ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ཉི་ཤུ་དྲུག་པ།

    སྤེལ་དུས།  2015-12-07 11:13:45         ཀློག་ཐེངས།  

      ༄༅། །བམ་པོ་ཉི་ཤུ་དྲུག་པ།སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་མ་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་པ་གང་ཡིན།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་གཟུགས་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་སྐྱེ་མཆེད་རྣམས་དང༌།ཁམས་རྣམས་དང༌།རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང༌།ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌།སྟོང་པ་ཉིད་ཐམས་ཅད་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌།བསམ་གཏན་རྣམས་དང༌།ཚད་མེད་པ་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌།མི་འཇིགས་པ་རྣམས་དང༌།སོ་སོ་ཡང་དག་པར་རིག་པ་རྣམས་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་སྐྱེས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་ཅི་སྐྱེས་པ་སྐྱེའམ།འོན་ཏེ་མ་སྐྱེས་པ་སྐྱེ།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་སྐྱེས་པ་མི་སྐྱེ་སྟེ།མ་སྐྱེས་པ་ཡང་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་སྐྱེས་པ་གང་ཡིན་པ་དང༌།མ་སྐྱེས་པ་གང་ཡིན་པའི་ཆོས་འདི་གཉིས་ནི་ལྡན་པ་ཡང་མ་ཡིན།མི་ལྡན་པ་ཡང་མ་ཡིན་ཏེ།གཟུགས་ཅན་ཡང་མ་ཡིན་པ།བསྟན་དུ་མེད་པ།ཐོགས་པ་མེད་པ།མཚན་ཉིད་གཅིག་པ་སྟེ།འདི་ལྟ་སྟེ་མཚན་ཉིད་མེད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་སྐྱེས་པ་ཡང་མི་སྐྱེ་སྟེ།མ་སྐྱེས་པ་ཡང་མི་སྐྱེའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་སྨྲ་བ་སྐྱེ་བ་མེད་སྤོབས་པ་སྐྱེ་བ་མེད་དོ། །ཆོས་སྐྱེ་བ་མེད་དོ། །གང་ལས་བརྩམས་ནས་སྨྲ་བར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་དོ། །སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་ནི་ཆོས་སྨྲ་བའི་ནང་ནས་མཆོག་ཏུ་བྱ་བར་འོས་པ་སྟེ།དེ་ཅིའི་ཕྱིར་ཞེ་ན།འདི་ལྟར་གནས་བརྟན་རབ་འབྱོར་ནི་གང་དང་གང་ཡོངས་སུ་དྲིས་པ་དེ་དང་དེ་ལ་ཐོགས་པ་མེད་དོ། །རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆོས་ཐམས་ཅད་ལ་གནས་པ་མེད་པ་དག་གི་ཆོས་ཉིད་དོ། །དེ་དག་ནི་གང་དང་གང་ལ་ཡོངས་སུ་དྲིས་པ་དེ་དང་དེ་ལ་ཐོགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན།འདི་ལྟར་ཆོས་ཐམས་ཅད་ནི་མི་གནས་པའི་ཕྱིར་རོ། །སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་མི་གནས་པ་ཡིན།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣ་བ་དང༌།སྣ་དང༌།ལྕེ་དང༌།ལུས་དང༌།ཡིད་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དྲན་པ་ཉེ་བར་གཞག་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཡང་དག་པར་སྤོང་བ་རྣམས་དང༌།རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌།དབང་པོ་རྣམས་དང༌།སྟོབས་རྣམས་དང༌།བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌།འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །བསམ་གཏན་རྣམས་དང༌།ཚད་མེད་པ་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།མངོན་པར་ཤེས་པ་རྣམས་དང༌།ཏིང་ངེ་འཛིན་རྣམས་དང༌།གཟུངས་ཀྱི་སྒོ་རྣམས་དང༌།དེ་བཞིན་གཤེགས་པའི་སྟོབས་རྣམས་དང༌།མི་འཇིགས་པ་བཞི་དང༌།སོ་སོ་ཡང་དག་པར་རིག་པ་བཞི་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་རང་བཞིན་གྱིས་སྟོང་པ་སྟེ།དེ་ནི་ནང་ན་ཡང་མི་གནས།ཕྱི་རོལ་ན་ཡང་མི་གནས།གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་དེ་ལྟར་གཟུགས་ཡོངས་སུ་སྦྱང་བར་བྱའོ། །ཚོར་བ་དང༌།འདུ་ཤེས་དང་འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །དེ་བཞིན་དུ་སོ་སོ་བ་དང་བསྡུས་པའི་སྐྱེ་མཆེད་དང༌།ཁམས་དང༌།རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་སྦྱང་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་དང༌།སྟོང་པ་ཉིད་ཐམས་ཅད་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌།བསམ་གཏན་རྣམས་དང༌།ཚད་མེད་པ་རྣམས་དང༌།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང༌།མངོན་པར་ཤས་པ་རྣམས་དང༌།ཏིང་ངེ་འཛིན་རྣམས་དང༌།གཟུངས་ཀྱི་སྒོ་རྣམས་དང༌།དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌།མི་འཇིགས་པ་བཞི་དང༌།སོ་སོ་ཡང་དག་པར་རིག་པ་བཞི་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ཡོངས་སུ་སྦྱང་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡོངས་སུ་སྦྱང་བར་བྱའོ་ཞེས་བྱ་བ་ནི།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ།བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད།འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད།འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང༌།འཇིག་རྟེན་ལས་འདས་པ་ནི་གང༌།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་བྱེད་ཅིང་སྦྱིན་བདག་ཏུ་གྱུར་པ།དགེ་སྦྱོང་དང༌།བྲམ་ཟེ་དང༌།ཕོངས་པ་དང༌།ལྟོགས་པ་དང༌།འགྲོན་བ་དང༌།སློང་བ་ཟས་འདོད་པ་ལ་ནི་ཟས་སྐོམ་དང༌།ཐེག་པ་དང༌།གོས་དང༌།མེ་ཏོག་དང༌།ཕྲེང་བ་དང༌།སྤོས་དང༌།བྱུག་པ་དང༌།གནས་དང༌།མལ་སྟན་དང༌།ཡོ་བྱད་དང༌།སྨན་དང༌།མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་གཏོང་སྟེ།བུ་ཕོ་འདོད་པ་ལ་ནི་བུ་ཕོ་ཡོངས་སུ་གཏོང་ངོ། །བུ་མོ་འདོད་པ་ལ་ནི་བུ་མོ། །ཆུང་མ་འདོད་པ་ལ་ནི་ཆུང་མ།རྒྱལ་སྲིད་འདོད་པ་ལ་ནི་རྒྱལ་སྲིད།མགོ་འདོད་པ་ལ་ནི་མགོ༌།ཡན་ལག་དང་ཉིད་ལག་འདོད་པ་ལ་ནི་ཡན་ལག་དང་ཉིད་ལག།ཤ་དང་ཁྲག་དང༌།རྐང་འདོད་པ་ལ་ནི།ཤ་དང་ཁྲག་དང༌།རྐང་ཡོངས་སུ་གཏོང་སྟེ།དེ་ཡང་གནས་ཤིང་ཡོངས་སུ་གཏོང་ལ་འདི་སྙམ་དུ་བདག་ནི་ཡོངས་སུ་གཏོང་བའོ། །འདི་ནི་ལེན་པའོ། །འདི་ནི་སྦྱིན་པའི། །བདག་ནི་སེར་སྣ་མེད་པའོ། །བདག་ནི་སྦྱིན་པའི་བདག་པོའོ། །བདག་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་པའོ། །བདག་ནི་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པའོ། །བདག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་ཏེ།སྦྱིན་པ་དེ་བྱིན་ནས་ཀྱང་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་ཞིང་བདག་གི་སྦྱིན་པའི་འབྲས་བུ་འདིས་སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་ཉེ་བར་ལེན་པ་མེད་པར་ཡོངས་སུ་བྱ་ངན་ལས་འདས་པར་ག་ཅེས་ཡོངས་སུ་བསྔོ་སྟེ།དེ་ཆགས་པ་གསུམ་ལ་ཆགས་ཤིང་སྦྱིན་པ་དེ་ཡོངས་སུ་གཏོང་ངོ། །གསུམ་གང་ཞེ་ན།འདི་ལྟར་བདག་ཏུ་འདུ་ཤེས་པ་དང༌།གཞན་དུ་འདུ་ཤེས་པ་དང༌།སྦྱིན་པར་འདུ་ཤེས་པ་འདི་གསུམ་ལ་ཆགས་ནས་སྦྱིན་པ་དེ་དག་ཡོངས་སུ་གཏོང་སྟེ། འདི་ནི་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཅིའི་ཕྱིར་ན་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན།དེ་ནི་འདི་ལྟར་འཇིག་རྟེན་ལས་མི་གཡོ་མི་འཕགས་མི་འདའ་བས་དེའི་ཕྱིར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན།འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ།དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན།ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་གཏོང་བའི་ཚེ་བདག་མི་དམིགས།ལེན་པ་མི་དམིགས།སྦྱིན་པ་མི་དམིགས།རྣམ་པར་སྨིན་པ་ལ་ཡང་དགའ་བར་མི་བྱེད་ཅིང༌།ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཅིའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན།དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕགས་ལ་འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཚུལ་ཁྲིམས་དང༌།བཟོད་པ་དང༌།བརྩོན་འགྲུས་དང༌།བསམ་གཏན་ཡང་དེ་བཞིན་ནོ། །ཤཱ་རིའི་ས་སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་པ་ནི་གང་ཡིན།འཇིག་རྟེན་ལས་འདས་པ་ནི་གང་ཡིན།རབ་འབྱོར་གྱིས་སྨྲས་པ།ཤཱ་རིའི་བུ་འདི་ལ་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་གིས་སེར་སྣའི་སེམས་བསྐྱེད་པར་མི་བྱའོ་སྙམ་སྟེ།དམིགས་པ་ལ་བརྟེན་ནས་སྦྱིན་པ་གཏོང་ཞིང་དེ་ཡང་བདག་དང་སེམས་ཅན་དང་སྦྱིན་པའི་འདུ་ཤེས་ལ་གནས་ནས་བདོག་པ་ཐམས་ཅད་གཏོང་ཞིང་ཡོངས་སུ་གཏོང་སྟེ།ཕྱི་འམ་ནང་གི་དངོས་པོ་ཟིན་པའམ་མ་ཟིན་པ་ཡང་རུང་སྟེ།མི་གཏོང་བའི་དངོས་པོ་གང་ཡིན་པ་དེ་ནི་འགའ་ཡང་མེད་ལ་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་དམིགས་པ་ལ་བརྟེན་པས་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དང༌།དེ་ལུས་དང་ངག་དང་ཡིད་དམིགས་པ་ལ་བརྟེན་ཅིང་སྦྱངས་པའི་ཡོན་ཏན་ལ་རབ་ཏུ་གནས་པའི་ཚུལ་ཁྲིམས་ལ་རྟེན་པར་བྱེད་ལ།དགེ་བ་བཅུའི་ལས་ཀྱི་ལམ་དེ་ལ་བརྟེན་པ་ན་ཡང་བདག་ཏུ་ལྟ་བ་དང༌།སེམས་ཅན་དུ་ལྟ་བ་དང༌།དགེ་བར་ལྟ་བ་ལ་བརྟེན་ནས་བྱང་ཆུབ་ཏུ་དམིགས་ཏེ།སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་ཚུལ་ཁྲིམས་དེ་ཡང་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ལ། དེ་ཡང་དམིགས་པའི་ཚུལ་གྱིས་བདག་ལ་སྟོད་ཅིང་གཞན་ལ་སྨོད་པར་བྱེད་པ་དང༌།དེ་བདག་དང༌།སེམས་ཅན་དང༌།བཟོད་པ་ལ་བརྟེན་པས་སེམས་ཅན་ཐམས་ཅད་ཀྱིས་ཉེས་པར་བྱས་པ་བཟོད་ཅིང་དགེ་བའི་རྩ་བ་དེ་ཡང་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དང༌།དེ་ལུས་དམིགས་བཞིན་པ་དང༌།སེམས་དམིགས་བཞིན་པ་དང༌།བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་དམིགས་བཞིན་པ་དང༌།བདག་དམིགས་བཞིན་པ་དང༌།བྱང་ཆུབ་དམིགས་བཞིན་པས་བརྩོན་འགྲུས་རྩོམ་ཞིང་བརྩོན་འགྲུས་དེས་རློམ་སེམས་སུ་བྱེད་ལ།བརྩོན་འགྲུས་དེ་ཡང་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང༌།དེ་བྱམས་པ་དང༌།སྙིང་རྗེ་དང༌།དགའ་བ་དང༌།བཏང་སྙོམས་སྒོམ་པར་བྱེད་ཅིང་བསམ་གཏན་ལ་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང་བཏང་ན་ཡང་དེའི་རོ་མྱོང་བར་བྱེད་ཅིང་རོ་མྱང་བ་དེས་ཀྱང་རློམ་སེམས་སུ་བྱེད་པས་དམིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་པ་དང༌།དེ་གཟུགས་སྟོང་པའོ་སྙམ་དུ་དམིགས་པར་བྱེད།ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་དམིགས་པ་ནས།བྱང་ཆུབ་དང་སངས་རྒྱས་ཀྱི་བར་དུ་དམིགས་པས།དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་ཐམས་ཅད་སྒོམ་པར་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་ལ།