སོ་སོར་ཐར་པའི་མདོ།

    སྤེལ་དུས།  2015-12-07 01:02:14         ཀློག་ཐེངས།  

           རྒྱ་གར་སྐད་དུ།པྲ་ཏི་མོ་ཀྵ་སཱུ་ཏྲ།བོད་སྐད་དུ།སོ་སོར་ཐར་པའི་མདོ།བམ་པོ་དང་པོ།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་དན་འཇིགརྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཐམས་ཅད་ཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་རྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གང་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག།འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་པས་ཟིན་རྣམས་ཀྱི། །གདུག་པ་རྣམས་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོ་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་རྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག།འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འད་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་འདུན་བསྟོད། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང༌། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང༌། །མི་དང་རབ་ཏུ་བྱུང་བ་དང༌། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་བདག་ལ་ལེགས་འདོད་ཅིང༌། །དེ་དག་འབྲས་བཅས་བྱེད་འདོད་པའི། །སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། །ངེས་པར་ཐར་པ་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་སྲུངས། །བསྐལ་པ་བྱེ་བ་རྣམས་སུ་ཡང༌། །སོ་སོར་ཐར་པ་ཐོས་པ་དང༌། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོསབསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། ། མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག།དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང༌། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཚེ་དང་ལྡན་པ་དག་སོ་ག་རྣམས་ཀྱི་འདས་པ་དང༌།ལྷག་མ་ཇི་ཙམ་པ་དེ་ཙམ་མོ། །ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས།ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངསརྒྱས་རྣམས་ཀྱི་བྱང་ཆུབ་དང༌།གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་དང་བྱ་བ་ཉུང་བ་ཡིན་པས་དགེ་འདུན་གྱིས་ཐོག་མར་བྱ་བ་ཅི་ཡོད།ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག།དྲིས་ནས་ཀྱང་བརྗོད་པར་བྱའོ། །ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡི་ཐལ་སྦྱར་ཏེ། །སོ་སོར་ཐར་པ་གདོན་པར་བྱས། །གདུལ་བའི་དོན་དུ་ང་ལས་ཉོན། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང༌། །ཁ་ན་མ་ཐོ་ཕྲ་རྣམས་ལ། །རྟུན་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པ་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ལ་སྲབ་འདི་མེད་པ་དང༌།ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།དེང་དགེ་འདུན་གྱིས་གསོ་སྦྱོང་བཅུ་བཞི་པའམ་བཅྭ་ལྔ་པ་སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌།དེང་དགེ་འདུན་གསོ་སྦྱོང་མཛད་དེ་སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ། །འདི་ནི་གསོལ་བའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ།སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས།ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཅིག།ལྟུང་བ་མེད་ན་ཅང་མ་སྨྲ་ཞིག།ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་གང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ན་དེ་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དགཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ།མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་གསད་པར་མི་བྱ་བ། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཚེ་དང་ལྡན་པ་དག་ཕམ་པར་འགྱུར་བའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ། །ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་ཁྲིག་པའི་ཆོས་བསྟེན་ན།ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ།དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ།དགོན་པ་ན་འདུག་པ་མ་བྱིན་པར་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན།ཇི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ།བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས།ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་པའོ། །རྐུ་བའོ་ཞེས་ཟེར་ཞིང་གསོད་དམ།འཆིང་ངམ།སྤྱུགས་ཀྱང་རུང་སྟེ།དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་དར་ཏེ་སྲོག་བཅད་དམ།དེ་ལ་མཚོན་བྱིན་ནམ།དེ་ལ་མཚོན་ཐོགས་པ་གཉེར་ཏམ།དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ།ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ་ཟེར་ཞིང༌།སེམས་ཀྱི་འདོད་པ་དང༌།སེམས་ཀྱི་ཀུན་དུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ།དེ་ལ་འཆི་བའི་བསྔགས་པ་བརྗོད་དེ།དེ་ཡང་རྩོམ་པ་དེས