞིང་མོས་པས་དམ་པའི་ཆོས་ཕྱོགས་ཀུན་ཏུ་བཙལ་ན་ཡང་མ་རྙེད་ནས་མྱ་ངན་གྱིས་གདུངས་ཏེ་ཡི་མུག་པར་གྱུར་པ་ལས། དེའི་ཚེ་ན་བརྒྱ་བྱིན་ལྷའི་དབང་པོས་དེའི་བསམ་པ་ཤིན་ཏུ་རྟོགས་ཤིང་ཤེས་པས་བྲམ་ཟེ་ཞིག་ཏུ་སྤྲུལ་ཏེ་རྒྱལ་བུའི་ཕོ་བྲང་གི་སྒོར་འོངས་ནས་དམ་པའི་ཆོས་བདག་ལ་ཡོད་དེ། བསྟན་པར་བྱའོ། །ཞེས་སྨྲས་པ་རྒྱལ་བུས་ཐོས་ནས་ཕྱི་རོལ་ནས་བསུས་ཏེ་རྐང་པ་ལ་ཕྱག་བྱས་ནས་ཕོ་བྲང་གི་ནང་དུ་ཁྲིད་དེ་སྟན་བཏིང་བ་ལ་བཞག་གོ །རྒྱལ་བུས་ཐལ་མོ་སྦྱར་ཏེ་སྟོན་པ་ཆེན་པོ། །ཐུགས་བརྩེ་བའི་སླད་དུ་དམ་པའི་ཆོས་བསྟན་དུ་གསོལ་ཞེས་སྨྲས་པ་དང༌། བྲམ་ཟེས་སྨྲས་པ། བསླབ་ཅིང་ལོབས་པ་ཡང་ཤིན་ཏུ་དཀའ་ལ། སློབ་དཔོན་གཉེར་ཞིང་ཤེས་པར་འགྱུར་བ་ཡང་སླ་བ་མ་ཡིན་པས་འདི་ཙམ་གྱིས་ཆོག་པར་འཛིན་ཏེ་ཆོས་ཐོས་པར་འདོད་པ་ནི། རིགས་པ་མ་ཡིན་ནོ། །རྒྱལ་བུས་སྨྲས་པ། སྟོན་པ་ཆེན་པོ། ཅི་དང་ཅི་འདོད་པ་གསུངས་ཤིག་དང༌། བདག་གི་ལུས་དང༌། ཆུང་མ་དང༌། བུ་ཕོའི་བར་དུ་བཞེད་ན་ཡང་ཐམས་ཅད་ལ་མི་ཕངས་ཏེ་བཀའ་བཞིན་དུ་བགྱིའོ། །བྲམ་ཟེས་སྨྲས་པ། གལ་ཏེ་མེའི་དོང་ཟབས་སུ་ཁྲུ་བཅུ་པའི་ནང་མེ་མུར་གྱིས་བཀང་ལ། དེའི་ནང་དུ་མཆོངས་ཏེ་མཆོད་པ་བྱས་ན་དམ་པའི་ཆོས་བསྟན་ཏོ། །ཞེས་སྨྲས་པ་དང༌། དེའི་ཚེ་ན་རྒྱལ་བུས་སློབ་དཔོན་གྱི་ལུང་བཞིན་དུ་མེ་དོང་ཆེན་པོ་བྱས་སོ། །དེ་ནས་རྒྱལ་པོ་དང༌། བཙུན་མོ་དང༌། བློན་པོ་དང༌། ཕོ་བྲང་གི་སླས་ཀྱིས་དེ་ལྟ་བུར་གྱུར་པ་དག་ཐོས་ནས་ལུས་དང་སེམས་མི་བདེ་བར་གྱུར་ཏེ་ཐམས་ཅད་རྒྱལ་པོའི་ཕོ་བྲང་དུ་ལྷགས་ནས་རྒྱལ་བུ་ལ་ཡང་གསོལ་བ་བཏབ། བྲམ་ཟེ་དེ་ལ་ཡང་ཀུན་གྱིས་ནན་གྱིས་བསྐོར་ནས་བཙུན་པ། ཐུགས་རྗེ་བར་དགོངས་ཏེ་བདག་ཅག་གི་སླད་དུ་རྒྱལ་བུ་འདི་མེ་དོང་དུ་མཆོང་བ་མི་མཛད་དུ་གསོལ། །འཁོར་རམ། ཡུལ་ལམ། ཆུང་མའམ། བུ་ཕོའམ། བདག་ཅག་གི་ལུས་བཞེད་ན་ཡང་འབུལ་ལོ། །ཞེས་གསོལ་བ་དང༌། བྲམ་ཟེས་སྨྲས་པ། བདག་གིས་ནན་གྱིས་མི་བྱར་རུང་བ་ནི། མེད་ཀྱི། རྒྱལ་བུས་ཅིར་བསམ་པར་ཟད་དེ། གལ་ཏེ་དེ་ལྟར་ནུས་ན་ནི། ཆོས་བསྟན་པར་ཡང་བྱ། མི་ནུས་ན་ནི། ཆོས་ཀྱང་མི་བསྟན་ཏོ། །ཞེས་སྨྲས་སོ། །འཁོར་རྣམས་ཀྱིས་ཀྱང་དེའི་དམ་བཅའ་བ་བརྟན་པར་ཤེས་ཤིང་རྟོགས་ནས་ཅང་མི་སྨྲའོ། །དེའི་ཚེ་རྒྱལ་པོས་ཀྱང་ཕོ་ཉ་གཅིག་གླང་པོ་ཆེ་ཉིན་གཅིག་ལ་རྒྱང་གྲགས་བརྒྱད་སྟོང་དུ་འགྲོ་བ་ཞིག་ལ་བསྐྱོན་ཏེ་ཛམྦུའི་གླིང་ཀུན་ཏུ་བཏང་ནས་རྒྱལ་ཚབ་ད་མ་གམ་ད་སྟེ་ཞག་བདུན་ན་ཆོས་འདོད་པའི་ཕྱིར་མེ་དོང་དུ་མཆོང་གི །ཁྱེད་མཐོང་བར་འདོད་ན་མྱུར་དུ་ཤོག་ཅིག་ཅེས་བསྒོའོ། །དེའི་ཚེ་ན་རྒྱལ་ཕྲན་དང་མི་མང་པོ་རྒས་ཤིང་ཉམ་ཆུང་བ་དག་ཀྱང་གཅིག་གིས་གཅིག་ཁྲད་དེ་རྒྱལ་བུའི་ཐད་དུ་ལྷགས་ནས་པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་ཐམས་ཅད་ཀྱིས་ཚིག་མཐུན་པར་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི། རྒྱལ་བུ་ཁྱོད་ལ་བརྟེན་ཏེ། བདག་ཅག་གི་ཕ་མ་དང་འདྲ་བ་ཁྱོད་མེ་དོང་དུ་མཆོང་ན། འབངས་འདི་དག་ཐམས་ཅད་ལ་མགོན་སྐྱབས་དང༌། གནས་མེད་པར་འགྱུར་གྱི། མི་འགའ་ཙམ་གྱི་ཕྱིར་འབངས་ཐམས་ཅད་ཀྱི་དཔུང་གཉེན་མེད་པར་མ་མཛད་ཅིག །དེ་ནས་རྒྱལ་བུས་མི་མང་པོ་དེ་དག་ལ་འདི་སྐད་ཅེས་བསྒོའོ། །ང་ནི། ཡུན་རིང་པོ་ནས་འཁོར་བར་འཁོར་བ་ན་ལུས་གྲངས་མེད་པ་ཞིག་འཕོས་པར་གྱུར་ཏེ། མིའི་ནང་དུ་སྐྱེས་པ་ན་འདོད་པས་ཆོག་མི་ཤེས་པས་གཅིག་ལ་གཅིག་འཚེ་ཞིང་གསོད་པར་གྱུར་ཏོ། །མཐོ་རིས་ཀྱི་ལྷར་སྐྱེས་པ་ན་ལྷའི་ཚེ་ཟད་པས་འདོད་པ་དང་བྲལ་བའི་སྡུག་བསྔལ་མྱོང་ངོ༌། །སེམས་ཅན་དམྱལ་བར་སྐྱེས་པ་ན་མེར་ཚིག་པ་དང༌། ཟངས་སུ་བསྐོལ་བ་དང༌། རལ་གྲི་དང༌། མཚོན་ཆས་དམྱལ་ཞིང་གཏུབས་པ་དང༌། གདུག་པའི་ཆུ་ལ་འབོག་པ་དང༌། རལ་གྲིའི་སོ་ལ་འཛེག་ཅིང་ཉིན་གཅིག་ལ་ཡང་ཚེ་འཕོས་པ་གྲངས་མེད་པ་ཞིག་མྱོང་སྟེ། ན་བ་དང་འཆི་བའི་སྡུག་བསྔལ་རུས་པ་ལ་ཐུག་པ་བརྗོད་ཀྱིས་མི་ལང་བ་ཞིག་མྱོང་ངོ༌། །ཡི་དྭགས་སུ་སྐྱེས་པ་ན་ཡང་ལུས་ཀྱིས་མི་བཟོད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ངོ༌། །དུད་འགྲོའི་སྐྱེ་གནས་སུ་ནི། ལུས་ཉིད་ཆུད་གཟན་དུ་གྱུར་ཏེ་ཁལ་ལྕི་བ་བཀལ་ནས་རྩྭ་ལས་མི་ཟ་བའི་སྡུག་བསྔལ་བཟོད་དཀའ་བ་མྱོང་ནས་ལུས་དང་སྲོག་ཆུད་གསན་ཀྱང་དམ་པའི་ཆོས་ཀྱི་ཕྱིར་དགེ་བའི་སེམས་ཅུང་ཟད་ཙམ་ཡང་བསྐྱེད་མ་མྱོང་བས། ད་ནི། ལུས་བཅོག་པ་དམན་པ་འདིས་ཆོས་ཀྱི་ཕྱིར་མཆོད་པ་བྱེད་ཀྱི། བདག་གི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་གཅོད་པའི་ལས་མ་བྱེད་ཅིག །བདག་ནི། སངས་རྒྱས་སུ་བསྒྲུབ་པའི་ཕྱིར་ལུས་འདི་ཡོངས་སུ་གཏོང་སྟེ། ནམ་མངོན་པར་སངས་རྒྱས་ནས་ཁྱེད་ལ་ཆོས་ཀྱི་སྐུས་སྦྱིན་པ་བྱའོ། །ཞེས་སྨྲས་པ་དང་འཁོར་མང་པོ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེའི་ཚེ་ན་རྒྱལ་བུ་མེ་དོང་གི་ཁར་འགྲེང་ནས་བྲམ་ཟེ་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་ཆེན་པོ། བདག་ལ་སྔར་དམ་པའི་ཆོས་སྟོན་ཅིག །གལ་ཏེ་ཚེའི་བར་ཆད་དུ་གྱུར་ན་ཆོས་མི་ཐོས་སོ། །ཞེས་གསོལ་པ་དང༌། བྲམ་ཟེ་དེས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བྱམས་པའི་སེམས་ནི་གོམས་པར་བྱ། །ཞེ་སྡང་ཁྲོ་བའི་འདུ་ཤེས་སྤང༌། །སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོབ། །ཀུན་ལ་སྙིང་བརྩེ་མཆི་མ་ཟག །དགའ་བ་ཆེན་པོ་གོམས་པར་བྱ། །གཞན་ལའང་བདག་དང་མཐུན་པའི་ཆོས། །བྱང་ཆུབ་སེམས་ཀྱིས་བསྐྱབ་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པར་ལྡན། །ཚིགས་སུ་བཅད་པ་འདི་དག་སྨྲས་མ་ཐག་ཏུ་མེ་དོང་དུ་མཆོངས་པ་ལས། བརྒྱ་བྱིན་དང༌། ཚངས་པའི་རྒྱལ་པོས་ལག་པ་ཡ་རེ་ནས་ཟིན་ཏེ་འདི་སྐད་ཅེས་སྨྲས་སོ། །ཛམྦུའི་གླིང་གི་འགྲོ་བ་ཐམས་ཅད་ནི། རྒྱལ་པོ་ཁྱོད་ཀྱི་བཀའ་དྲིན་གྱིས་མི་བདེ་བའི་བག་མེད་ན། ད་མེ་དོང་དུ་མཆོངས་ན་འབངས་ཐམས་ཅད་ཀྱི་ཕ་མ་ཚེ་འཕོས་པ་དང་འདྲ་བས། ཅིའི་ཕྱིར་འགྲོ་བ་ཐམས་ཅད་ཡོངས་སུ་བཏང་སྟེ་མེ་དོང་དུ་མཆོང་ཞེས་སྨྲས་པ་དང་།རྒྱལ་བུ་དེས་ལྷའི་རྒྱལ་པོ་དང༌། འཁོར་མང་པོ་ལ་བལྟས་ཏེ། ཁྱེད་ཀྱིས་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་གཅོད་པའི་ལས་མ་བྱེད་ཅིག་ཅེས་སྨྲས་པ་དང༌། ཐམས་ཅད་ཅང་མི་སྨྲ་བ་དང༌། དེ་མ་ཐག་ཏུ་མེ་དོང་དུ་མཆོངས་སོ། །དེའི་ཚེ་ན་གནམ་ས་རབ་ཏུ་གཡོས་ཏེ་བར་སྣང་གི་ལྷ་དག་ཀྱང་དུས་ནས་མཆི་མཆར་བཞིན་དུ་བབ་བོ། །མེ་དོང་དེ་ཡང་མེ་ཏོག་གི་རྫིང་བུར་གྱུར་ཏེ། རྒྱལ་བུ་དེ་ཡང་པདྨའི་སྟེང་ན་འདུག་པར་གྱུར་ནས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་པུས་མོ་ནུབ་པ་ཙམ་དུ་ཕབ་བོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་ལྷ་ནི། རྒྱལ་པོ་ཡབ་ཟས་གཙང་མ་ལགས་སོ། །དེའི་དུས་ན་དེའི་མ་ནི། ཡུམ་ལྷ་མཛེས་ལགས་སོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་རྒྱལ་ཚབ་དེ་ནི། བཅོམ་ལྡན་འདས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་དེའི་ཚེ་དེའི་དུས་ན་ཡང་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་ཆོས་བཙལ་ན། ད་ཡོངས་སུ་རྫོགས་པར་གྱུར་ན་ཅིའི་སླད་དུ་ཤིན་ཏུ་གདུངས་པར་གྱུར་པའི་སེམས་ཅན་མང་པོ་ལ་ཆོས་