དམིགས་པའི་ཚུལ་གྱིས་སྡིག་པ་ཐམས་ཅད་སོ་སོར་འཆགས་པར་བྱེད་བདག་དང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་བྱེད།དམིགས་བཞིན་པས་བདག་དང་གཞན་གྱི་དོན་དུ།སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པར་བྱེད།ཐབས་མི་མཁས་པས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་དུས་གསུམ་དུ་དགེ་བའི་རྩ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་འདི་ནི་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན།བདག་དང༌།སེམས་ཅན་དང༌།སྦྱིན་པར་བྱ་བ་དང༌།བྱང་ཆུབ་མི་དམིགས་པའི་ཤེས་རབ་འཁོར་གསུམ་ཡོངས་སུ་དག་པས་བྱང་ཆུབ་ཀྱི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང༌།བདག་དང་སེམས་ཅན་དང༌།ཚུལ་ཁྲིམས་དང་བྱང་ཆུབ་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པས་བྱང་ཆུབ་ཀྱི་ཕྱིར་ཚུལ་ཁྲིམས་ཡོངས་སུ་སྦྱོང་བར་བྱེད་པ་དང༌།བདག་དང༌།སེམས་ཅན་དང༌།བཟོད་པ་དང༌།བྱང་ཆུབ་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པས།བྱང་ཆུབ་ཀྱི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང༌།བདག་དང༌།ལུས་དང༌།སེམས་དང༌།བརྩོན་འགྲུས་དང༌།བསོད་ནམས་དང༌།ཡེ་ཤེས་དང་བྱང་ཆུབ་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པས།བྱང་ཆུབ་ཀྱི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང༌།བདག་དང༌།སེམས་ཅན་དང༌།བསམ་གཏན་དང༌།ཏིང་ངེ་འཛིན་དང༌།སྙོམས་པར་འཇུག་པ་དང༌།བྱང་ཆུབ་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པས།བྱང་ཆུབ་ཀྱི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང༌།བདག་དང༌།སེམས་ཅན་དང༌།ཆོས་ཐམས་ཅད་བྱང་ཆུབ་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པས།བྱང་ཆུབ་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང༌།དགེ་བའི་རྩ་བ་ཐམས་ཅད་ཀྱང་ཡོངས་སུ་བསྔོ་བ་དུག་མེད་པ་དང༌།ཡོངས་སུ་བསྔོ་བ་དུག་མེད་པ་དང༌།ཡོངས་སུ་བསྔོ་བ་བླ་ན་མེད་པ་དང༌།ཡོངས་སུ་བསྔོ་བ་མི་མཉམ་པ་དང་མཉམ་པ་དང༌།ཡོངས་སུ་བསྔོ་བ་བསམ་གྱིས་མི་ཁྱབ་པ་དང༌།ཡོངས་སུ་བསྔོ་བ་མཚུངས་པ་མེད་པ་དང༌།ཡོངས་སུ་བསྔོ་བ་གཞལ་དུ་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་སྟེ།དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཅིའི་ཕྱིར་ན་འཇིག་རྟེན་པ་ཞེས་བྱ།ཅིའི་ཕྱིར་ན་འཇིག་རྟེན་ལས་འདས་པ་ཞེས་བྱ་ཞེ་ན་དེ་ལ་འཇིག་རྟེན་པ་ཞེས་བྱ་ནི་གང་དག་གིས་འཇིག་རྟེན་དུ་འགྱུར་བ་དང༌།གང་དག་འཇིག་རྟེན་དུ་འགྲུབ་པར་བྱེད་པ་དང༌།གང་དག་འཇིག་རྟེན་དང་མཉམ་པ་དང༌།གང་དག་འཇིག་རྟེན་གྱི་ཕྱིར་སྦྱིན་པ་དང༌།གང་དག་འཇིག་རྟེན་ལས་འབྱུང་བར་མི་འགྱུར་བ་དང༌།གང་དག་འཇིག་རྟེན་གྱི་ཡིན་པ་དང༌།གང་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བ་སྟེ།དེ་དག་ནི་འཇིག་རྟེན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པ་གང་ཞེ་ན།གང་དག་གིས་འཇིག་རྟེན་སྒྲོལ་བ་དང༌།གང་དག་འཇིག་རྟེན་སྒྲོལ་བ་ཡིན་པའམ།གང་དག་གིས་འཇིག་རྟེན་གྱི་རྒལ་བར་བར་བྱེད་པའམ།གང་དག་འཇིག་རྟེན་གྱི་དོན་དུ་མི་འགྱུར་བའམ།གང་དག་འཇིག་རྟེན་ལས་འབྱུང་བར་འགྱུར་བའམ།གང་དག་འཇིག་རྟེན་གྱི་སྒྲོལ་བྱེད་ཡིན་པའམ།གང་དག་འཇིག་རྟེན་ན་སྒྲོལ་བྱེད་ཡིན་པ་དེ་དག་ནི་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི་དེ་ལྟར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོར་བར་བྱེད་དོ། །ཤཱ་རིའི་བུས་སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ཡིན།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་དྲན་པ་ཉེ་བར་གཞག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་དང༌།རྫུ་འཕྲུལ་གྱི་རྐང་པ་བཞི་དང༌།དབང་པོ་ལྔ་དང༌།སྟོབས་ལྔ་དང༌།བྱང་ཆུབ་ཀྱི་ཡན་ལག་བདུན་དང༌།འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌།རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌།མཚན་མ་མེད་པ་དང༌།སྨོན་པ་མེད་པ་དང༌།ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དང༌།དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌།མི་འཇིགས་པ་བཞི་དང༌།སོ་སོ་ཡང་དག་པར་རིག་པ་བཞི་དང༌།བྱམས་པ་ཆེན་པོ་དང༌།སྙིང་རྗེ་ཆེན་པོ་དང༌།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དག་སྟེ།ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །ཤཱ་རིའི་བུས་སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་དེ་ནི་ཕ་རོལ་ཏུ་ཕྱིན་པ་གང་གི་སྐྱེས་བུའི་རྩལ་ཡིན།རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེས་བུའི་རྩལ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་ཀྱི་ཆོས་རྣམས་དང༌།རང་སངས་རྒྱས་ཀྱི་ཆོས་རྣམས་དང༌།བྱང་ཆུབ་སེམས་དཔའི་ཆོས་རྣམས་དང༌།སངས་རྒྱས་ཀྱི་ཆོས་རྣམས་དང༌།དགེ་བའི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པ་སྟེ།ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་ཀྱི་ཆོས་རྣམས་དང༌།རང་སངས་རྒྱས་ཀྱི་ཆོས་རྣམས་དང༌།བྱང་ཆུབ་སེམས་དཔའི་ཆོས་རྣམས་དང༌།སངས་རྒྱས་ཀྱི་ཆོས་རྣམས་དང༌།དགེ་བའི་ཆོས་ཐམས་ཅད་ཡོངས་སུ་འཛིན་ཅིང་ཡང་དག་པར་འཛིན་པར་བྱེད་པ་ཡིན་ནོ། །ཚེ་དང་ལྡན་པ་རིའི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་དེ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ད་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ན་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནེམ་ནུར་མེད་ཅིང་རྨོངས་པར་མ་གྱུར་ན།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གནས་པ་འདིས་གནས་ཤིང་ཡིད་ལ་བྱེད་པ་འདི་དང་མ་བྲལ་བར་རིག་པར་བྱ་སྟེ།འདི་ལྟ་སྟེ།སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་ཡིད་ལ་བྱེད་པ་དང༌།སྙིང་རྗེ་ཆེན་པོའི་ཡིད་ལ་བྱེད་པ་དང་མ་བྲལ་བའོ། །སྨྲས་པ།ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གནས་པ་འདིས་གནས་ཤིང་ཡིད་ལ་བྱེད་པ་འདི་དང་མ་བྲལ་བར་རིག་པར་བྱའོ་ཞེས་གང་སྨྲས་པ།རྣམ་པར་སྤྱོད་པ་འདིས་རྣམ་པར་སྤྱོད་ཅིང་འདི་ལྟ་སྟེ།སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དེ་དང་མ་བྲལ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འདོད་ན་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་ན་ནི་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།ཚེ་དང་ལྡན་པ་རབ་འབྱོར་སེམས་ཅན་ཐམས་ཅད་ཀྱང་སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དང་ནི་མ་བྲལ་ལོ། །རབ་འབྱོར་གྱིས་སྨྲས་པ།ཚེ་དང་ལྡན་པ་ཤཱ་རིའི་བུ་ལེགས་སོ་ལེགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཡང་དག་པའི་ཚིག་ཏུ་བརྗོད་པས་དོན་འདི་ཉིད་དུ་བཟུང་ན་ཁྱོད་ལ་ཡང་ཀླན་ཀར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།འདི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །སེམས་ཅན་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་རང་བཞིན་མེད་པའི་ཕྱིར་ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །སེམས་ཅན་དབེན་པའི་ཕྱིར་ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །སེམས་ཅན་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །གཟུགས་རང་བཞིན་མེད་པའི་ཕྱིར་ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །གཟུགས་དབེན་པའི་ཕྱིར་ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །གཟུགས་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །དེ་བཞིན་དུ་ཚོར་བ་དང༌།འདུ་ཤེས་དང༌།འདུ་བྱེད་རྣམས་དང༌།རྣམ་པར་ཤེས་པ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་ཤེས་པ་རང་བཞིན་མེད་པའི་ཕྱིར་ཡིད་ལ་བྱེད་པ་རང་བཞིན་མེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར་ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་རིག་པར་བྱའོ། །དེ་བཞིན་དུ་ཁམས་རྣམས་དང༌།སྐྱེ་མཆེད་རྣམས་དང༌།རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང༌།བདེན་པ་དང༌།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང༌།ཕ་རོལ་ཏུ་ཕྱིན་པ་དང༌།སྟོང་པ་ཉིད་ཐམས་ཅད་དང༌།མངོན་པར་ཤེས་པ་ཐམས་ཅད་དང༌།ཏིང་ངེ་འཛིན་ཐམས་ཅད་དང༌།གཟུངས་ཀྱི་སྒོ་ཐམས་ཅད་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངོ་བོ་ཉིད་མེད་པ་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པ་དང༌།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གནས་པ་འདི་དང་ཡིད་ལ་བྱེད་པ་འདི་དང་མ་བྲལ་ལོ་ཞེས་ཁོ་བོ་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ།རབ་འབྱོར་ལེགས་སོ་ལེགས་སོ། །འདི་ལྟར་དེ་བཞིན་གཤེགས་པའི་མཐུས་རབ་འབྱོར་ཁྱོད་ཇི་ལྟར་སྟོན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པར་འགྱུར་བ་དྲུག་ཏུ་གཡོས་ཏེ།གཡོས་རབ་ཏུ་གཡོས་ཀུན་དུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ་ཀུན་དུ་རབ་ཏུ་འགུལ་ལོ། །ལྡེག་རབ་ཏུ་ལྡེག་ཀུན་དུ་རབ་ཏུ་ལྡེག་གོ། །འཁྲུགས་རབ་ཏུ་འཁྲུགས་ཀུན་དུ་རབ་ཏུ་འཁྲུགས་སོ། །འུར་འུར་རབ་ཏུ་འུར་ཀུན་དུ་རབ་ཏུ་འུར་འུར་རོ། །ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ།ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ།ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ།བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ།དབུས་དམའ་ན་མཐའ་མཐོ།མཐའ་དམའ་ན་དབུས་མཐོ་བར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས།རྐྱེན་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རབ་འབྱོར་ཇི་ལྟར་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྟོན་པར་མཛད་དོ། །དེ་བཞིན་དུ་ཕྱོགས་བཅུ་ཁོ་ར་ཁོར་ཡུག་ཀུན་གྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྟོན་པར་མཛད་དོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བཤད་པའི་ཚེ་ལྷ་དང་མིའི་སྐྱེ་དགུ་རྣམས་ལས་ཁྲག་ཁྲིག་ཕྲག་བཅུ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ་ཡང་སེམས་ཅན་གྲངས་མེད་ཚད་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ་ཞེས་བྱ་བ་ནི་ལམ་ལ་ངེས་པར་འབྱུང་བའོ། །འདི་དག་གིས་ནི་ངེས་པར་འབྱུང་བའི་སྒྲུབ་པ་བསྟན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ཟིན་ཏོ། །འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་དང་རྗེས་སུ་མཐུན་པར་དག་པར་གཏུགས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་པ་རབ་འབྱོར་གྱི་ལེའུ་སྟེ་དང་པོའོ།། །།དེའི་ཚེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་བཞི་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷའི་བུ་སྟོང་ཕྲག་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར།དེ་བཞིན་དུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རྣམས་དང༌།འཐབ་བྲལ་རྣམས་དང༌།དགའ་ལྡན་རྣམས་དང༌།གཞན་འཕྲུལ་དབང་བྱེད་རྣམས་དང༌།ཚངས་འཁོར་རྣམས་ནས་ཚངས་པ་ཆེན་པོ་རྣམས་ཀྱི་བར་དང༌།གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འོད་ཆུང་རྣམས་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱི་བར་གྱི་ལྷའི་བུ་རྣམས་གནས་གཙང་མའི་རིས་ཀྱི་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ།རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དང༌།སུམ་ཅུ་རྩ་གསུམ་པ་རྣམས་དང༌།འཐབ་བྲལ་བ་རྣམས་དང༌།དགའ་ལྡན་པ་རྣམས་དང༌།འཕྲུལ་དགའ་བ་རྣམས་དང༌།གཞན་འཕྲུལ་དབང་བྱེད་པ་རྣམས་ནས།གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དེ་དག་གིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། །སྟོང་གི་ཆར་ཡང༌།བརྒྱ་ཕྲག་སྟོང་གི་ཆར་ཡང༌།བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང༌།གྲངས་སུ་ཡང༌།ཆར་ཡང༌།བགྲང་བར་ཡང༌།དཔེར་ཡང༌།རྒྱུར་ཡང་ཉེ་བར་མི་འགྲོ་མི་བཟོད་དེ།དེ་བཞིན་གཤེགས་པའི་འོད་ཀྱི་དྲུང་ན་ལྷ་དེ་རྣམས་ཀྱི་འོད་པས་དེ་བཞིན་གཤེགས་པའི་འོད་འབའ་ཞིག་རབ་ཅེས་བྱའོ། །དམ་པ་དང༌།གཙོ་བོ་དང༌།མཆོག་དང༌།རབ་མཆོག་དང༌།ཕུལ་དུ་ཕྱིན་པ་དང༌།བླ་ན་མེད་པ་དང༌།གོང་ན་མེད་པ་དང༌།གོང་མའི་ཡང་གོང་མ་ཞེས་བྱ་སྟེ།དཔེར་ན་འཛམ་བུའི་ཆུ་ཀླུང་གི་གསེར་གྱི་དྲུང་ན་ལྕགས་ནག་པོ་ལྷམ་མེ་མ་ཡིན།ལྷན་ནེ་མ་ཡིན།ལྷང་ངེ་མ་ཡིན་ནོ། །དེ་བཞིན་དུ་གང་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་དྲུང་ན་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་ནི་ལྷམ་མེ་མ་ཡིན།ལྷན་ནེ་མ་ཡིན།ལྷང་ངེ་མ་ཡིན་གྱི།དེ་བཞིན་གཤེགས་པའི་འོད་འབའ་ཞིག་རབ་ཅེས་བྱའོ། །དམ་པ་དང༌།གཙོ་བོ་དང༌།མཆོག་དང༌།རབ་མཆོག་དང༌།ཕུལ་དུ་ཕྱིན་པ་དང༌།བླ་ན་མེད་པ་དང༌།གོང་ན་མེད་པ་དང༌།གོང་མའི་ཡང་གོང་མ་ཞེས་བྱའོ་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་འོད་མོག་མོག་པོར་མཛད་པ་ཡིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང༌།སུམ་ཅུ་རྩ་གསུམ་པ་རྣམས་དང༌།འཐབ་བྲལ་བ་རྣམས་དང༌།དགའ་ལྡན་པ་རྣམས་དང༌།འཕྲུལ་དགའ་བ་རྣམས་དང༌།གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང༌།གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱི་བར་གྱི་ལྷའི་བུ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བསྟན་པ་ཐོས་པར་འདོད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་བསྟན་པ་མཉན་པའི་ཕྱིར་ལྷགས་ནས།བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བྱ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན་ཞེས་བྱ་བ་ནི་སྣོད་དུ་རུང་བར་བྱ་བ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང༌།ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། །།

བརྒྱུད་འགོད།