་དུས་བྱས་ན།དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ་མིའི་ཆོས་བླ་མ་མཐའ་དང༌། འཕགས་པ་དང༌། བྱེ་བྲག་ཐོབ་པ་དང༌། ཤེས་པ་དང༌། མཐོང་བ་དང༌། རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས།དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང༌།མ་དྲིས་ཀྱང་རུང་འདི་སྐད་ཅེས།ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས།མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ།གསོབ་གསོགབརྫུན་དུ་སྨྲས་སོ་ཞེས་ཟེར་ན།མངོན་པའི་ང་རྒྱལ་མ་གཏོགས་ཏེ།དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་ཕམ་པར་གྱུར་པའི་ཆོས་བཞི་པོ་དག་བཏོན་ཟིན་ཏོ། །དགེ་སློང་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན་ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་ཕམ་པར་གྱུར་པ་ཡིན་ཏེ།དགེ་སློང་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱོད་དུ་མི་དབང་གིས་གནས་པར་མི་བྱའོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ།ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་པ། །བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཚེ་དང་ལྡན་པ་དག་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ། །བསམས་བཞིན་དུ་ཁུ་བ་ཕྱུང་ན་རྨི་ལམ་གྱི་མ་གཏོགས་ཏེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ལུས་རེག་པར་བྱེད་དམ།ལག་པ་ནས་བཟུང་ངམ།དཔུང་པ་ནས་བཟུང་ངམ།ལན་བུ་ནས་བཟུང་ངམ།ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ནོམ་པ་དང་ཉུག་པ་བདགགིར་བྱེད་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཚོགས་པར་མི་དབྱུང་བ་འཁྲིག་པ་ལས་བྱུང་བ་དང་ལྡན་པ་དག་སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་སྨྲས་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ལུས་ཀྱི་མདུན་དུ་བདག་ཉིད་ཀྱི་ལུས་ཀྱི་བསྙེན་བཀུར་བྱ་བའི་ཕྱིར་འདི་ལྟ་སྟེ།ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ།དགེ་བའི་ཆོས་ཅན།ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་ལས་བྱུང་བ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན།སྲུ་འདི་ནི་བསྙེན་བཀུར་བྱས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ་ཞེས་བསྔགས་པ་བརྗོད་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་བུད་མེད་ལ་སྐྱེས་པའི་ཚིག་དང༌།སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ།མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན་ཐ་ན་ཐང་འགའ་ཕྲད་པ་ལ་ཡང་རུང་སྟེ་དགེ་འདུན་ལྷག་མའོ། །དགེ་སློང་གིས་བདག་གིས་བསླངས་པ། བདག་པོ་མེད་པ།བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་ན་དགེ་སློང་དེས་ཁང་པ་ཚད་བཞིན་དུ་རྩིག་ཏུ་ཆུག་ཅིག།དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ།ནང་གི་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གཉིས།ཞེང་དུ་མཐོ་བདུན་ནོ། །གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་རུང་བ་དང༌།རྩོད་པ་མེད་པ་དང༌།བརྩམ་དུ་རུང་བར་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ།རྩོད་པ་དང་བཅས་པའམ།བརྩམ་དུ་མི་རུང་བར་བདག་གིས་བསླངས་པ་བདག་པོ་མེད་པ་བདག་གི་ཕྱིར་ཁང་པ་རྩིག་ཏུ་འཇུག་གམ།གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ།དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ཏམ།ཚད་ལས་འདས་ན་དགེ་འདུན་ལྷག་མའོ། །དགེ་སློང་གིས་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་ན་གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་རུང་བ་དང༌།རྩོད་པ་མེད་པ་དང༌།བརྩམ་དུ་རུང་བར་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ།རྩོད་པ་དང་བཅས་པའམ།བརྩམ་དུ་མི་རུང་བར་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ།གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས།ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས།དགེ་སློང་དག་པ་ལྟུང་བ་མེད་པ་ལ།གཞི་མེད་པར་ཕམ་པར་གྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང༌།མ་དྲིས་ཀྱང་རུང༌། རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ།དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས།དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་གྱུར་པའི་ཆོས་ཀྱིས་སྐུར་པ་ལས།དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང༌།མ་དྲིས་ཀྱང་རུང༌།རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཡིན་ལ།རྩོད་པ་དེ་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པས་བག་ཙམ་ལས་བསམས་པ་ཙམ་གྱི་ཆོས་འགའ་ཞིག་བླངས་པར་གྱུར་ལ།དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན་དགེ་འདུན་ལྷག་མའོ། །ཡང་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང༌།དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ན།དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས།ཚེ་དང་ལྡན་པ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག།དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག།ཚེ་དང་ལྡན་པ་དགེ་འདུན་དང་ལྷན་ཅིག་མཐུན་པར་གྱིས་ཤིག།དགེ་འདུན་མཐུན་མི་ཕྱེད།ཀུན་དུ་དགའ་མི་རྩོད།མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ།སྟོན་པའི་བསྟན་པ་ཡང་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས།ཚེ་དང་ལྡན་པ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན།གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ།ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་མི་མཐུན་པར་སྨྲ་བ་ཉིད་ཀྱི་རྗེས་སུ་ཕྱོགས་པ་གཅིག་གམ་གཉིས་སམ་མང་པོ་དག་ཡོད་ཅིང༌།གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས།ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང༌།སྡིག་ཀྱང་རུང༌།དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིག།དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན།དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས།ཚེ་དང་ལྡན་པ་དག་ཁྱེད་ཅག་དེ་སྐད་ཅེས།ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང༌།སྡིག་ཀྱང་རུང༌། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིགདེ་ཅིའི་ཕྱིར་ཞེ་ན།ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ།འདུལ་བ་སྨྲ་བ།དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་ལ།དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ།དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ།དགེ་སློང་འདི་ནི་མི་ཤེས་བཞིན་སྨྲའི་ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ།དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག།ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག།ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག།དགེ་འདུན་མཐུན་མི་ཕྱེད།ཀུན་དུ་དགའ་མི་རྩོད།མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ།སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས།ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་དེ་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན།གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ།ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །དགེ་སློང་རབ་ཏུ་མང་པོ་དག་གྲོང་ངམ་གྲོང་རྡལ་ཞིག་ན་ཉེ་བར་རྟེན་ཅིང་གནས་པར་གྱུར་ལ།དེ་དག་ཀྱང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང༌།དེ་དག་གིས་ཁྱིམ་དག་སུན་ཕྱུང་བར་མཐོང་ངམ།ཐོས་སམ། རབ་ཏུ་ཤེས།དེ་དག་སྡིག་པ་ཀུན་དུ་སྤྱོད་པ་མཐོང་ངམ།ཐོས་སམ།རབ་ཏུ་ཤེས་ན་དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས།ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ།ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས།ཁྱོད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས།ཚེ་དང་ལྡན་པ་དག་ཁྱེད་འདི་ན་གནས་པས་ཆོག་གིས།གནས་འདི་ནས་དེང་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དེ་དག་དགེ་སློང་རྣམས་ལ་འདི་སྐད་ཅེས།ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ།ཞེ་སྡང་གིས་འགྲོ་བ།གཏི་མུག་གིས་འགྲོ་བ།འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད།ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན། དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་དེ་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ།ཞེ་སྡང་གིས་འགྲོ་བ།གཏི་མུག་གིས་འགྲོ་བ།འཇིགས་པས་འགྲོ་བ་དག་ཡིན་ཏེ།འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད།ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག།དེ་ཅིའི་ཕྱིར་ཞེ་ན།དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི།འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ།ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས།ཁྱེད་སྡིག་པ་ཀུན་དུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ།ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང༌།ཞེ་སྡང་གིས་འགྲོ་བ།གཏི་མུག་གིས་འགྲོ་བ།འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ།ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་དགེ་འདུན་ལྷགམའོ། །འདི་ན་དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ།དེ་ལ་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབས་པའི་གཞི་རྣམས་དང༌།བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང༌།འདུལ་བ་དང་མཐུན་པར་སྨྲས་པ་ན།ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང༌།སྡིག་ཀྱང་རུང༌།བདག་ལ་ཅི་ཡང་མ་སྨྲ་ཞིག།བདག་ཀྱང་དགེ་ཡང་རུང༌།སྡིག་ཀྱང་རུང༌།ཚེ་དང་ལྡན་པ་དག་ལ་ཅིའང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག།ཁྱེད་ལ་ཡང་བདགགིས་སྨྲས་པས་ཅི་ཞིག་བྱ་ཞེས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན།དགེ་སློང་རྣམས་ཀྱིས་འདི་སྐད་ཅེས།ཚེ་དང་ལྡན་པ་ཁྱོད་དགེ་སློང་རྣམས་ཀྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང༌།བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང༌།འདུལ་བ་དང་མཐུན་པར་སྨྲས་པ་ན།བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར།ཚེ་དང་ལྡན་པས་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག།དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་དང་མཐུན་པ་དང༌།འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང༌།འདུལ་བ་དང་མཐུན་པར་སྨྲོས་ཤིག།དེ་ཅིའི་ཕྱིར་ཞེ་ན།འདི་ལྟ་སྟེ།གཅིག་ལ་གཅིག་བརྗོད་པར་བྱ་བ་ཉིད་དུ་བྱེད་པ་དང༌།གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང༌།གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འདི་འཕེལ་བར་འགྱུར་གྱིས།ཚེ་དང་ལྡན་པ་ཁྱོད་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་འདི་ཐོང་ཤིགཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ།ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །ཚེ་དང་ལྡན་པ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དག་བཏོན་ཟིན་ཏོ། །དེ་དག་ལས་དགུ་ནི་ལྟུང་བ་དང་པོ་དག་ཉིད་ཀྱིས་སོ། །བཞི་ནི་ལན་གསུམ་གྱི་བར་གྱིས་སོ། །དགེ་སློང་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ།ཇི་སྲིད་དུ་ཤེས་བཞིན་དུ་འཆབ་པར་བྱེད་པ་དེ་སྲིད་དུ་དེས་མི་འདོད་བཞིན་དུ་སྤོ་བ་བྱའོ། །དགེ་སློང་གིས་མི་འདོད་བཞིན་དུ་སྤོ་བ་བྱས་ནས་དེའི་འོག་ཏུ་ཞག་དྲུག་གི་བར་དུ་དགེ་འདུན་མགུ་བར་བྱ་བ་སྤྱད་པར་བྱའོ། །དགེ་སློང་གིས་མགུ་བར་བྱ་བ་སྤྱད་ནས་དབྱུང་བར་བྱ་བ་ལ་ཐོགས་ཏེ་ཆོས་དང་མཐུན་པར་བྱས་ལ།དགེ་སློང་གི་དགེ་འདུན་གྱི་སེམས་མགུ་བར་བྱས་ན་གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར་དགེ་སློང་དེ་དབྱུང་བར་བྱའོ། །གལ་ཏེ་དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་དེ་འབྱིན་པར་བྱེད་ན།དགེ་སློང་དེ་ཡང་མ་ཕྱིན་ལ་དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ་དེ་ལ་དེ་ནི་ཆོ་ག་ཡིན་ནོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ།དབེན་པ་སྐྱབས་ཡོད་འདུག་པའོ། །ཚེ་དང་ལྡན་པ་དག་མ་ངེས་པའི་ཆོས་གཉིས་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་སྟན་ལ་འདུག་པར་བྱེད་ཅིང༌།དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གསུམ་པོ་ཕམ་པར་འགྱུར་བའམ།དགེ་འདུན་ལྷག་མའམ།ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ།དགེ་སློང་གིས་འདུག་པར་ཁས་བླངས་ན་ཆོས་གསུམ་པོ་ཕམ་པར་གྱུར་པའམ།དགེ་འདུན་ལྷག་མའམ།ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང༌།དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ།དེ་ནི་མ་ངེས་པའི་ཆོས་སོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པར་བྱེད་ཅིང༌།དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས།ཆོས་གཉིས་པོ་དགེ་འདུན་ལྷག་མའམ།ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ།དགེ་སློང་གིས་འདུག་པར་ཁས་བླངས་ན་ཆོས་གཉིས་པོ་དགེ་འདུན་ལྷག་མའམ།ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང༌།དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ།དེ་ཡང་མ་ངེས་པའི་ཆོས་སོ། །ཚེ་དང་ལྡན་པ་དག་བདག་གིས་མ་ངེས་པའི་ཆོས་གཉིས་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ།འཆང་བ་འབྲལ་བ་འཇོག་པ་དང༌། །འཁྲུར་འཇུག་པ་དང་ལེན་པ་དང༌།སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཚེ་དང་ལྡན་པ་དག་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ། །དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞག་བཅུའི་བར་དུ་གོས་ལྷག་པ་རྣམ་པར་མ་བརྟགས་པ་བཅང་བར་བྱའོ། །དེ་ལས་འདས་པར་བཅངས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན།གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང༌།མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན།དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན།དུས་མ་ཡིན་པའི་གོས་ཤིག་རྙེད་ལ་འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ། །བླངས་ནས་གལ་ཏེ་ལངས་ན་མྱུར་བ་ཁོ་ནར་གོས་སུ་བྱས་ལ་བཅང་བར་བྱའོ། །གལ་ཏེ་མི་ལངས་ལ་ཁ་མ་ལངས་པ་ཁ་སྐོང་བའི་གོས་ལ་རེ་བ་ཡོད་ན་དགེ་སློང་དེས་གོས་དེ་ཟླ་བ་གཅིག་གི་མཐར་གཞག་པར་བྱའོ། །དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་འཇུག་གམ།འཚེད་དུ་འཇུག་གམ།འཆག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་ལེན་ན།བརྗེས་པ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཁྱིམ་བདག་གམ།ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ།གོས་སློང་ན་དུས་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ།དགེ་སློང་གོས་ཕྲོགས་སམ།གོས་རླག་གམ།གོས་ཚིག་གམ།གོས་རླུང་གིས་ཁྱེར་རམ།གོས་ཆུས་ཁྱེར་ན་དེ་ལ་དེ་ནི་དུས་ཡིན་ནོ། །དགེ་སློང་གོས་ཕྲོགས་སམ།གོས་རླག་གམ།གོས་ཚིག་གམ།གོས་རླུང་གིས་ཁྱེར་རམ།གོས་ཆུས་ཁྱེར་ན་ཁྱིམ་བདག་གམ།ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ།གོས་བསླང་བར་བྱའོ། །དེ་ལ་གལ་ཏེ་བྲམ་ཟེའམ།ཁྱིམ་བདག་དད་པ་ཅན་ཞིག་གིས་དུས་ཀྱིས་གོས་མང་པོ་དག་སྟོབས་ལ་འདོད་ན་དགེ་སློང་དེས་དེ་ལས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པའི་མཐར་ཐུག་པར་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་ཁྱིམ་བདག་གམ།ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་དག་སྤགས་ནས་བདག་གིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ།དགེ་སློང་མིང་འདི་ཞེས་བྱ་བ་འོངས་ན།དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས།དེ་ལ་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ།བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ།ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེའི་གན་དུ་སོང་ནས་འདི་སྐད་ཅེས།ཚེ་དང་ལྡན་པས་བདག་གི་ཕྱིར་གོས་ཀྱི་རིན་གང་དག་སྤགས་པའི་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ།བདག་ལ་གོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ།གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་སོ་སོ་བ་དེ་དག་སྤགས་ནས།བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ།དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང༌།བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས་དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ།བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་དང༌།ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་དག་གི་གན་དུ་སོང་ནས་འདི་སྐད་ཅེས།ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་གཉི་ག་འདུས་ཏེ།བདག་ལ་གོས་རུང་བ་ཅིག་དུས་སུ་ལེགས་པར་སྐོན་ཅིག་ཅིས་སྨྲས་ཏེ།གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་རྒྱལ་པོའམ།བློན་པོ་ཆེན་པོའམ།བྲམ་ཟེའམ།ཁྱིམ་བདག་གམ།གྲོང་རྡལ་གྱི་མིའམ།ཡུལ་མིའམ།ནོར་ཅན་ནམ།ཚོང་དཔོན་ནམ།དེད་དཔོན་གྱིས་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ།དེ་ནས་ཕོ་ཉ་དེ་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་དེ་ལ་འདི་སྐད་ཅེས།འཕགས་པ་མཁྱེན་པར་མཛོད་ཅིག།ཁྱོད་ལ་རྒྱལ་པོའམ།བློན་པོ་ཆེན་པོའམ།བྲམ་ཟེའམ།ཁྱིམ་བདག་གམ།གྲོང་རྡལ་གྱི་མིའམ།ཡུལ་མིའམ།ནོར་ཅན་ནམ།ཚོང་དཔོན་ནམ།དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱིས།འཕགས་པས་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་ཅེས་ཟེར་ན་དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས།ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་དག་ལན་དུ་མི་རུང་སྟེ།བདག་ཅག་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེ་དགེ་སློང་དེ་ལ་འདི་སྐད་ཅེས།འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ་འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན།དགེ་སློང་གོས་འདོད་པས་ཕོ་ཉ་ལ་འདི་སྐད་ཅེས།ཚེ་དང་ལྡན་པ་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ།འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པའོ་ཞེས་ཀུན་དགའི་ར་བ་བའམ།དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང༌།ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས།ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག།ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང༌།དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང༌།ཡང་དག་པར་བསྟན་ནས།དགེ་སློང་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་དགེ་སློང་དེ་ལ་འདི་སྐད་ཅེས།འཕགས་པ་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་དེའི་གན་དུ་བཞུད་ཅིག་དང༌།དེས་ཁྱོད་ལ་གོས་རུང་བ་དུས་སུ་སྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ།དྲན་པར་བྱའོ། །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་པ་ན་གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས།གལ་ཏེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན།གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས།གལ་ཏེ་མ་གྲུབ་ན་དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར་བཙལ་ཏེ་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་འགྲོ་བར་བྱའོ། །ཡང་ན་ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེའི་དོན་ཅིར་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ཤིག།ཚེ་དང་ལྡན་པ་དག་གིས་རང་གི་ནོར་ཆུད་མ་གསན་ཅིག་ཅེས་སྤྲིང་བར་བྱ་སྟེ།དེ་ལ་དེ་ནི་ཆོ་ག་ཡིན་ནོ།། །།སྡོམ་ལ།སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་དང། ། མངོན་མཚན་ཅན་དང་ཉོ་ཚོང་ངོ། །ཡང་དགེ་སློང་གང་སྲིན་བལ་གྱི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་སྟན་སར་པ་བྱེད་ན་ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ཞིག་ལས་གཞུག་པར་བྱ།གསུམ་པ་ནི་དཀར་པོ་ལས།བཞི་པ་ནི་འཁོབ་བལ་ལས་གཞུག་པར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ།གསུམ་པ་དཀར་པོ་ལས།བཞི་པ་ནི་འཁོབ་བལ་ལས་མ་བཅུག་པར་སྟན་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང༌།མ་སྤངས་ཀྱང་རུང༌།སྟན་སར་པ་གཞན་བྱེད་ན་དགེ་འདུན་གྱིས་གནང་པ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་གདིང་བ་སར་པ་བྱེད་ན་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་གླན་པར་བྱའོ། །གལ་ཏེ་དགེ་སློང་གིས་གདིང་བ་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར།གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་ཀླན་པར་གདིང་བ་སར་པ་སྤྱོད་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་ལམ་དུ་ཞུགས་པས་ལུག་བལ་དག་རྙེད་ལ་འདོད་ན་དགེ་སློང་དེས་བླང་བར་བྱའོ། །བླངས་ནས་ཁྱེར་བ་མེད་ན་དཔག་ཚད་གསུམ་གྱི་མཐའི་བར་དུ་བདག་ཉིད་ཀྱིས་བསྐུར་བར་བྱའོ། །དེ་ལས་འདས་པར་ཁྱེར་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་འཁྲུར་འཇུག་གམ།འཚེད་དུ་འཇུག་གམ།རྨེལ་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་རང་གི་ལག་གིས་གསེར་དང༌།དངུལ་ལེན་ཏམ།ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ།། །།སྡོམ་ལ།ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་ཕྲོགས་སྟོན་ཟླ་ཐ་ཆུངས་དང༌། །དགོན་བ་པ་དང་རས་ཆེན་དང༌། །བསྡོས་པ་དང་ནི་སོགས་འཇོག་གོ། །ཡང་དགེ་སློང་གིས་ལྷུང་བཟེད་ལྷག་མ་ཞག་བཅུར་བཅང་བར་བྱའོ། །དེ་ལས་འདས་བར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་ཚོལ་ཞིང་ལྷུང་བཟེད་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་དེས་ལྷུང་བཟེད་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ།གཏང་བར་མི་བྱ།གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུས་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ།དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་རང་གི་ལག་གིས་བསླངས་པའི་དོག་པ་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ན་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་པ་ལས།དེ་ལ་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས་ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་འདི་སྐད་ཅེས།ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག།གོས་འདི་ནི་ཁོ་བོའི་ཕྱིར་འཐག་གིས།ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞེང་ཆེ་བ་དང༌།ཁྲུན་རིང་བ་དང༌།ཐར་གྱིས་ཞག་པ་དང༌།ཐགས་རན་བཟང་བར་ལེགས་པར་གྱིས་ཤིག།ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་གླ་རྔན་འདི་ལྟ་སྟེ། བཟའ་བའམ། བཅའ་བ་ཙམ་མམ།བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས།དེ་ལ་གལ་ཏེ་དགེ་སློང་དེས་གོས་བསྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ།བཟའ་བའམ།བཅའ་བ་ཙམ་མམ།བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ།ཡི་མ་རངས་ནས་འཕྲོག་གམ།འཕྲོག་ཏུ་འཇུག་ཅིང་དེ་ལ་འདི་སྐད་ཅེས།དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས།ཕྱིར་བྱིན་ཅིག་ཅེས་ཟེར་ན་དགེ་སློང་དེས་ལྷག་མ་ཡོད་བ་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་གིས་སྟོན་ཟླ་ཐ་ཆུངས་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་གོས་ཤིག་རྙེད་ལ་འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་བཅང་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་རབ་ཏུ་མང་པོ་དག་གནས་མལ་དགོན་པ་དོགས་པ་དང་བཅས་པར་གྲགས་པ།འཇིགས་པ་དང་བཅས་པར་གྲགས་པ།འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་ཕྱི་མར་གྱུར་ལ།དགེ་སློང་དགོན་པ་པས་འདོད་ན་ཆོས་གོས་གསུམ་ལ།ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །དགེ་སློང་དགོན་པ་པ་ལ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་དགེ་སློང་དགོན་པ་པ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱའོ། །དེ་ལས་འདས་པར་འབྲལ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་རྣམས་ཀྱིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་ན་དབྱར་གྱི་གོས་རས་ཆེན་བཙལ་བར་བྱའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་རོལ་དུ་དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ།དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་རྣམས་ལ་ཕན་པ་སོ་སོར་བསྟེན་པར་བྱ་བའི་སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ།ཞུན་མར་དང༌།འབྲུ་མར་དང༌སྦྲང་རྩི་དང༌།བུ་རམ་གྱི་དབུ་བ་དེ་དག་ལས་དགེ་སློང་ན་བས་འདོད་ན་རང་གིས་ཞག་བདུན་པར་བྱིན་གྱིས་བརླབས་ཏེ།སོགས་འཇོག་གིས་ཡོངས་སུ་ལོངས་སྤྱོད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཚེ་དང་ལྡན་པ་དག་བདགགིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།བམ་པོ་གཉིས་པ་སྟེ་ཐ་མའོ། །སྤྱི་སྡོམ་ལ།ཤེས་བཞིན་དང་ནི་ས་བོན་དང༌། །མ་བསྐོས་པ་དང་ཡང་ཡང་དང༌། །ཆུ་དང་ཁྱིམ་དང་བསམས་བཞིན་དང༌། །འགྲོན་མང་རྐུན་མ་མཆོད་སྟོན་ནོ། །སྡོམ་ལ།བརྫུན་སྐྱོན་དགེ་སློང་ཕྲ་མ་དང༌། །སྐྱོ་སྔོགས་བྱེད་དང་སྟོན་པ་དང༌། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཚེ་དང་ལྡན་པ་དག་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ། །ཤེས་བཞིན་དུ་བརྫུན་སྨྲ་ན་ལྟུང་བྱེད་དོ། །མིའི་སྐྱོན་ནས་སྨྲ་ན་ལྟུང་བྱེད་དོ། །དགེ་སློང་ལ་ཕྲ་མ་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་ལ་ཚིགལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་ན་རིག་པའི་སྐྱེས་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ཚིག་གིས་ཆོས་འདོན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པ་སྨྲ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས།ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ།དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས།ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང༌།ཡིད་ལ་གཅགས་པ་དང༌།གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་ཞིག་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ།། །།སྡོམ་ལ།ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་དང་སྐྲོད་པ་དང༌། །ཕྱིས་གནོན་འབྱུང་བ་འདེབས་པ་དང༌། །རིམ་པ་གཉིས་སུ་རྩིག་པའོ། །ས་བོན་གྱི་ཚོགས་དང་འབྱུང་པོའི་གནས་འཇིག་གམ་འཇིག་ཏུ་འཇུག་ན་ལྟུང་བྱེད་དོ། །འཕྱའམ་གཞོགས་ཕྱས་བྱེད་ན་ལྟུང་བྱེད་དོ། །བསྒོ་བ་རྣ་ལ་གཟོན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ།ཁྲིའུའམ།སྟན་ནང་ཚངས་ཅན་ནམ།ལ་བའམ།སྔས་སམ།གོར་བུ་བླ་ཁབ་མེད་པར་བཏིང་ངམ།འདིང་དུ་བཅུག་ནས་མ་བསྡུས་སམ།སྡུད་དུ་མ་བཅུག་གམ།དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་པའམ།ལོ་མའི་གདིང་བ་བཏིང་ངམ།འདིང་དུ་བཅུག་ནས་མ་བསྡུས་སམ།སྡུད་དུ་མ་བཅུག་གམ།དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་དམ།སྐྲོད་དུ་འཇུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་ན་དགེ་སློང་དག་སྔ་ན་འཁོད་པར་ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ།ཕྱིས་གནོན་བྱས་ཏེ་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ།ཁྲིའུ་རྩ་བ་འབྱུང་བར་ཤེས་བཞིན་དུ་ལྕིད་ཀྱིས་ཕབ་སྟེ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭའམ།ལྕི་བའམ།ས་ལ་འདེབས་སམ།འདེབས་སུ་འཇུག་ན་ལྟུང་བྱེད་དོ། །དགེ་སློང་གིས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ཏུ་འཇུག་ན་སྒོའི་སྦུབས་དང༌།གཏན་པ་དང༌།སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ས་བརྟགས་པ་ནས་བཟུང་སྟེ།ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ་གསུམ་བརྩིག་པར་བྱའོ། །དེ་ལས་ལྷག་པར་རྩིག་ན་ལྟུང་བྱེད་དོ།། །།སྡོམ་ལ།མ་བསྐོས་ཉི་མ་ནུབ་པ་དང༌། །ཟས་དང་ཆོས་གོས་གཉིས་དག་དང༌། །དོན་མཐུན་གྲུབ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་ཆོས་སྟོན་ན།ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དགེ་སློང་གང་དགེ་འདུན་གྱིས་བསྐོས་ཀྱང་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་རྣམས་ལ་འདི་སྐད་ཅེས།དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་བྱིན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ།ལམ་དོན་མཐུན་གྱིས་བགྲོད་པར་བྱ་བ་དོགས་པ་དང་བཅས་པར་གྲགས་པ།འཇིགས་པ་དང་བཅས་པར་གྲགས་པ།འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན་དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་ཅིང་གྱེན་དུ་འགྲོའམ།ཐུར་དུ་འགྲོ་ན་ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་ན་སྔར་ཁྱིམ་དུ་བོས་པ་མ་གཏོགས་ཏེ་ལྟུང་བྱེད་དོ།། །།སྡོམ་ལ།ཡང་ཡང་དང་ནི་འདུག་གནས་གཅིག།ཕྱེ་དང་བཅའ་དང་སྟོབས་པ་དང༌། །འདུས་དང་དུས་མིན་སོགས་འཇོག་དང༌། །ཁ་ནས་མིད་དང་བསོད་པ་ཉིད། །ཡང་ཡང་ཟན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ།ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གོས་སྦྱིན་པའི་ཚེ་དུས་ཏེ།དེ་ལ་དེ་ནི་དུས་ཡིན་ནོ། །འདུག་གནས་གཅིག་ཏུ་ཞགལོན་པའི་དགེ་སློང་མིན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པར་བཟའ་ན་ལྟུང་བྱེད་དོ། །དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་དོང་བ་ལས།གལ་ཏེ་དེ་དག་ལ་བྲམ་ཟེ་དང༌།ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དང་ཁུར་བ་དག་དུས་ཀྱིས་སྟོབས་བར་གྱུར་ལ།འདོད་ན་དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཕྱི་རོལ་ཀུན་དགའ་ར་བར་སོང་ལ།དགེ་སློང་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ།བདག་ཅག་ཀྱང་བཟའ་བར་བྱ་སྟེ།དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པར་བཅའ་བའམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ་སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས།ཚེ་དང་ལྡན་པ་འདི་འཆོ་ཞིག་འདི་ཟོ་ཞིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་སྟོབས་ན་ལྟུང་བྱེད་དོ། །འདུས་ཤིང