ཀྱི་ཆར་མི་དབབ་པར་མྱ་ངན་ལས་འདའ་བར་དགོངས། བཅོམ་ལྡན་འདས། གཞན་ཡང་བསྐལ་པ་གྲངས་མེད་ཚད་མེད་པ་འདས་པའི་ཕ་རོལ་ན་དེའི་ཚེ་དེའི་དུས་ན་ཡུལ་ཝཱ་ར་ཎ་སི་འདིར་དྲང་སྲོང་ལྔ་བརྒྱ་ཞིག་གནས་ཏེ།དྲང་སྲོང་དེ་དག་གི་སྟོན་པ་ཨུཏྤ་ལ་ཞེས་བྱ་བ་དེ། དམ་པའི་ཆོས་སློབ་ཅིང་སྒོམ་པ་ལ་དགའ་བས་ཀུན་ཏུ་རྒྱུ་ཞིང་སུ་ལ་དམ་པའི་ཆོས་ཡོད་པ་དེ་བདག་ལ་སྨྲས་ན། ཅི་དང་ཅི་འདོད་པ་ཡིད་བཞིན་དུ་སྦྱིན་ཞིང་གཡོག་བྱའོ། །ཞེས་བསྒྲགས་པ་དང༌། བྲམ་ཟེ་ཞིག་དེར་འོངས་ཏེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ལ་དམ་པའི་ཆོས་ཡོད་དེ། ཐོས་པར་འདོད་ན་བསྟན་པར་བྱའོ། །ཞེས་སྨྲས་པ་དང༌། དྲང་སྲོང་དེས་ཐོས་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །བདག་ལ་ཐུགས་བརྩེ་བའི་སླད་དུ་དམ་པའི་ཆོས་བསྟན་དུ་གསོལ་ཞེས་སྨྲས་པ་དང༌། བྲམ་ཟེས་སྨྲས་པ། ཆོས་ལོབས་པ་ཡང་ཤིན་ཏུ་དཀའ་སྟེ། སྡུག་བསྔལ་མང་པོ་མྱོང་བས་ཆོས་ལོབས་པ་ཡིན་གྱི། འདི་ཙམ་གྱིས་ཆོས་ཐོས་པར་འདོད་པ་རིགས་པ་མ་ཡིན་ནོ། །ཁྱོད་སྙིང་ནས་ཐོས་པར་འདོད་ན། ཁོ་བོས་བསྒོ་བ་བཞིན་དུ་བྱོས་ཤིག །དྲང་སྲོང་གིས་སྨྲས་པ། སྟོན་པ་ཆེན་པོའི་བཀའ་བཞིན་དུ་མི་འགལ་བར་བགྱིའོ། །ཞེས་སྨྲས་པ་དང༌། དེ་ལ་འདི་སྐད་ཅེས་བསྒོའོ། །གལ་ཏེ་ཁྱོད་ཀྱིས་པགས་པ་བཤུས་ཏེ་ཤོག་ཤོག་ཏུ་བྱས་ལ། རུས་པ་ནི། སྨྱུ་གུར་བྱས། ཁྲག་ནི། སྣག་ཚར་བྱས་ཏེ་ངས་བསྟན་པའི་ཆོས་ཡི་གེར་བྲིས་ན། ཁྱོད་ལ་ཆོས་བསྟན་ཏོ། །ཞེས་སྨྲས་སོ། །དེ་ནས་དྲང་སྲོང་དེས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ་དེ་བཞིན་གཤེགས་པའི་བསྟན་པ་ལ་བཀུར་སྟི་བྱ་བའི་ཕྱིར་པགས་པ་བཤུས་ནས་རུས་པ་ལ་སྨྱུ་གུར་བྱས་ཏེ་ཁྲག་སྣག་ཚར་སྦྱར་ནས་དུས་ལ་བབ་ཀྱི། མྱུར་དུ་གསུངས་ཤིག་ཅེས་སྨྲས་པ་དང༌། བྲམ་ཟེ་དེས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལུས་ཀྱི་སྤྱོད་པ་རབ་བསྡམས་ཤིང༌། །སྲོག་གཅོད་རྐུ་དང་གཡེམ་མི་བྱ། །ཕྲ་མ་རྫུན་དང་ཚིག་རྩུབ་དང༌། །ཀྱལ་པ་སྨྲ་བར་མི་བྱའོ། །འདོད་པ་རྣམས་ལ་མི་ཆགས་ཤིང༌། །ཞེ་སྡང་སེམས་ཀྱང་མེད་པར་བྱ། །ངན་པར་ལྟ་བ་ཀུན་སྤངས་ན། །བྱང་ཆུབ་སེམས་དཔའི་སྤྱོད་པའོ། །ཚིགས་སུ་བཅད་པ་འདི་དག་སྨྲས་མ་ཐག་ཏུ་ཡི་གེར་བྲིས་ནས་ཛམྦུའི་གླིང་ཀུན་ཏུ་བསྒྲགས་ཏེ་མི་མང་པོ་ཐམས་ཅད་ཀྱིས་དེ་ལ་སློབ་ཅིང་ཇི་ལྟར་བསྟན་པ་བཞིན་དུ་ནན་ཏན་བྱེད་དུ་བཅུག་གོ །བཅོམ་ལྡན་འདས་དེའི་ཚེ་དེའི་དུས་ན་ཡང་སེམས་ཅན་མང་པོའི་སླད་དུ་ཆོས་ཚོལ་བ་ལ་འགྱོད་པའི་ཐུགས་མི་མངའ་ན། དེ་ཅིའི་སླད་དུ་ཆོས་ཀྱང་མ་བསྟན་པར་ཐམས་ཅད་ཡོངས་སུ་བཏང་སྟེ་མྱ་ངན་ལས་འདའ་བར་དགོངས། བཅོམ་ལྡན་འདས། གཞན་ཡང་སྔོན་འདས་པའི་བསྐལ་པ་ཚད་མ་མཆིས། གྲངས་མ་མཆིས་པའི་ཕ་རོལ་ན་ཛམྦུའི་གླིང་དུ་རྒྱལ་པོ་ཤི་བི་ཞེས་བགྱི་བ་ཞིག་བྱུང་སྟེ། རྒྱལ་པོ་དེ་བཞུགས་པའི་ཕོ་བྲང་ནི། དེ་བ་བརྩ་ཞེས་བགྱི་སྟེ། འབྱོར་པ། བདེ་བ། ལོ་ལེགས་པ། ལོངས་སྤྱོད་དཔག་ཏུ་མ་མཆིས་པ་དང་ལྡན་ནོ། །དེའི་ཚེ་ན་རྒྱལ་པོ་དེ་ཛམྦུའི་གླིང་འདི་ལ་དབང་མཛད་དེ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང༌། ལྗོངས་ནི། སྟོང་ཕྲག་དྲུག་ཅུའི་ནང་ན་གྲོང་ཁྱེར་ཁྲི་ཕྲག་བརྒྱད་ཅུ་དང༌།བཙུན་མོ་དང༌། ཕོ་བྲང་གི་སླས་སྟོང་ཕྲག་ཉི་ཤུ་དང༌། རྒྱལ་བུ་ལྔ་བརྒྱ་ཙམ་དང༌། བྲོན་པོ་ཆེན་པོ་སྟོང་ཕྲག་བཅུ་མངའ་བ་ལ་དབང་མཛད་དེ་ཐམས་ཅད་ལ་བྱམས་པ་དང༌། སྙིང་རྗེས་མ་ཁྱབ་པ་མེད་དོ། །དེའི་ཚེ་ན་བརྒྱ་བྱིན་ལྷའི་དབང་པོ་ལུས་ཀྱི་ཡོན་ཏན་ལྔ་དང་བྲལ་ཏེ། ཚེའི་དུས་བྱེད་དུ་ཉེ་བས་ཤིན་ཏུ་མི་དགའ་སྟེ་མྱ་ངན་བྱེད་པ་བི་ཤྭ་ཀརྨ་ས་མཐོང་ནས་བརྒྱ་བྱིན་ལ་ཅིའི་སླད་དུ་མྱ་ངན་མཛད་ཅིང་མི་དགྱེས་ཞེས་གསོལ་པ་དང༌། བརྒྱ་བྱིན་གྱིས་སྨྲས་པ། ང་ནི། ཚེའི་དུས་བྱེད་དུ་ཉེ་སྟེ། ཚེ་འཕོ་བའི་ལྟས་སྔོན་དུ་བྱུང་ན་འཇིག་རྟེན་འདིར་སངས་རྒྱས་ཀྱི་ཆོས་ནི། ནུབ་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་ན་མི་བཞུགས་ན། ཁོ་བོ་གང་ལ་སྐྱབས་སུ་འགྲོ་བ་མི་ཤེས་པས་མྱ་ངན་བྱེད་དོ། །བི་ཤ་ཀརྨས་སྨྲས་པ། ལྷའི་དབང་པོ། །ཛམྦུའི་གླིང་ན་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཤི་བི་ཞེས་བགྱི་བ་ཞིག་བཞུགས་ཏེ། ཤིན་ཏུ་ཡི་དམ་ལ་བརྟན་ཞིང་བརྩོན་འགྲུས་རྩོམ་པས་གདེན་མ་ཟེ་བར་མངོན་པར་འཚང་རྒྱ་སྟེ། དེ་ལ་སྐྱབས་སུ་སོང་ན་གདོན་མི་ཟ་བར་དཔུང་གཉེན་དུ་གྱུར་ཏེ་བགེགས་ལས་རྣམ་པར་ཐར་པར་འགྱུར་རོ། །བརྒྱ་བྱིན་གྱིས་སྨྲས་པ། གལ་ཏེ་བྱང་ཆུབ་སེམས་དཔའ་ཡིན་ན། སྔར་བགམ་དགོས་ཀྱི་སད་དུ་འདོང་ངོ༌། །ཁྱོད་ཀྱིས་ནི། ཕུག་རོན་ཞིག་ཏུ་སྤྲུལ་ཅིག །ང་ནི། ཁྲ་ཞིག་ཏུ་སྤྲུལ་ཏེ་མགྱོགས་པར་ཁྱོད་ཀྱིས་ཕྱི་བཞིན་དུ་འོང་གི །རྒྱལ་པོ་དེ་གང་ན་བཞུགས་པར་སོང་ལ་སྐྱབས་བཙལ་ནས་བགམ་སྟེ། དེས་སྒྱུ་ཡོད་དམ། བདེན་པ་རྟོགས་པར་འགྱུར་རོ། །བི་ཤྭ་ཀརྨས་སྨྲས་པ། ལྷའི་དབང་པོ། །སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་དཔའ་ལ་འཚེ་བ་ནི། མི་ཤའི། མཆོད་པའི་རིགས་ཀྱི། ཤིན་ཏུ་དཀའ་བའི་དངོས་པོ་འདི་ལྟ་བུས་གཙེ་བའི་མི་རིགས་སོ། །ཞེས་སྨྲས་པ་དང༌། བརྒྱ་བྱིན་ལྷའི་དབང་པོས་ཚིགས་སུ་བཅད་པ་འདི་སྨྲས་སོ། །བདག་ནི་ང་ལ་ངན་སེམས་མིན། །གསེར་ལྟར་སད་ན་མངོན་པར་འགྱུར། །བདེན་པ་རྟོགས་པར་འདོད་པ་ན། །བྱང་ཆུབ་སེམས་དཔའ་སད་པར་བྱ། །ཚིགས་སུ་བཅད་པ་དེ་སྐད་ཅེས་སྨྲས་ནས་བི་ཤྭ་ཀརྨ་ནི། ཕུག་རོན་དུ་སྤྲུལ། བརྒྱ་བྱིན་ནི། ཁྲ་རུ་སྤྲུལ་ནས་ཕུག་རོན་གྱི་ཕྱི་བཞིན་དུ་བདས་ཏེ་བཟུང་ལ་ཐུག་པ་ལྟར་བྱས་པ་དང༌། ཕུག་རོན་སྐྲག་དངངས་ནས་རྒྱལ་པོའི་མཚན་ཁུང་དུ་ཞུགས་ཏེ་རྒྱལ་པོ་ལ་སྲོག་གི་སྐྱབས་གསོལ་ཏོ། །ཁྲ་ཡང་མོད་ལ་ཕྱིན་ཏེ་ཕོ་བྲང་གི་དྲུང་གང་ན་བ་དེར་འདུག་ནས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཕུག་རོན་འདི་ནི། བདག་གི་ཟས་ལགས་ཏེ། འདིར་རྒྱལ་པོ་ལ་བབས་ཀྱི། མྱུར་དུ་བདག་ལ་སྩོལ་ཅིག །བདག་ནི། བཀྲེས་པས་རབ་ཏུ་ཉེན་ཏོ། །ཞེས་སྨྲས་པ་དང༌། རྒྱལ་པོས་སྨྲས་པ། ཁོ་བོས་ནི། གང་བདག་ལ་སྐྱབས་སུ་འོངས་སོ་ཅོག་ལ་ཕྱིར་མི་གཏང་བར་དམ་བཅས་པས་འདི་ཡང་མི་སྦྱིན་ནོ། །ཞེས་སྨྲས་པ་དང༌། ཡང་ཁྲས་སྨྲས་པ། རྒྱལ་པོས་གསུངས་པ་ལྟར་ཐམས་ཅད་ཀྱི་སྐྱབས་མཛད་དོ། །ཞེ་ན། གལ་ཏེ་བདག་གི་ཟས་མི་སྩལ་ན་བདག་ཀྱང་འཚོ་བ་དང་འབྲལ་ན། ཅི་བདག་ཀྱང་ཐམས་ཅད་ཀྱི་ནང་དུ་མ་གཏོགས་སམ། རྒྱལ་པོས་སྨྲས་པ། ཁྱོད་ལ་ཤ་གཞན་ཞིག་སྦྱིན་ན་ཟའམ། ཁྲས་སྨྲས་པ། བདག་ནི། གསར་དུ་བཀུམ་པའི་ཤ་རློན་པ་མཆིས་ན་འཚལ་ལོ། །ཞེས་སྨྲས་པ་དང༌། རྒྱལ་པོ་དེས་འདི་སྙམ་དུ་སེམས་སོ། །དེ་བདག་གིས་གསར་དུ་བསད་པའི་ཤ་རློན་པ་ཞིག་སྦྱར་ན་ནི། གཅིག་བསད་ད་གཅིག་གསོ་བ་རིགས་པ་མ་ཡིན་ཏེ། དོན་མེད་དོ་སྙམ་བསམས་ནས་ཡང་འདི་སྙམ་དུ་སེམས་སོ། །བདག་འབའ་ཞིག་གི་ལུས་མ་གཏོགས་པར་གཞན་ཇི་ཙམ་སྲོག་དང་བཅས་པ་ཐམས་ཅད་ནི། སྲོག་ཕངས་སོ་སྙམ་བསམས་ནས་གྲི་རྣོན་པོ་ཐོགས་ཏེ་བརླའི་ཤ་བཅད་ནས་ཁྲ་ལ་བྱིན་ཏེ་ཕུག་རོན་གྱི་སྲོག་བླུས་སོ། །ཁྲས་སྨྲས་པ། རྒྱལ་པོ་ཁྱོད་སྦྱིན་བདག་ཏུ་གྱུར་ཏེ་ཐམས་ཅད་ལ་སྙོམས་ན། བདག་བྱ་ཆུང་ངུ་ཞིག་ལགས་ཀྱང་སྙོམས་པར་མཛད་འཚལ་བས། གལ་ཏེ་ཕུག་རོན་གྱི་སྲོག་བླུ་ན། སྲང་གིས་བཅལ་ཏེ་མཉམ་པ་མཛད་དུ་གསོལ་ཞེས་སྨྲས་པ་དང༌།རྒྱལ་པོས་སྲང་ལོངས་ཤིག་ཅེས་བཀའ་སྩལ་ཏེ། སྲང་གི་ཁུ་ལེར་ཕུག་རོན་བཞག །སྲང་གི་གཞིར་ནི་ཤ་བཅད་པ་སྤུངས་ན། བརླའི་ཤ་ཟད་ཀྱང་ཕུག་རོན་པས་ཡང་ངོ། །ཕྲག་པ་གཉིས་དང༌། རྩིབ་ལོགས་གཡས་གཡོན་དང༌། ལུས་ཀྱི་ཤ་ཟད་པར་བཅད་ཀྱང་ཕུག་རོན་དང་མཉམ་པར་མ་གྱུར་ནས་རྒྱལ་པོ་དེ་ཉིད་བཞེངས་ཏེ་སྲང་གི་ནང་དུ་འགྲོ་བར་གཟས་པ་ལས། ཉམས་ཀྱིས་མ་ནུས་ཏེ་ས་ལ་འགྱེལ་ནས་བརྒྱལ་ལོ། །དེ་ནས་རིང་ཞིག་ལོན་པ་དང་དྲན་པར་གྱུར་ནས་བདག་གི་སེམས་ལ་འདི་སྐད་ཅེས་སྨད་དོ། །ཐོག་མ་མེད་པའི་དུས་ནས་ཁྱོད་ཀྱིས་མ་ནུས་པས་ཁམས་གསུམ་དུ་འཁོར་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་བར་གྱུར་ཀྱང་བསོད་ནམས་ཀྱི་ཚོགས་སུ་མ་གྱུར་ཏོ། །བརྩོན་འགྲུས་བརྩམས་པའི་དུས་ལ་བབ་སྟེ། ལེ་ལོ་བྱ་བའི་དུས་མ་ཡིན་ནོ། །ཞེས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བརྒྱད་དཀག་སྟེ། དེ་ནས་འབད་ནས་དེ་ནས་སྲང་གི་གཞིའི་ནང་དུ་ཕྱིན་པ་དང༌། ད་ནི། ལེགས་སོ་ཞེས་རབ་ཏུ་དགའ་བའི་སེམས་སྐྱེས་སོ། །དེའི་ཚེ་གནམས་རྣམ་པ་དྲུག་ཏུ་གཡོས་པས་ལྷ་རྣམས་ཀྱི་ཕོ་བྲང་ཡང་འགུལ་ཞིང་ལྡེག་པར་གྱུར་ཏེ། གཟུགས་ཀྱི་ཁམས་ཀྱི་ལྷ་མན་ཆད་ཐམས་ཅད་ལྷགས་ནས་སྟེང་གི་བར་སྣང་ལ་འཁོད་དོ། །བྱང་ཆུབ་སེམས་དཔས་ཤིན་ཏུ་དཀའ་བ་སྤྱད་ཅིང་ལུས་ཀྱང་གཏན་མ་རུངས་པར་བྱས་ཏེ་ཆོས་ཀྱི་ཕྱིར་ལུས་དང་སྲོག་ལ་མི་ལྟ་བར་གྱུར་པའི་དངོས་པོ་དེ་དག་མཐོང་ནས་མཆི་མ་ཆར་བཞིན་དུ་ཟག་ཅིང་ངུས་ཏེ་ལྷ་རྫས་ཀྱི་མེ་ཏོག་ཆར་བཞིན་དུ་ཕབ་ནས་མཆོད་པ་བྱས་སོ། །དེའི་ཚེ་ན་བརྒྱ་བྱིན་གྱིས་སྔོན་གྱི་ལུས་སུ་བ་སྒྱུར་ཏེ་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོས་འདི་ལྟ་བུའི་ཤིན་ཏུ་དཀའ་བ་མཛད་པ་འདིས་ཅི་ཞིག་བཞེད། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞེད་དམ། བརྒྱ་བྱིན་ནམ། བདུད་ཀྱི་རྒྱལ་པོའམ། ཁམས་གསུམ་གྱི་དབང་པོ་བཞེད་དམ། ཅི་བཞེད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔས་སྨྲས་པ། བདག་འདོད་པ་ནི། ཁམས་གསུམ་གྱི་ཆེ་བཙན་གྱི་ལོངས་སྤྱོད་འདོད་པ་མ་ཡིན་གྱི། བསོད་ནམས་ཅི་བྱེད་ཀྱང་བླ་ན་མེད་པའི་བྱང་ཆུབ་འདོད་དོ། །བརྒྱ་བྱིན་གྱིས་སྨྲས་པ། འདི་ལྟར་ལུས་ཞིག་ཅིང་མ་རུངས་པར་བྱས་ཏེ་རུས་པ་ལ་ཐུག་པའི་སྡུག་བསྔལ་མྱོང་བར་གྱུར་པ་འདི་