ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ཉི་ཤུ་དགུ་པ།

    སྤེལ་དུས།  2015-12-07 11:21:54         ཀློག་ཐེངས།  

 

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ཉི་ཤུ་དགུ་པ།
 
བམ་པོ་ཉི་ཤུ་དགུ་པ།ཤཱ་རིའི་བུས་སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཡོངས་སུ་གཟུང་བར་བྱ་བ་དང༌།མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན།ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་ཡོངས་སུ་གཟུང་བར་བྱ་བ་དང༌།མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡོངས་སུ་གཟུང་བར་བྱ་བ་དང༌།མེད་པར་བྱ་བའི་ཕྱིར་མི་སློབ་པ་ཡིན།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མེད་དེ།དེ་ཅིའི་ཕྱིར་ཞེ་ན།ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་གཟུགས་ཀྱིས་གཟུགས་ཡོངས་སུ་གཟུང་དུ་མེད་པས་སོ། །ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།ཤཱ་རིའི་བུ་འདི་ལྟར་རྣམ་པར་ཤེས་པ་ཡོངས་སུ་གཟུངས་དུ་མེད་དོ།དེ་ཅིའི་ཕྱིར་ན།རྣམ་པར་ཤེས་པ་རྣམ་པར་ཤེས་པས་ཡོངས་སུ་གཟུང་དུ་མེད་པས་སོ། །དེ་བཞིན་དུ་སོ་སོ་བ་དང༌།བསྡུས་བའི་ཕུང་པོ་དང༌།ཁམས་དང༌།སྐྱེ་མཆེད་དང༌།རྟེན་ཅིང་འབྲེལ་བར་འབྱུང་བ་དང༌།ཕ་རོལ་ཏུ་ཕྱིན་པ་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌།བདེན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དང༌།སྟོབས་བཅུ་དང༌།མི་འཇིགས་པ་དང༌།སོ་སོ་ཡང་དག་པར་རིག་པ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡོངས་སུ་གཟུང་དུ་མེད་དེ།དེ་ཅིའི་ཕྱིར་ཞེ་ན།འདི་ལྟ་སྟེ།ཆོས་མ་འདྲེས་པ་ཆོས་མ་འདྲེས་པས་ཡོངས་སུ་གཟུང་དུ་མེད་པས་སོ། །ཤཱ་རིའི་བུ་འདི་ལྟ་སྟེ།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་དུ་མེད་དེ་  །དེ་ཅིའི་ཕྱིར་ཞེ་ན།འདི་ལྟ་སྟེ།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་གཟུང་དུ་མེད་པས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་ཅིང་ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ། །ཤཱ་རིའི་བུས་སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བམ།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངམ།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་བཟོད་པར་གཏོགས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཡོངས་སུ་གཟུང་བར་བྱ་བ་དང༌།མེད་པར་བྱ་བའི་ཕྱིར་མི་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ངེས་པར་འབྱུང་བར་འགྱུར།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།གཟུགས་ཀྱི་སྐྱེ་བ་མི་མཐོང༌།འགག་པ་དང༌།བླང་བ་དང༌།དོར་བ་དང། ཀུན་ནས་ཉོན་མོངས་པ་དང༌།རྣམ་པ་བྱང་བ་དང༌།སྩོགས་པ་དང༌།འབྲི་བ་དང༌།འགྲིབ་པ་དང༌།འཕེལ་བ་མི་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན།ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱི་རང་བཞིན་གྱིས་མེད་པས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་བའི་སྐྱེ་བ་མི་མཐོང་ངོ། །འགག་པ་དང༌།བླང་བ་དང༌།དོར་བ་དང༌།ཀུན་ནས་ཉོན་མོངས་པ་དང༌།རྣམ་པར་བྱང་བ་དང༌།སྩོགས་པ་དང༌།འབྲི་བ་དང༌།འགྲིབ་པ་དང༌།འཕེལ་བ་མི་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན།ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་རང་བཞིན་གྱིས་མེད་པས་སོ། །དེ་བཞིན་དུ་སོ་སོ་བ་དང༌།བསྡུས་པའི་ཕུང་པོ་རྣམས་དང༌།ཁམས་རྣམས་དང༌།སྐྱེ་མཆེད་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང༌།ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌།ཚད་མེད་པ་རྣམས་དང༌།བསམ་གཏན་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།བདེན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།ཏིང་ངེ་འཛིན་རྣམས་དང༌།སྟོབས་རྣམས་དང༌།སོ་སོ་ཡང་དག་པར་རིག་པ་རྣམས་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྐྱེ་བ་མི་མཐོང༌།འགག་དང༌།བླང་བ་དང༌།དོར་བ་དང༌།ཀུན་ནས་ཉོན་མོངས་པ་དང༌།རྣམ་པར་བྱང་བ་དང༌།སྩོགས་པ་དང༌།འབྲི་བ་དང༌།འགྲིབ་པ་དང༌།འཕེལ་བ་མི་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཀྱི་རང་བཞིན་གྱིས་མེད་ཅིང་མི་དམིགས་པས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌།འགག་པ་མེད་པ་དང༌།བླང་བ་མེད་པ་དང༌།དོར་བ་མེད་པ་དང༌།ཀུན་ནས་ཉོན་མོངས་པ་མེད་པ་དང༌།རྣམ་པར་བྱང་བ་མེད་པ་དང༌།སྩོགས་པ་མེད་པ་དང༌།འབྲི་བ་མེད་པ་དང༌།འགྲིབ་པ་མེད་པ་དང༌།འཕེལ་བ་མེད་པའི་ཕྱིར་སློབ་ན།མི་སློབ་པ་དང༌།ངེས་པར་མི་འབྱུང་བའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཆོས་ཀྱི་མཆོག་ཏུ་གཏོགས་བ་ཡིན་ནོ། །འདི་དག་གིས་ནི་རང་སངས་རྒྱས་ཀྱི་ལམ་གསུངས་པ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལས་བཙལ་བར་བྱ།ཤཱ་རིའི་བུས་སྨྲས་པ།ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་འཕགས་པ་ཤཱ་རིའི་བུ་འདི་སྐད་དུ་ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རབ་འབྱོར་གྱི་ལེའུ་ལས་ཙལ་བར་བྱའོ་ཞེས་ཟེར་བ་དེ་ཁྱོད་ཀྱི་མཐུ་ཡིན་ནམ།ཁྱོད་ཀྱི་བྱིན་གྱི་རླབས་ཡིན་ནམ།རབ་འབྱོར་གྱིས་སྨྲས་པ།ཀཽ་ཤི་ཀ་འདི་ནི་བདག་གི་མཐུ་མ་ཡིན།འདི་ནི་བདག་གི་བྱིན་གྱི་རླབས་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ།བཙུན་པ་རབ་འབྱོར་འོ་ན་དེ་སུའི་མཐུ་སུའི་བྱིན་གྱི་རླབས།རབ་འབྱོར་གྱིས་སྨྲས་པ།ཀཽ་ཤི་ཀ་འདི་ནི་དེ་བཞིན་གཤེགས་པའི་མཐུ།འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སོ། །ལྷ་རྣམས་ཀྱི་དབང་པོ་བྱིན་གྱི་རླབས་མེད་པའི་ཆོས་ཉིད་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་དེ་བཞིན་ཉིད་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་ཏེ།ཆོས་ཐམས་ཅད་བྱིན་གྱི་རླབས་མེད་པའི། །ལྷ་རྣམས་ཀྱི་དབང་པོས་སྨྲས་པ།འཕགས་པ་རབ་འབྱོར་ཆོས་ཐམས་ཅད་བྱིན་གྱི་རླབས་མེད་པ་ཡིན་ན།ཅིའི་ཕྱིར་དེ་སྐད་དུ་འདི་ནི་དེ་བཞིན་གཤེགས་པའི་མཐུའོ། །འདི་ནི་དེ་བཞིན་གཤེགས་བའི་ན་གྱི་རླབས་སོ་ཞེས་སྨྲ།རབ་འབྱོར་གྱིས་སྨྲས་པ།ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།བྱིན་གྱི་རླབས་མེད་པའི་ཆོས་ཉིད་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མེ་དམིགས་ལ།དེ་བཞིན་ཉིད་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །བྱིན་གྱི་རླབས་མེད་པའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་ལ།དེ་བཞིན་གཤེགས་པ་ལ་ཡང་བྱིན་གྱི་རླབས་མེད་པའི་ཆོས་ཉིད་མི་དམིགས་སོ། །དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་དེ་བཞིན་ཉིད་མི་དམིགས་སོ། །གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་སོ། །གཟུགས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་ཆོས་ཉིད་མི་དམིགས་སོ་ཚོར་བའི་དེ་བཞིན་ཉིད་དང༌།འདུ་ཤེས་ཀྱི་དེ་བཞིན་ཉིད་དང༌།འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་དང༌།རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་སོ། །རྣམ་པར་ཤེས་པའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་རྣམ་པར་ཤེས་པའི་ཆོས་ཉིད་མི་དམིགས་སོ། །དེ་བཞིན་དུ་ཕུང་པོ་རྣམས་དང༌།ཁམས་དང༌།སྐྱེ་མཆེད་དང༌།རྟེན་ཅིང་འབྲེལ་པར་འབྱུང་བ་དང༌།ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།འཕགས་པའི་བདེན་པ་རྣམས་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌།ཚད་མེད་པ་རྣམས་དང༌།བསམ་གཏན་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།ཟུངས་ཀྱི་སྒོ་ཐམས་ཅད་དང༌།སྟོབས་དང༌།མི་འཇིགས་པ་དང༌།སོ་སོ་ཡང་དག་པར་རིག་པ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དེ་བཞིན་གཤེགས་པ་ལ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་བཞིན་གཤེགས་པ་དང༌།གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །ཀཽ་ཤི་ཀ་དེ་བཞིན་གཤེགས་པ་དང་གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་པས་སོ། །ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པའི་ཆོས་ཉིད་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །གཟུགས་ཀྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །རྣམ་པར་ཤེས་པའི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །རྒྱས་པར་དེ་བཞིན་གཤེགས་པ་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་བར་དུ་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་དང་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པས་སོ། །ཀཽ་ཤི་ཀ་འདིར་ཆོས་ཐམས་ཅད་དང་ལྡན་པ་ཡང་མ་ཡིན།བྲལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ནི་དེའི་མཐུ་སྟེ།དེའི་བྱིན་གྱི་རླབས་ཀྱི་ཚུལ་གྱིས་སོ། །ཀཽ་ཤི་ཀ་གང་ཡང་འདི་སྐད་དུ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ་ཞེས་ཟེར་བ་ནི་གཟུགས་ལས་བཙལ་བར་མི་བྱ།གཟུགས་ལས་གཞན་དུ་ཡང་བཙལ་བར་མི་བྱའོ། །ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་ལས་བཙལ་བར་མི་བྱ།རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང༌།གཟུགས་གང་ཡིན་པ་དང༌།ཚོར་བ་གང་ཡིན་པ་དང། ། དུ་ཤེས་གང་ཡིན་པ་དང༌།འདུ་བྱེད་རྣམས་གང་ཡིན་པ་དང༌།རྣམ་པར་ཤེས་པ་གང་ཡིན་པ་དང༌།བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན།མི་ལྡན་པ་ཡང་མ་ཡིན།གཟུགས་མེད་པ།བསྟན་དུ་མེད་པ།ཐོགས་ལ་མེད་པ།མཚན་ཉིད་གཅིག་པ་སྟེ།འདི་ལྟར་མཚན་ཉིད་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་རྣམས་དང༌།སྐྱེ་མཆེད་རྣམས་དང༌།རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང༌།ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌།ཚད་མེད་པ་དང༌།བསམ་གཏན་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།བདེན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཏིང་ངེ་འཛིན་རྣམས་དང༌།གཟུངས་ཀྱི་སྒོ་རྣམས་དང༌།སྟོབས་རྣམས་དང༌།མི་འཇིགས་པ་རྣམས་དང༌།སོ་སོ་ཡང་དག་པར་རིག་པ་རྣམས་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ཀྱང་བཙལ་བར་མི་བྱ།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དང༌།བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །གཟུགས་མེད་པ།བསྟན་དུ་མེད་པ།ཐོགས་པ་མེད་པ་མཚན་ཉིད་གཅིགཔ་སྟེ།འདི་ལྟར་མཚན་ཉིད་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།གཟུགས་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།ཚོར་བ་མ་ཡིན།འདུ་ཤེས་མ་ཡིན།འདུ་བྱེད་རྣམས་མ་ཡིན།རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པར་ཤེས་པ་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སོ་སོ་བ་དང༌།བསྡུས་པའི་ཕུང་པོ་དང༌།ཁམས་དང༌།སྐྱེ་མཆེད་དང༌།རྟེན་ཅིང་འབྲེལ་པར་འབྱུང་བ་དང༌།ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌།ཚད་མེད་པ་རྣམས་དང༌།བསམ་གཏན་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།བདེན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དང། སྟོབས་རྣམས་དང༌།མི་འཇིགས་པ་རྣམས་དང༌།སོ་སོ་ཡང་དག་པར་རིག་པ་རྣམས་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌།རྣམ་པ་ཐམས་ཅད་མཁྱེན་བ་ཉིད་ཀྱི་བར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།དེ་བཞིན་དུ་གཟུགས་ཀྱི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།ཚོར་བའི་དེ་བཞིན་ཉིད་མ་ཡིན།འདུ་ཤེས་ཀྱི་དེ་བཞིན་ཉིད་མ་ཡིན།འདུ་བྱེད་རྣམས་ཀྱི་དེ་བཞིན་ཉིད་མ་ཡིན།རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།གཟུགས་ཀྱི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།གཟུགས་ཀྱི་ཆོས་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།ཚོར་བའི་ཆོས་ཉིད་མ་ཡིན།འདུ་ཤེས་ཀྱི་ཆོས་ཉིད་མ་ཡིན།འདུ་བྱེད་རྣམས་ཀྱི་ཆོས་ཉིད་མ་ཡིན།རྣམ་པར་ཤེས་པའི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པར་ཤེས་པའི་ཆོས་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་དེ་དག་ཐམས་ཅད་ནི་མེད་ཅིང་མི་དམིགས་པས་ཏེ།དེ་ལྟར་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པས་ན་གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།གཟུགས་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།གཟུགས་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།གཟུགས་ཀྱི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། གཟུགས་ཀྱི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།གཟུགས་ཀྱི་ཆོས་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།ཚོར་བ་མ་ཡིན།འདུ་ཤེས་མ་ཡིན།འདུ་བྱེད་རྣམས་མ་ཡིན།རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པར་ཤེས་པ་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པར་ཤེས་པའི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པར་ཤེས་པའི་ཆོས་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།དེ་བཞིན་དུ་སོ་སོ་བ་དང༌།བསྡུས་བའི་ཕུང་པོ་དང༌།ཁམས་དང༌།སྐྱེ་མཆེད་དང༌།རྟེན་ཅིང་འབྲེལ་པར་འབྱུང་བ་དང༌།ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌།ཚད་མེད་པ་རྣམས་དང༌།བསམ་གཏན་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།བདེན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དང༌།སྟོབས་བཅུ་དང༌།མི་འཇིགས་པ་རྣམས་དང༌།སོ་སོ་ཡང་དག་པར་རིག་པ་རྣམས་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་ཕན་ཡོན་དང་བཅས་པའི་དབང་དུ་བྱས་ནས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་།སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལ་བསླབས་ཤིང་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང༌།ཕྱིར་མི་འོང་བ་དང༌།དགྲ་བཅོམ་པ་རྣམས་དང༌།རང་སངས་རྒྱས་ཀྱིས་ཀྱང་རང་བྱང་ཆུབ་རབ་ཏུ་འཐོབ་པོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ།ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ལ་བསླབས་ཤིང་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང༌།ཕྱིར་མི་འོང་བ་དང༌།དགྲ་བཅོམ་པ་རྣམས་དང༌།རང་སངས་རྒྱས་རྣམས་ཀྱིས་ནི་རང་བྱང་ཆུབ་འཐོབ་པོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།གཟུགས་ཆེན་པོ་ཉིད་ཡིན་པའི་ཕྱིར།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་ཉིད་དེ།དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་སྔོན་གྱི་མཐའ་མི་དམིགས།ཕྱི་མའི་མཐའ་མི་དམིགས།དབུས་མི་དམིགས་སོ། །ཀཽ་ཤི་ཀ་ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་ཆེན་པོ་ཉིད་ཡིན་པའི་ཕྱིར།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་ཉིད་དེ།དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མི་དམིགས།ཕྱི་མའི་མཐའ་མི་དམིགས།དབུས་མི་དམིགས་སོ། །དེ་བཞིན་དུ་སོ་སོ་བ་དང༌།བསྡུས་པའི་ཕུང་པོ་དང༌།ཁམས་དང༌།སྐྱེ་མཆེད་དང༌།རྟེན་ཅིང་འབྲེལ་པར་འབྱུང་བ་དང༌།ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌།ཚད་མེད་པ་རྣམས་དང༌།བསམ་གཏན་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།བདེན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དང༌།དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌།མི་འཇིགས་པ་བཞི་དང༌།སོ་སོ་ཡང་དག་པར་རིག་པ་བཞི་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆེན་པོ་ཡིན་པའི་ཕྱིར།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་ཉིད་དེ།དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྔོན་གྱི་མཐའ་མི་དམིགས།ཕྱི་མའི་མཐའ་མི་དམིགས།དབུས་མི་དམིགས་སོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆེན་པོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཡིན་ནོ། །ཀཽ་ཤི་ཀ་གཟུགས་ལ་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཚད་མེད་པ་ནི་དམིགས་སུ་མེད་པས་སོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ནམ་མཁའི་ཚད་ནི་དམིགས་སུ་མེད་དེ།ཀཽ་ཤི་ཀ་དེ་བཞིན་དུ་གཟུགས་ཀྱི་ཚད་ཀྱང་དམིགས་སུ་མེད་དེ།ནམ་མཁའ་ལ་ཚད་མེད་པའི་ཕྱིར་གཟུགས་ལ་ཚད་མེད་དེ།གཟུགས་ལ་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་མེད་པའོ། །ཀཽ་ཤི་ཀ་ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་ལ་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཚད་ནི་དམིགས་སུ་མེད་དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ནམ་མཁའི་ཚད་ནི་དམིགས་སུ་མེད་དོ། །ཀཽ་ཤི་ཀ་དེ་བཞིན་དུ་རྣམ་པར་ཤེས་པའི་ཚད་ནི་དམིགས་སུ་མེད་དེ།ནམ་མཁའ་ལ་ཚད་མེད་པའི་ཕྱིར།རྣམ་པར་ཤེས་པ་ལ་ཚད་མེད་དོ། །རྣམ་པར་ཤེས་པ་ལ་ཚད་མེད་པའི་ཕྱིར།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མེད་པས་སོ། །ཀཽ་ཤི་ཀ་དེ་བཞིན་དུ་ཕུང་པོ་དང༌།ཁམས་དང༌།སྐྱེ་མཆེད་དང༌།རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌།བདེན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།ཚད་མེད་པ་རྣམས་དང༌།བསམ་གཏན་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཏིང་ངེ་འཛིན་དང༌།གཟུངས་ཀྱི་སྒོ་དང༌།སྟོབས་བཅུ་དང༌།མི་འཇིགས་པ་དང༌།སོ་སོ་ཡང་དག་པར་རིག་པ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་ནི་དམིགས་སུ་མེད་པས་སོ།།ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ནམ་མཁའི་ཚད་ནི་དམིགས་སུ་མེད་དོ། །ཀཽ་ཤི་ཀ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་ཀྱང་དམིགས་སུ་མེད་དེ།ནམ་མཁའ་ལ་ཚད་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཚད་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པའོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པ་ཡིན་ནོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་བཟོད་པ་ཡིན་ནོ། །ཀཽ་ཤི་ཀ་གཟུགས་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་ཚད་ནི་དམིགས་སུ་མེད་པས་སོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན་ནམ་མཁའི་ཚད་ནི་དམིགས་སུ་མེད་དོ། །ཀཽ་ཤི་ཀ་དེ་བཞིན་དུ་གཟུགས་ཀྱི་ཚད་ཀྱང་དམིགས་སུ་མེད་དོ། །ནམ་མཁའ་ལ་ཚད་མེད་པའི་ཕྱིར་གཟུགས་ལ་ཚད་མེད་དོ། །གཟུགས་ལ་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མེད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཡིན་ནོ། །ཀཽ་ཤི་ཀ་གཟུགས་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་མཐའ་དང་དབུས་མི་དམིགས་སོ། །ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཤེས་པའི་མཐའ་དང་དབུས་མི་དམིགས་སོ། །དེ་བཞིན་དུ་སོ་སོ་བ་དང༌།བསྡུས་པའི་ཕུང་པོ་དང༌།ཁམས་དང༌།སྐྱེ་མཆེད་དང༌།རྟེན་ཅིང་འབྲེལ་པར་འབྱུང་བ་དང༌།ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།དྲན་བ་ཉེ་བར་གཞག་པ་རྣམས་དང། ཡང་དག་པར་སྤོང་བ་དང༌།རྫུ་འཕྲུལ་གྱི་རྐང་པ་དང༌།དབང་པོ་དང༌།སྟོབས་དང༌།བྱང་ཆུབ་ཀྱི་ཡན་ལག་དང༌།ཚད་མེད་པ་རྣམས་དང༌།བསམ་གཏན་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།བདེན་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།མངོན་པར་ཤེས་པ་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་དང༌།སྟོབས་བཅུ་དང༌།མི་འཇིགས་པ་དང༌།སོ་སོ་ཡང་དག་པར་རིག་པ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པའོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐའ་དང་དབུས་མི་དམིགས་སོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་མཐའ་ཡས་པའི་ཕྱིར་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མཐའ་ཡས་པའི་ཕྱིར་མཐའ་ཡས་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་དགག་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྷ་རྣམས་ཀྱི་དབང་པོས་སྨྲས་པ།བཙུན་པ་རབ་འབྱོར་ཇི་ལྟར་ན་དམིགས་པ་མཐའ་ཡས་པའི་ཕྱིར།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ།རབ་འབྱོར་གྱིས་སྨྲས་པ།ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཀུན་འབྱུང་བ་དགག་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་ཆོས་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ།བཙུན་པ་རབ་འབྱོར་ཅིའི་ཕྱིར་ཆོས་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ།རབ་འབྱོར་གྱིས་སྨྲས་པ།ཆོས་ཀྱི་དབྱིངས་མཐའ་ཡས་པའི་ཕྱིར།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་རབ་ཏུ་སྐྱེ་བ་དགག་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་དེ་བཞིན་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྷ་རྣམས་ཀྱི་དབང་པོས་སྨྲས་པ།བཙུན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་བཞིན་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ།རབ་འབྱོར་གྱིས་སྨྲས་པ།ཀཽ་ཤི་ཀ་འདི་ལྟར་དེ་བཞིན་ཉིད་མཐའ་ཡས་པའི་ཕྱིར་དམིགས་པ་མཐའ་ཡས་སོ། །དེ་ལྟར་དེ་བཞིན་ཉིད་དམིགས་པ་མཐའ་ཡས་པའི་ཕྱིར།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་རྐྱེན་དགག་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་སེམས་ཅན་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྷ་རྣམས་ཀྱི་དབང་པོས་སྨྲས་པ།བཙུན་པ་རབ་འབྱོར་ཅིའི་ཕྱིར་སེམས་ཅན་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ།འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ།རབ་འབྱོར་གྱིས་སྨྲས་པ།ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས།འདི་ལྟ་སྟེ།སེམས་ཅན་སེམས་ཅན་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན། །ལྷ་རྣམས་ཀྱི་དབང་པོས་སྨྲས་པ།བཙུན་པ་རབ་འབྱོར་འདི་ལྟ་སྟེ།སེམས་ཅན་སེམས་ཅན་ཞེས་བྱ་བ་འདི་ནི་ཆོས་ཀྱི་ཚིག་བླ་དགས་མ་ཡིན་གྱི།འདི་ནི་གློ་བུར་དུ་མིང་དུ་བཏགས་པའོ། །འདི་ནི་དངོས་པོ་མེད་པའི་མིང་དུ་བཏགས་པའོ། །འདི་ནི་དམིགས་པ་མེད་པའི་མིང་དུ་བཏགས་པའོ། །རབ་འབྱོར་གྱིས་སྨྲས་པ།ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་སེམས་ཅན་དུ་བཤད་པ་གང་ཡང་ཡོད་དམ།ལྷ་རྣམས་ཀྱི་དབང་པོས་སྨྲས་པ།བཙུན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ།ཀཽ་ཤི་ཀ་གལ་ཏེ་སེམས་ཅན་དུ་བཤད་པ་མེད་ན་དེ་ལ་སེམས་ཅན་མཐའ་ཡས་པ་ཅི་ཡང་མེད་པའོ། །ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་ཏེ།སེམས་ཅན་སེམས་ཅན་ཞེས་ཚིག་ཏུ་བརྗོད་ན།ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས།དེ་ལ་སེམས་ཅན་གང་ཡང་སྐྱེ་བའམ།འགག་པར་འགྱུར་བ་ཡོད་དམ།ལྷ་རྣམས་ཀྱི་དབང་པོས་སྨྲས་པ།བཙུན་པ་རབ་འབྱོར་དེ་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན།སེམས་ཅན་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ།ཀཽ་ཤི་ཀ་རྣམ་གྲངས་དེས་ན་སེམས་ཅན་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པར་རིག་པར་བྱའོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་སེམས་ཅན་གྱི་ཁམས་ཀྱི་ཆེད་དུ་འཇུག་པ་གསལ་བར་བསྟན་པ་ཡིན་ཏེ།འདི་དག་གིས་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་བསྟན་པ་ཡིན་ནོ།།དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང༌།ཚངས་པ་དང་བཅས་པའི་ལྷ་རྣམས་དང༌།སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་དང༌།སྐྱེས་པ་དང༌།བུད་མེད་དུ་བཅས་པ་དག་གིས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་ནི་འདི་ལྟ་སྟེ།ཨེ་མའོ་ཆོས།ཨེ་མའོ་ཆོས།ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་དེ་བཞིན་གཤེགས་པའི་མཐུ་དང༌།དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་བཤད་ཅིང་བརྗོད་ལ་རབ་ཏུ་གསལ་བར་བྱས་སོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བར་གྱུར་བ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ། །གཟུགས་སམ།ཚོར་བའམ།འདུ་ཤེས་དང༌།འདུ་བྱེད་རྣམས་སམ།རྣམ་པར་ཤེས་པའམ།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཞེས་བྱ་བ་གང་ཡང་དམིགས་སུ་མ་མཆིས་ཀྱང་ཐེག་པ་གསུམ་གྱི་རྣམ་པར་གཞག་པ་མཆིས་ཏེ།གང་ཞེ་ན།ཉན་ཐོས་ཀྱི་ཐེག་པའམ།རང་སངས་རྒྱས་ཀྱི་ཐེག་པའམ།ཐེག་པ་ཆེན་པོའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་རྣམས་ལ་བཀའ་སྩལ་པ།ལྷའི་བུ་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ།གཟུགས་སམ།ཚོར་བའམ།འདུ་ཤེས་སམ།འདུ་བྱེད་རྣམས་སམ།རྣམ་པར་ཤེས་པའམ།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཞེས་བྱ་བ་གང་ཡང་དམིགས་སུ་མེད་ཀྱང་ཐེག་པ་གསུམ་རྣམ་པར་གཞག་པ་ཡོད་དེ། ཉན་ཐོས་ཀྱི་ཐེག་པའམ།རང་སངས་རྒྱས་ཀྱི་ཐེག་པའམ།ཐེག་པ་ཆེན་པོའོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏེ།ཉན་ཐོས་ཀྱི་ཐེག་པའམ།རང་སངས་རྒྱས་ཀྱི་ཐེག་པའམ།ཐེག་པ་ཆེན་པོའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །ནང་སྟོང་པ་ཉིད་ལས་གཞན་དང༌།ཕྱི་སྟོང་པ་ཉིད་ལས་གཞན་དང༌།ཕྱི་ནང་སྟོང་པ་ཉིད་ལས་གཞན་དང༌།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །།དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་ལས་གཞན་དང༌།རྫུ་འཕྲུལ་གྱི་རྐང་པ་དང༌།དབང་པོ་དང༌།སྟོབས་དང༌།བྱང་ཆུབ་ཀྱི་ཡན་ལག་དང༌།ལམ་དང༌།མངོན་པར་ཤེས་པ་དང༌།བདེན་པ་དང༌།ཚད་མེད་པ་དང༌།བསམ་གཏན་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌།ཏིང་ངེ་འཛིན་རྣམས་དང༌།གཟུངས་ཀྱི་སྒོ་རྣམས་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །སྟོབས་བཅུ་དང༌།མི་འཇིགས་པ་དང༌།སོ་སོ་ཡང་དག་པར་རིག་པ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །ལྷའི་བུ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ལ་སློབ་པ་སྟེ།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་པོར་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པོ། །ལྷའི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བར་སྤྱོད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པར་བྱའོ། །ལྷའི་བུ་དག་གང་གི་ཚེ་ང་རྒྱལ་པོའི་ཕོ་བྲང་གི་ནང་མར་མེ་ཅན་ཞེས་བྱ་བའི་ཚོང་འདུས་ཀྱི་དབུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་དྲུང་ན་འདུག་པའི་ཚེ།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར།དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར།དེ་བཞིན་དུ་ནང་སྟོང་པ་ཉིད་དང༌།ཕྱི་སྟོང་པ་ཉིད་དང༌།ཕྱི་ནང་སྟོང་པ་ཉིད་དང༌།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་བྲལ་བར་མ་གྱུར།དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་བྲལ་བར་མ་གྱུར།དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང༌།རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌།དབང་པོ་རྣམས་དང༌།སྟོབས་རྣམས་དང༌།བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌།ལམ་རྣམས་དང་བྲལ་བར་མ་གྱུར།དེ་བཞིན་དུ་ཚད་མེད་པ་བཞི་དང༌།བསམ་གཏན་བཞི་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌།མི་འཇིགས་པ་རྣམས་དང༌།སོ་སོ་ཡང་དག་པར་རིག་པ་རྣམས་དང༌།བྱམས་པ་ཆེན་པོ་དང༌།སྙིང་རྗེ་ཆེན་པོ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌།སངས་རྒྱས་ཀྱི་ཚད་མེད་པ་གཞན་དག་དང་ཡང་བྲལ་བར་མ་གྱུར་ཏེ།དེ་ཡང་མི་དམིགས་པའི་ཚུལ་གྱིས་སོ། །ལྷའི་བུ་དག་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་ཁྱོད་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་ན་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ།ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ང་ལུང་བསྟན་ཏོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་ཆོས་ཤེས་པ་ཡིན་ནོ། །དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་མི་ལེན་མི་འདོར་བའི་ཚུལ་དང༌།དེ་བཞིན་དུ་སོ་སོ་བ་དང༌།བསྡུས་པའི་ཕུང་པོ་རྣམས་དང༌།ཁམས་རྣམས་དང༌།སྐྱེ་མཆེད་རྣམས་དང༌།རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་དང༌།ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།དྲན་པ་ཉེ་བར་གཞག་པ་རྣམས་དང༌།ཡང་དག་པར་སྤོང་བ་རྣམས་དང༌།རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌།དབང་པོ་རྣམས་དང༌།སྟོབས་རྣམས་དང༌།བྱང་ཆུབ་ཀྱི་ཡན་ལག་དང༌།ལམ་དང༌།ཚད་མེད་པ་རྣམས་དང༌།བསམ་གཏན་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།བདེན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དང༌།སྟོབས་བཅུ་དང༌།མི་འཇིགས་པ་དང༌།སོ་སོ་ཡང་དག་པར་རིག་པ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ  །བརྒྱད་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ལེན་མི་འདོར་བའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མཐུན་པར་འཛིན་པ་ངོ་མཚར་ཆེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དང༌།དགེ་སློང་མ་དང༌།དགེ་བསྙེན་དང༌།དགེ་བསྙེན་མའི་འཁོར་བཞི་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌།རྒྱལ་པོ་ཆེན་པོ་བཞི་དང༌།རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང༌།འོག་མིན་གྱི་བར་གྱི་ལྷའི་བུ་རྣམས་འདུས་ཤིང་ཚོགས་པ་རྣམས་དབང་དུ་བཙུགས་ཏེ།ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ།ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ།དགེ་སློང་ངམ།དགེ་སློང་མའམ།དགེ་བསྙེན་ནམ།དགེ་བསྙེན་མའམ།རིགས་ཀྱི་བུའམ།རིགས་ཀྱི་བུ་མོའམ།ལྷའི་བུའམ།ལྷའི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པར་འགྱུར་བ་དང༌།འཆད་བར་འགྱུར་བ་དང༌།ཀློག་པར་འགྱུར་བ་དང༌།ཀུན་ཆུབ་པར་བྱེད་པར་འགྱུར་བ་དང༌།སྒོམ་པར་འགྱུར་བ་དང༌།གཞན་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་གསལ་བར་བྱེད་པར་འགྱུར་བ་དང༌།ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་བ་དང༌།གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་བར་བྱེད་པ་དེ་དག་ནི་བདུད་དམ།བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་འདི་ལྟར་རིགས་ཀྱི་བུ་དང༌།རིགས་ཀྱི་བུ་མོ་དེ་དག་གིས་གཟུགས་སྟོང་པ་ཉིད་ལ་ལེགས་པར་གནས་པར་འགྱུར་བས་སོ། །དེ་བཞིན་དུ་ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་སྟོང་པ་ཉིད་ལ་ལེགས་པར་གནས་པར་འགྱུར་བས་སོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད།མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད།སྨོན་པ་མེད་པས་སྨོན་པ་མེད་པ་ལ་གླགས་མི་རྙེད་པས་སོ། །དེ་བཞིན་དུ་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་དེ་དག་གིས་ཕུང་པོ་དང༌།ཁམས་དང༌།སྐྱེ་མཆེད་དང༌།རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་ལ་ལེགས་པར་གནས་པར་འགྱུར།ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།བདེན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།ཚད་མེད་པ་རྣམས་དང༌།བསམ་གཏན་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ལ་ལེགས་པར་གནས་པར་འགྱུར།དེ་བཞིན་དུ་སྟོང་པ་ཉིད་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དང༌།དྲན་པ་ཉེ་བར་གཞག་པ་དང༌།ཡང་དག་པར་སྤོང་བ་དང༌།རྫུ་འཕྲུལ་གྱི་རྐང་པ་དང༌།དབང་པོ་དང༌།སྟོབས་དང༌།བྱང་ཆུབ་ཀྱི་ཡན་ལག་དང༌།ལམ་རྣམས་སྟོང་པ་ཉིད་ལ་ལེགས་པར་གནས་པར་འགྱུར།དེ་བཞིན་དུ་སྟོབས་བཅུ་དང༌།མི་འཇིགས་པ་དང༌།སོ་སོ་ཡང་དག་པར་རིག་པ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ལེགས་པར་གནས་པར་འགྱུར།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་སྟོང་པ་ཉིད་ལ་ལེགས་པར་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད།མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད།སྨོན་པ་མེད་པས་སྨོན་པ་མེད་པ་ལ་གླགས་མི་རྙེད་པས་སོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་འདི་ལྟར་གང་གིས་གླགས་རྙེད་པར་འགྱུར་བ་དང༌།གང་དུ་གླགས་རྙེད་པར་འགྱུར་བ་དང༌།གང་ལ་གླགས་རྙེད་པར་འགྱུར་བ་དེ་དག་གི་ངོ་བོ་ཉིད་མེད་པས་སོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་དེ་དག་ལ་མིའམ།མི་མ་ཡིན་པ་དག་གིས་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་དེ་མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱམས་པ་དང༌།སྙིང་རྗེ་དང༌།དགའ་བ་དང༌།བཏང་སྙོམས་ཤིན་ཏུ་བསྒོམ་པའི་ཕྱིར་རོ། །རིགས་ཀྱི་བུ་དང༌།རིགས་ཀྱི་བུ་མོ་དེ་དག་ནི་ཉམ་ང་བ་མ་སྤོངས་པར་དུས་བྱེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་ལྟར་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིས་སེམས་ཅད་ཐམས་ཅད་ལ་ཡང་དག་པའི་རིམ་གོས་བསྙེན་བཀུར་བྱས་པའི་ཕྱིར་རོ། །ཀཽ་ཤི་ཀ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའམ།སུམ་ཅུ་རྩ་གསུམ་པའམ།འཐབ་བྲལ་བའམ།དགའ་ལྡན་པའམ།འཕྲུལ་དགའ་པའམ།གཞན་འཕྲུལ་དབང་བྱེད་པའམ།ཚངས་རིས་པའམ།ཚངས་པ་མདུན་ན་འདོན་པའམ།ཚངས་འཁོར་བའམ།འོག་མིན་གྱི་བར་གྱི་ལྷའི་བུ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་དང༌།ལྷའི་བུ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་ཐོས་པ།མ་བཟུང་བ་དང༌།མ་བཅངས་པ་དང༌།མ་ཀླགས་པ་དང༌།ཀུན་ཆུབ་པར་མ་བྱས་པ་དང༌།ཚུལ་བཞིན་དུ་ཡིད་ལ་མ་བྱས་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མ་བྲལ་བར་བྱའོ་ཞེས་བྱ་བ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང༌།ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང༌།ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མ་བྲལ་བར་བྱེད་པའི་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་དེ་དག་ནི་ཀཽ་ཤི་ཀ་ཁྱིམ་སྟོང་པ་ན་འདུག་ཀྱང་རུང༌།བླ་གབ་མེད་པ་ན་འདུག་ཀྱང་རུང༌།ལམ་གོལ་བ་ན་འདུག་ཀྱང་རུང་སྟེ།འཇིགས་པའམ་རེངས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་འདི་ལྟར་རིགས་ཀྱི་བུ་དང༌།རིགས་ཀྱི་བུ་མོ་དེ་དག་གིས་ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་པའི་ཕྱིར་རོ། །ཕྱི་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་པའི་ཕྱིར་རོ། །ཕྱི་ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་པའི་ཕྱིར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་བསྒོམས་པའི་ཕྱིར་རོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་དང༌།སུམ་ཅུ་རྩ་གསུམ་གྱི་ལྷ་དང༌།འཐབ་བྲལ་དང༌།དགའ་ལྡན་དང༌།འཕྲུལ་དགའ་དང༌།གཞན་འཕྲུལ་དབང་བྱེད་དང༌།གནས་གཙང་མའི་བར་གྱི་ལྷའི་བུ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་རིགས་ཀྱི་བུ་དང༌།རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་ཤིང་འཛིན་པ་དང༌།འཆང་བ་དང༌།ཀློག་པ་དང༌།ཀུན་ཆུབ་པར་བགྱིད་པ་དང༌།ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་གཞན་ལ་ཡང་རྒྱ་ཆེར་སྟོན་པ་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བགྱིད་བ་དང་མ་བྲལ་བ་དེ་དག་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང༌།སྦ་བ་དང༌།བསྐྱབ་པར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན།དེ་ནི་འདི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་འཆད་པར་འགྱུར།བྱོལ་སོང་གི་སྐྱེ་གནས་དང༌།གཤིན་རྗེའི་འཇིག་རྟེན་དང༌།ལྷ་ལས་ཕོངས་པ་དང༌།མི་ལས་དབུལ་བ་དང༌།གནོད་པ་དང་འགོ་བའི་ནད་ཐམས་ཅད་རྒྱུན་འཆད་པར་འགྱུར།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར།བསམ་གཏན་བཞི་དང༌།ཚད་མེད་པ་བཞི་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར།ནང་སྟོང་པ་ཉིད་དང༌།ཕྱི་སྟོང་པ་ཉིད་དང༌།ཕྱི་ནང་སྟོང་པ་ཉིད་དང༌།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར།དྲན་པ་ཉེ་བར་གཞག་པ་བཞི་དང༌།ཡང་དག་པར་སྤོང་བ་བཞི་དང༌།རྫུ་འཕྲུལ་གྱི་རྐང་པ་བཞི་དང༌།དབང་པོ་ལྔ་དང༌།སྟོབས་ལྔ་དང༌།བྱང་ཆུབ་ཀྱི་ཡན་ལག་བདུན་དང༌།འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌།འཕགས་པའི་བདེན་པ་བཞི་དང༌།མངོན་པར་ཤེས་པ་དྲུག་དང༌།དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌།མི་འཇིགས་པ་བཞི་དང༌།སོ་སོ་ཡང་དག་པར་རིག་པ་བཞི་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ །འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཏིང་ངེ་འཛིན་དུ་མ་རྣམས་དང༌།གཟུངས་ཀྱི་སྒོ་དུ་མ་རྣམས་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌།བྱང་ཆུབ་སེམས་དཔའི་ལམ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་རྒྱལ་རིགས་སཱ་ལ་ཆེན་པོ་རྣམས་འཇིག་རྟེན་དུ་གདགས་སོ། །བྲམ་ཟེའི་རིགས་སཱ་ལ་ཆེན་པོ་རྣམས་འཇིག་རྟེན་དུ་གདགས་སོ། །ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་རྣམས་འཇིག་རྟེན་དུ་གདགས་སོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སཱ་ལ་ཆེན་པོ་རྣམས་འཇིག་རྟེན་དུ་གདགས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་འཇིག་རྟེན་དུ་གདགས་སོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་དང༌།འཐབ་བྲལ་དང༌།དགའ་ལྡན་དང༌།འཕྲུལ་དགའ་དང༌།གཞན་འཕྲུལ་དབང་བྱེད་དང༌།ཚངས་རིས་དང༌།ཚངས་པ་མདུན་ན་འདོན་དང༌།ཚངས་འཁོར་དང༌།ཚངས་ཆེན་དང༌།འོག་མིན་གྱི་བར་གྱི་ལྷའི་བུ་རྣམས་འཇིག་རྟེན་དུ་གདགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་རྒྱུན་དུ་ཞུགས་པའི་འབྲས་བུར་གདགས་སོ། །རྒྱུན་དུ་ཞུགས་པར་གདགས་སོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བ་དང༌།ཕྱིར་མི་འོང་བའི་འབྲས་བུ་དང༌།ཕྱིར་མི་འོང་བ་དང༌།དགྲ་བཅོམ་པ་ཉིད་དང༌།དགྲ་བཅོམ་པར་འཇིག་རྟེན་དུ་གདགས་སོ། །རང་བྱང་ཆུབ་དང༌།རང་སངས་རྒྱས་སུ་འཇིག་རྟེན་དུ་རབ་ཏུ་གདགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་ཡོངས་སུ་སྨིན་པར་གདགས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གདགས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་གདགས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གདགས་སོ། །སངས་རྒྱས་དཀོན་མཆོག་གདགས་སོ། །ཆོས་དཀོན་མཆོག་གདགས་སོ། །དགེ་འདུན་དཀོན་མཆོག་འཇིག་རྟེན་དུ་གདགས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་ལྷ་དང༌།མི་དང༌།ལྷ་མ་ཡིན་དང༌།དྲི་ཟ་དང༌།གནོད་སྦྱིན་དང༌།ནམ་མཁའ་ལྡིང་དང༌།མིའམ་ཅི་དང༌།ལྟོ་འཕྱེ་ཆེན་པོ་དང༌།མི་དང་མི་མ་ཡིན་པར་བཅས་པའི་འཇིག་རྟེན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བསྲུང་བ་དང༌།སྦ་བ་དང༌།བསྐྱབ་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང༌།བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་དང༌།བྱོལ་སོང་གི་སྐྱེ་གནས་དང༌།གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ལྷ་ལས་ཕོངས་པ་དང༌།མི་ལས་དབུལ་བ་དང༌།གནོད་པ་དང༌།འགོ་བའི་ནད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མེད་པ་རྣམས་དང༌།བསམ་གཏན་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་དང༌།བདེན་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན་སྟོབས་བཅུ་དང༌།མི་འཇིགས་པ་རྣམས་དང༌།སོ་སོ་ཡང་དག་པར་རིག་པ་རྣམས་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་རྒྱལ་རིགས་སཱ་ལ་ཆེན་པོ་དང༌།བྲམ་ཟེའི་རིགས་སཱ་ལ་ཆེན་པོ་དང༌།ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་འཇིག་རྟེན་དུ་གདགས་སོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་རབ་ཏུ་གདགས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང༌།འོག་མིན་གྱི་བར་གྱི་ལྷའི་བུ་རྣམས་འཇིག་རྟེན་དུ་རབ་ཏུ་གདགས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང༌།རྒྱུན་དུ་ཞུགས་པ་དང༌།དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌།ལན་ཅིག་ཕྱིར་འོང་བ་དང༌།ཕྱིར་མི་འོང་བའི་འབྲས་བུ་དང༌།ཕྱིར་མི་འོང་བ་དང༌།དགྲ་བཅོམ་པ་ཉིད་དང༌།དགྲ་བཅོམ་པ་འཇིག་རྟེན་དུ་རབ་ཏུ་གདགས་སོ།རང་བྱང་ཆུབ་དང༌།རང་སངས་རྒྱས་འཇིག་རྟེན་དུ་རབ་ཏུ་གདགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་ཡོངས་སུ་སྨིན་པར་རབ་ཏུ་གདགས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་རབ་ཏུ་གདགས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་རབ་ཏུ་གདགས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་རབ་ཏུ་གདགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སངས་རྒྱས་དཀོན་མཆོག་དང༌།ཆོས་དཀོན་མཆོག་དང༌།དགེ་འདུན་དཀོན་མཆོག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀཽ་ཤི་ཀ་དེ་བས་ན་ལྷ་དང་མི་དང༌།ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། །བླ་མ་དང་བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །རྟག་ཏུ་རྒྱུན་མི་འཆད་པར་དེ་ལ་བསྲུང་བ་དང༌།སྦ་བ་དང༌།བསྐྱབ་པར་བྱའོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རིམ་གྲོར་བྱ་བ་དང༌།བླ་མར་བྱ་བ་དང༌།བསྟི་སྟང་དུ་བྱ་བ་དང༌།མཆོད་པར་བྱ་བར་སེམས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱེད་པའོ། །དེ་བས་ན་ལྷ་དང་མི་དང༌།ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། །རྟག་ཏུ་རྒྱུན་མི་འཆད་པར་དེ་ལ་བསྲུང་བ་དང༌།སྦ་བ་དང༌།བསྐྱབ་པར་བྱའོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟ་སྟེ་དཔེར་ན།འདམ་བུའི་ཚལ་ལམ།འོད་མའི་ཚལ་ལམ།བུ་རམ་ཤིང་གི་ཚལ་ལམ།སྨྱིག་མའི་ཚལ་ལམ།འབྲས་ཀྱི་ཞིང་ངམ།ཏིལ་གྱི་ཞིང་བཞིན་དུ་ཉན་ཐོས་དང༌།རང་སངས་རྒྱས་ཀྱིས་གང་བར་གྱུར་ལ།དེ་དག་ལ་རིགས་ཀྱི་བུའམ། །རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རིམ་གྲོར་བྱས་པ་དང༌།བླ་མར་བྱས་པ་དང༌།བསྟི་སྟང་དུ་བྱས་པ་དང༌།མཆོད་པར་བྱས་པ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་དང་པོ་བསྐྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་ཞིག་ལ་རིམ་གྲོར་བྱས།བླ་མར་བྱས།བསྟི་སྟང་དུ་བྱས།མཆོད་པར་བྱས་ན་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན།འདི་ལྟར་ཀཽ་ཤི་ཀ་ཉན་ཐོས་དང༌།རང་སངས་རྒྱས་དེ་དག་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་གདགས་པ་མ་ཡིན་གྱི།ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་ནི་ཉན་ཐོས་དང༌།རང་སངས་རྒྱས་ཐམས་ཅད་དང༌།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་གདགས་སོ། །ཀཽ་ཤི་ཀ་དེ་བས་ན་ལྷ་དང་མི་དང༌།ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། །བླ་མར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །རྟག་ཏུ་རྒྱུན་མི་འཆད་པར་དེ་ལ་བསྲུང་བ་དང༌།སྦ་བ་དང༌།བསྐྱབ་པར་བྱའོ་ཞེས་བྱ་བ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པའམ།འཆང་བའམ།ཀློག་པའམ།ཀུན་ཆུབ་པར་བགྱིད་པའམ།ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་གིས་མཐོང་བའི་ཆོས་འདི་ལ་ཡོན་ཏན་འདི་དག་ཡོངས་སུ་འཛིན་པར་འགྱུར་ཞིང༌།སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང༌།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང༌།སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བགྱི་བའི་སླད་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་དང༌།སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱས་པའི་དགེ་བའི་རྩ་བ་གང་གིས་འདོད་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མཆོད་པར་བགྱི་བར་འཚལ་བའི་མཆོད་པ་དེས་དེ་དག་དེ་བཞིན་དུ་འཕེལ་བར་བྱེད་ཅིང༌།གང་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་ན་གནས་ཏེ་ཆོས་ཉན་པར་བྱེད་དོ། །ཆོས་གང་ཐོས་པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་དྲན་པ་མི་ཉམས་པ་དང༌།རིགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང༌།མ་མ་ཕུན་སུམ་ཚོགས་པ་དང༌།ཚེ་ཕུན་སུམ་ཚོགས་པ་དང༌།འཁོར་ཕུན་སུམ་ཚོགས་པ་དང༌ །མཚན་ཕུན་སུམ་ཚོགས་པ་དང༌།འོད་ཕུན་སུམ་ཚོགས་པ་དང༌།མིག་ཕུན་སུམ་ཚོགས་པ་དང༌།དབྱངས་ཕུན་སུམ་ཚོགས་པ་དང༌།ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང༌།གཟུགས་ཕུན་སུམ་ཚོགས་པ་དང༌།ཐབས་མཁས་པས་བདག་ཀྱང་སངས་རྒྱས་ཀྱི་སྐུར་མངོན་པར་སྤྲུལ་ཞིང་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་མཆི་བ་དང༌།གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་མི་འགྱུར་བ་དེ་དག་ཏུ་མཆིས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བརྗོད་པ་དང༌།དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་བརྗོད་པ་དང༌།ནང་སྟོང་པ་ཉིད་ཀྱི་ཡོན་ཏན་བརྗོད་པ་དང༌།དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང༌།ཕྱི་ནང་སྟོང་པ་ཉིད་དང༌།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཡོན་ཏན་བརྗོད་པ་དང༌།བསམ་གཏན་གྱི་ཡོན་ཏན་བརྗོད་པ་དང༌།ཚད་མེད་པ་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པའི་ཡོན་ཏན་བརྗོད་པ་དང༌།དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཡོན་ཏན་བརྗོད་པ་དང༌།དེ་བཞིན་དུ་ཡང་དག་པར་སྤོང་བ་དང༌།རྫུན་འཕྲུལ་གྱི་རྐང་པ་དང༌།དབང་པོ་དང༌།སྟོབས་དང༌།བྱང་ཆུབ་ཀྱི་ཡན་ལག་དང༌།འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཡོན་ཏན་བརྗོད་པ་དང༌།འཕགས་པའི་བདེན་པ་བཞི་དང༌།མངོན་པར་ཤེས་པ་དང༌།དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌།མི་འཇིགས་པ་དང༌།སོ་སོ་ཡང་དག་པར་རིག་པ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ཡོན་ཏན་བརྗོད་པ་དང༌།ཐབས་མཁས་པ་བས་ཆོས་སྟོན་པ་དང༌།སེམས་ཅན་རྣམས་ཉན་ཐོས་ཀྱི་ཐེག་པ་དང༌།རང་སངས་རྒྱས་ཀྱི་ཐེག་པ་དང༌།ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པ་གསུམ་ལ་འདུལ་བ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི་འགོག་པ་ལ་ཆོས་ཤེས་པ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་གཟུང་ན།ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར་བ་ནི་འདི་ལྟ་སྟེ།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཚད་མེད་པ་དང༌།བསམ་གཏན་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌།བདེན་པ་དང༌།མངོན་པར་ཤེས་པ་དང༌།སྟོབས་བཅུ་དང༌།མི་འཇིགས་པ་དང༌།སོ་སོ་ཡང་དག་པར་རིག་པ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌།སོ་སོ་བ་དང༌།བསྡུས་པའི་ཕུང་པོ་དང༌།ཁམས་དང༌།སྐྱེ་མཆེད་ཀྱི་བར་ཡོངས་སུ་གཟུང་བར་འགྱུར་བ་དང༌།རྒྱུན་དུ་ཞུགས་པའི་འབྲས་བུ་ཡོངས་སུ་གཟུང་བར་འགྱུར་བ་དང༌།ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌།ཕྱིར་མི་འོང་བའི་འབྲས་བུ་དང༌།དགྲ་བཅོམ་པ་ཉིད་དང༌།རང་བྱང་ཆུབ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་བར་འགྱུར་བ་ཡང་ངོ་མཚར་ཆེའོ། །དེ་སྐད་ཅེས་གསོལ་པ་དང༌།བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དང༌།སྟོང་པ་ཉིད་ཐམས་ཅད་དང༌།ཚད་མེད་པ་དང༌།བསམ་གཏན་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌།བདེན་པ་དང༌།མངོན་པར་ཤེས་པ་དང༌།དགེ་བའི་ལས་ཀྱི་ལམ་ཐམས་ཅད་དང༌།སྟོབས་བཅུ་དང༌།མི་འཇིགས་པ་བཞི་དང༌།སོ་སོ་ཡང་དག་པར་རིག་པ་བཞི་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌།སོ་སོ་བ་དང༌།བསྡུས་པའི་ཕུང་པོ་དང༌།ཁམས་དང༌།སྐྱེ་མཆེད་དང༌།རྟེན་ཅིང་འབྲེལ་པར་འབྱུང་བའི་བར་དང༌།རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཡོངས་སུ་གཟུང་བར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། །འདི་བཟུང་བ་དང༌།བཅངས་པ་དང༌།ཀླགས་པ་དང༌།ཀུན་ཆུབ་པར་བྱས་པ་དང༌།བྲི་བར་བྱས་པ་དང༌།ཚུལ་བཞིན་དུ་ཡིད་ལ་བྱས་ན་རིགས་ཀྱི་བུའམ།རིགས་ཀྱི་བུ་མོས་མཐོང་བའི་ཆོས་འདི་ལ་ཡོན་ཏན་གང་ཡོངས་སུ་འཛིན་པར་འགྱུར་བ་དེ་དག་བསྟན་གྱི་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་གྱིས་ཤིག།བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏེ།བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་མུ་སྟེགས་ཅན་གཞན་དང༌།བདུད་དམ།བདུད་ཀྱི་རིགས་སུ་གཏོགས་པའི་ལྷའམ།གང་ཟག་ང་རྒྱལ་ཅན་ལ་ལ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་བྲལ་བར་འདོད་པ་དང༌།བརྒལ་བར་འདོད་པ་དང༌།བརྩད་པར་འདོད་པ་དང༌།འགལ་བར་འདོད་པ་ཞིག་བྱུང་ན།དབྲལ་བར་འདོད་པ་དང༌།བརྒལ་བར་འདོད་པ་དང༌།བརྩད་པར་འདོད་པ་དང༌།འགལ་བར་འདོད་པ་དེ་དག་གི་དབྲལ་བ་དང༌།བརྒལ་བ་དང༌།བརྩད་པ་དང༌།འགལ་བར་བྱེད་པ་གང་དང་གང་བྱུང་བ་ཀུན་ཀྱང་མྱུར་དུ་ནུབ་ཅིང་མེད་པར་འགྱུར་ཏེ།དབྲལ་བར་འདོད་པ་དང༌།བརྒལ་བར་འདོད་པ་དང༌།བརྩད་པར་འདོད་པ་དང༌།འགལ་བར་འདོད་པ་དེ་དག་གི་བསམ་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུན་རིང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང༌།དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།གང་གི་དོན་དུ་སེམས་ཅན་རྣམས་ཡུན་རིང་པོར་འཐབ་པ་དང༌།རྩོད་པ་དང༌།འགལ་བར་འགྱུར་བའི་ཕྱི་ནང་གི་ཆོས་དེ་དག་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་བཏང་སྟེ།སེམས་ཅན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཚུལ་ཁྲིམས་ངན་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ།སེམས་ཅན་དེ་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཁྲོ་བ་དང༌།གནོད་སེམས་དང༌།འཚེ་བར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ།སེམས་ཅན་དེ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ལེ་ལོར་བྱེད་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ།སེམས་ཅན་དེ་དག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་སེམས་གཡེངས་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ།སེམས་ཅན་དེ་དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཤེས་རབ་འཆལ་བར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །ཀཽ་ཤེ་ཀ་གང་གི་དོན་དུ་སེམས་ཅན་དེ་དག་འདི་ལྟ་སྟེ།རྗེས་སུ་ཆགས་པ་དང༌།ཁོང་ཁྲོ་བ་དང༌།ཀུན་ནས་ལྡང་བ་འཁོར་བ་ནས་འཁོར་བར་གྱུར་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་བཅིལ་ཏེ།སེམས་ཅན་དེ་དག་བསམ་གཏན་བཞི་དང༌།ཚད་མེད་པ་བཞི་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང༌།རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌།དབང་པོ་རྣམས་དང༌།སྟོབས་རྣམས་དང༌།བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌།འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་དང༌།སྟོང་པ་ཉིད་རྣམས་དང༌།མཚན་མ་མེད་པ་རྣམས་དང༌།སྨོན་པ་མེད་པ་རྣམས་དང༌།ཏིང་ངེ་འཛིན་རྣམས་དང༌།གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་པོ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།སྟོབས་བཅུ་པོ་རྣམས་དང༌།མི་འཇིགས་པ་རྣམས་དང༌།སོ་སོ་ཡང་དག་པར་རིག་པར་རིག་པ་རྣམས་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་རྣམས་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང༌།ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌།ཕྱིར་མི་འོང་བའི་འབྲས་བུ་དང༌།དགྲ་བཅོམ་པའི་འབྲས་བུ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །རང་བྱང་ཆུབ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་མཐོང་བའི་ཆོས་འདི་ལ་ཕན་ཡོན་འདི་དག་འབྱུང་སྟེ།ཚེ་རབས་གཞན་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ།སེམས་ཅན་རྣམས་སྨོན་ལམ་ཇི་ལྟ་བ་བཞིན་དུ་རབ་ཏུ་བཀོད་ནས་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཀཽ་ཤི་ཀ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚེ་རབས་གཞན་ལ་འབྱུང་བའི་ཕན་ཡོན་ཞེས་བྱ་བ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་སའི་ཕྱོགས་གང་ན་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང༌།འཆད་བ་དང༌།ཀློག་པ་དང༌།ཀུན་ཆུབ་པར་བྱེད་པ་དང༌།ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡོད་པའི་ས་ཕྱོགས་དེར་བདུད་དང༌།བདུད་ཀྱི་རིགས་སུ་གཏོགས་པའི་ལྷའམ།མུ་སྟེགས་ཅན་གཞན་དག་ཀུན་ཏུ་རྒྱུ་བའམ།གང་ཟག་ང་རྒྱལ་ཅན་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སེམས་རྣམ་པར་གཡེངས་པའམ།བརྒལ་བའམ།བརྩད་པའམ།འགལ་བར་བྱ་བའི་ཕྱིར་འོང་བར་མི་ནུས་ཏེ།དེའི་འོག་ཏུ་དེ་དག་ལ་ཕན་ཡོན་འབྱུང་བར་འགྱུར་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པའི་རིམ་པས་ཐེག་པ་གསུམ་གྱིས་ངེས་པར་བྱུང་ནས་སྡུག་བསྔལ་མཐར་ཕྱིན་པར་འགྱུར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན།རྩི་མ་གྷི་ཞེས་བྱ་བ་དུག་ཐམས་ཅད་ཞི་བར་བྱེད་པ་ཞིག་ཡོད་དེ།དེར༈སྦྲུལ་ལམ་སྲོག་ཆགས་བཀྲེས་པས་མནར་ཞིང་ཟས་ཚོལ་བ་ཞིག་གིས་སྲོག་ཆགས་ཀྱི་རིགས་ལ་ལ་ཞིག་མཐོང་བར་གྱུར་ཏེ།དེས་སྲོག་ཆགས་ཀྱི་རིགས་དེ་བཟའ་བར་འདོད་ནས་དེའི་རྗེས་སུ་འབྲངས་ཏེ་བསྙེན་པར་གྱུར་ན། དེ་ནས་སྲོག་ཆགས་ཀྱི་རིགས་དེ་འཆི་བས་འཇིགས་ཤིང་སྐྲག་སྟེ།རྩི་མ་གྷི་ཞེས་བྱ་བ་གང་ན་ཡོད་པ་དེར་སོང་ནས་དེ་ནས་རྩི་དེའི་དྲི་ཚོར་བ་ཙམ་གྱིས་ཕྱིར་ལྡོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་འདི་ལྟར་སྦྲུལ་གྱི་གདུག་པ་ཟིལ་གྱིས་གནོན་པ་དེ་ནི་རྩི་མ་གྷིའི་རྩིའི་ཡོན་ཏན་ཡིན་པའི་ཕྱིར་ཏེ།ཀཽ་ཤི་ཀ་རྩི་དེ་ནི་དེ་ལྟ་བུའི་མཐུ་དང་ལྡན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང༌།ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང༌།ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་ཀཽ་ཤི་ཀ་རྒོལ་བ་དང༌།རྩོད་པ་དང༌།འགལ་བར་བྱེད་པ་གང་དང་གང་བྱུང་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟི་བརྗིད་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་དེ་དག་མྱུར་དུ་ཉེ་བར་ཞི་བ་དང་མེད་པར་འགྱུར་ཏེ།གང་དང་གང་ནས་བྱུང་བ་དེ་དང་དེ་ཉིད་དུ་མེད་པར་འགྱུར་ཞིང་རྣམ་པར་འཕེལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་འགོག་པ་ལ་རྗེས་སུ་ཤེས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་སྟེ།རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཆོས་གང་དག་ཉེ་བར་ཞི་བར་བྱེད་ཅིང་རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ཞེ་ན།འདི་ལྟ་སྟེ།འདོད་ཆགས་དང༌།ཞེ་སྡང་དང༌།གཏི་མུག་དང༌།མ་རིག་པ་དང༌།འདུ་བྱེད་དང༌།རྣམ་པར་ཤེས་པ་དང༌།མིང་དང་གཟུགས་དང༌།སྐྱེ་མཆེད་དྲུག་དང༌།རེག་པ་དང༌།ཚོར་བ་དང༌།སྲེད་པ་དང༌།ལེན་པ་དང༌།སྲིད་པ་དང༌།སྐྱེ་བ་དང༌།རྒ་ཤི་དང༌།མྱ་ངན་དང༌།སྨྲེ་སྔགས་འདོན་པ་དང༌།སྡུག་བསྔལ་བ་དང༌།ཡིད་མི་བདེ་བ་དང༌།འཁྲུག་པ་དང༌།སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་གི་བར་དུ་ཉེ་བར་ཞི་བར་བྱེད་དེ།རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བར་དུ་གཅོད་པ་དང༌།སྒྲིབ་པ་དང༌།བག་ལ་ཉལ་བ་དང༌།ཀུན་ནས་ལྡང་བ་དང༌།བདག་ཏུ་ལྟ་བ་དང༌།སེམས་ཅན་དུ་ལྟ་བ་དང༌།སྲོག་ཏུ་ལྟ་བ་དང༌།གསོ་བར་ལྟ་བ་དང༌།སྐྱེས་བུར་ལྟ་བ་དང༌།གང་ཟག་ཏུ་ལྟ་བ་དང༌།ཤེད་བུར་ལྟ་བ་དང༌།ཤེད་ལས་སྐྱེས་སུ་ལྟ་བ་དང༌།བྱེད་པ་པོར་ལྟ་བ་དང༌།ཚོར་བ་པོར་ལྟ་བ་དང༌།ཤེས་པ་པོར་ལྟ་བ་དང༌།མཐོང་བ་པོར་ལྟ་བ་དང༌།ཆད་པར་ལྟ་བ་དང༌། །རྟག་པར་ལྟ་བ་དང༌།ཡོད་པར་ལྟ་བ་དང༌།མེད་པར་ལྟ་བ་དང༌།ལྟ་བའི་རྣམ་པ་ཐམས་ཅད་དང༌།སེར་སྣ་དང༌།ཚུལ་ཁྲིམས་ངན་པ་དང༌།གནོད་སེམས་དང༌།ལེ་ལོ་དང༌།འཁྲུག་པ་དང༌།ཤེས་རབ་འཆལ་པ་དང༌།རྟག་པར་འདུ་ཤེས་པ་དང༌།བདེ་བར་འདུ་ཤེས་པ་དང། བདག་ཏུ་འདུ་ཤེས་པ་དང༌།གཙང་བར་འདུ་ཤེས་པ་དང༌།སྡུག་པར་འདུ་ཤེས་པ་དང༌།སྲེད་པའི་རྣམ་པར་དཔྱོད་པ་དང༌།གཟུགས་སུ་འཛིན་པ་དང༌།ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པར་འཛིན་པ་དང༌།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་དང༌།བཟོད་པའི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་དང༌།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་དང༌།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་དང༌།ནང་སྟོང་པ་ཉིད་དུ་འཛིན་པ་དང༌།ཕྱི་སྟོང་པ་ཉིད་དུ་འཛིན་པ་དང༌།ཕྱི་ནང་སྟོང་པ་ཉིད་དུ་འཛིན་པ་དང༌།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འཛིན་པ་དང༌།དྲན་པ་ཉེ་བར་གཞག་པར་འཛིན་པ་དང༌།ཡང་དག་པར་སྤོང་བར་འཛིན་པ་དང༌།རྫུ་འཕྲུལ་གྱི་རྐང་པ་དང༌།དབང་པོ་དང༌།སྟོབས་དང༌།བྱང་ཆུབ་ཀྱི་ཡན་ལག་དང༌།འཕགས་པའི་ལམ་རྣམས་སུ་འཛིན་པ་དང༌།ཚད་མེད་པ་དང༌།བསམ་གཏན་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པར་འཛིན་པ་དང༌།བདེན་པ་དང༌།མངོན་པར་ཤེས་པར་འཛིན་པ་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དུ་འཛིན་པ་དང༌།སྟོབས་བཅུ་དང༌།མི་འཇིགས་པ་དང༌།སོ་སོ་ཡང་དག་པར་རིག་པ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པར་འཛིན་པ་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཛིན་པ་དང༌།མྱ་ངན་ལས་འདས་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ།རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་འཇིག་རྟེན་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམས་དང༌།ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང༌།ཚངས་པ་ཇི་སྙེད་ཡོད་པ་དང༌།མི་མཇེད་ཀྱི་བདག་པོ་ཚངས་པ་དང༌།འོག་མིན་གྱི་བར་གྱི་ལྷའི་བུ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང༌།ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང༌།འདྲི་བར་བྱེད་པ་དང༌།ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང༌།བསྐྱབ་པ་དང༌།སྦ་བར་བྱེད་དོ།། །།
བརྒྱུད་འགོད།