ལ་མི་འགྱོད་དམ་ཞེས་སྨྲས་པ་དང༌། རྒྱལ་པོས་འགྱོད་པ་མེད་དོ། །ཞེས་སྨྲས་སོ། །བརྒྱ་བྱིན་གྱིས་སྨྲས་པ། འགྱོད་པ་མེད་ཅེས་སྨྲས་མོད་ཀྱི། ད་ལྟར་ལུས་འདར་ཞིང་རྡེག་ལ་དབུགས་ཆད་པ་ཙམ་དུ་སྨྲ་ཡང་མ་ནུས་པ་ལ་བལྟས་ན། འགྱོད་པ་མེད་པར་ཅིས་ཡིད་ཆེས་པར་འགྱུར། རྒྱལ་པོས་སྨྲས་པ། བདག་ཐོག་མ་ནས་ཐ་མའི་བར་དུ་བ་སྤུའི་ཉག་མ་ཙམ་གྱི་འགྱོད་པའི་སེམས་མེད་ལ། བདག་ཅི་དང་ཅི་འདོད་པ་གདོན་མི་ཟ་བར་འགྲུབ་སྟེ། སྨྲས་པའི་ཚིག་འདི་བདེན་ན། བདེན་པའི་ཚིག་སྨྲས་པས་བདག་གི་ལུས་འདི་སྔ་མཁོ་བཞིན་དུ་རྨ་མེད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་རྒྱལ་པོའི་ལུས་སྔོན་པས་ཀྱང་ལྷག་པར་བཟང་པོར་གྱུར་ཏེ། ལྷ་དང་མིའི་འཇིག་རྟེན་དུ་བཅས་པ་ཐམས་ཅད་དགའ་མགུ་རངས་ནས་ངོ་མཚར་སྨད་དུ་གྱུར་ཏོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་ཤི་བི་ནི། ད་ལྟར་སངས་རྒྱས་ལགས་ཏེ། བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་ཡང་སེམས་ཅན་མང་པོའི་སླད་དུ་སྐུ་ཚེ་ལ་མ་གཟིགས་ན། ད་བཅོམ་ལྡན་འདས་ཆོས་ཀྱི་རྒྱ་མཚོ་ནི། ཡོངས་སུ་རྫོགས། ཆོས་ཀྱི་རྒྱལ་མཚན་ནི། བསྒྲེང༌། ཆོས་ཀྱི་རྔ་ཡང་རབ་ཏུ་བརྡུངས། ཆོས་ཀྱི་སྒྲོན་མེ་ཡང་གསལ་བར་མཛད་དེ། ཕན་པ་དང་བདེ་བའི་དོན་མཛད་པའི་དུས་ལ་བབ་ན། ཅིའི་སླད་དུ་ཆོས་ཀྱང་མ་བསྟན་པར་སེམས་ཅན་ཐམས་ཅད་ཡོངས་སུ་བཏང་སྟེ་མྱ་ངན་ལས་འདའ་བར་དགོངས། དེའི་ཚེ་ན་ཚངས་པའི་རྒྱལ་པོས་དེ་བཞིན་གཤེགས་པའི་སྤྱན་སྔར་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པས་སྔོན་གྱི་སྐུ་ཚེ་ལ་ཆོས་ཇི་ལྟར་བཙལ་བ་དང༌། སེམས་ཅན་གྱི་སླད་དུ་དབུ་སྟོང་ཙམ་ཡང་བཏང་བར་གྱུར་ཏོ། །ཞེས་བསྔགས་ཤིང་བསྟོད་པ་བྱས་སོ། །དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་ཚངས་པའི་རྒྱལ་པོས་གསོལ་པ་བཞིན་དུ་གནང་བ་མཛད་ནས་ཡུལ་ཝཱ་ར་ཎཱ་སིའི་རི་དྭགས་ལ་མི་འཇིགས་པ་བྱིན་པའི་གནས་སུ་གཤེགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བས་དཀོན་མཆོག་གསུམ་ཡང་འཇིག་རྟེན་ན་མངོན་སུམ་དུ་གྱུར་ཏོ། །དེའི་ཚེ་དེ་སྐད་ཅེས་གསུངས་ནས་ལྷ་དང༌། མི་དང༌། ཀླུ་དང༌། གནོད་སྦྱིན་དང༌། ལྷ་མ་ཡིན་སྡེ་བརྒྱད་ལ་སོགས་པ་ཐམས་ཅད་མངོན་པར་དགའ་ནས་རྗེས་སུ་སྤྱོད་དོ། །དཔེ་སྣ་ཚོགས་བསྟན་པའི་ལེའུ་སྟེ་དང་པོའོ།། །།
 

 

བརྒྱུད་འགོད།