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ།ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གྲུར་ཞུགས་པ་དང༌།འདུས་པ་ཆེན་པོ་དང༌།དགེ་སྦྱོང་གི་ཟས་དུས་ཏེ་དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་གང་དུས་མ་ཡིན་པར་བཅའ་བའམ།བཟའ་བ་འཆའ་བའམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་བཅའ་བ་དང་བཟའ་བ་སོགས་འཇོག་བྱས་པ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད༌༈པའི་ཟས་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང༌། ཞོ་དང༌། མར་དང༌། ཉ་ཤ་དང༌། ཤ་དང༌། ཤ་སྐམ་དག་སྟེ།དགེ་སློང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དགནས་བསླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ།། །།སྡོམ་ལ།སྲོག་ཆགས་བཅས་དང་ཉལ་སར་འདུག།འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམ་དཀྲུག་འགྲོ་བ་དང༌། །རྡེག་དང་གཟས་དང་གནས་ངན་ལེན། །ཡང་དགེ་སློང་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པར་འགྲེང་ན་ལྟུང་བེད་དོ། །ཡང་དགེ་སློང་གང་གཅེར་བུ་པའམ།གཅེར་བུ་མ་ཀུན་དུ་རྒྱུ་བའམ།ཀུན་དུ་རྒྱུ་མོ་ལ་རང་གི་ལག་ནས་བཅའ་བའམ་བཟའ་བ་བྱིན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དམག་ཆས་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན།དགེ་སློང་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ། །དགེ་སློང་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ན་ཡང་གལ་ཏེ་བཤམས་པ་དཀྲུག་ཏུ་འགྲོའམ།རྒྱལ་མཚན་གྱི་མཆོག་གམ།དཔུང་གི་མཆོག་གམ།གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ།ཡི་མ་རངས་ནས་དགེ་སློང་ལ་རྡེག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ།ཡི་མ་རངས་ནས་དགེ་སློང་ལ་བརྡེག་པར་གཟས་ན་ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་འཆབ་ན་ལྟུང་བྱེད་དོ།། །།སྡོམ་ལ།བདེ་དང་མེ་དང་འདུན་པ་དང༌། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །ཡང་དགེ་སློང་གང་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ།དགེ་སློང་ལ་འདི་སྐད་ཅེས།ཚེ་དང་ལྡན་པ་ཚུར་ཤོག།ཁྱིམ་དག་ཏུ་འདོང་དང་དེར་ཁྱོད་ལ་བཅའ་བ་དང༌།བཟའ་བ་བསོད་པ་ཅི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ནས་དེས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་ཁོ་བོ་ལ་ཁྱོད་དང་ལྷན་ཅིག་སྨྲ་བའམ།འདུག་པ་བདེ་བ་མ་ཡིན་གྱི། འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ།འདུག་ན་བདེས་ཁྱོད་ཉིད་སོང་ཤིག་ཅེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་མིན་བར་བདག་ཉིད་ཀྱི་ཕྱིར་མེ་ལ་རེག་གམ།རེག་ཏུ་འཇུགན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་དགེ་སློང་ལ་འདུན་པ་ཕུལ་ནས།དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ།ཡི་མ་རངས་ནས་སྤོང་བའི་ཆོས་སུ་བྱེད་ཅིང་འདི་སྐད་ཅེས། དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་པ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་འདི་སྐད་ཅེས།འདི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་གིས་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན།དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས།ཚེ་དང་ལྡན་པ་ཁྱོད་འདི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་ཅེས་མ་ཟེར་ཅིག།བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག།བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ། །ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ།དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས།ཚེ་དང་ལྡན་པ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་གང་ཟག་ཆོས་བཞིན་དུ་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད།ཕེབས་པར་སྨྲ་བར་བྱེད།ཀུན་དུ་གནས་པར་བྱེད།ཀུན་དུ་ལོངས་སྤྱོད་པར་བྱེད་ཅིང༌།དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ནའང་ལྟུང་བྱེད་དོ། །དགེ་ཚུལ་ཞིག་ཀྱང་འདི་སྐད་ཅེས།ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན།དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས།དགེ་ཚུལ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག།བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག།བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ། །ཚེ་དང་ལྡན་པ་དགེ་ཚུལ་འདོད་པ་བར་དུ་གཅོད་པ་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ།དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས།དགེ་ཚུལ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ།ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།གལ་ཏེ་མི་གཏོང་ན་དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེང་ཕྱིན་ཆད་དགེ་ཚུལ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག།ཚངས་པ་མཚུངས་པར་སྤྱད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱེ་བཞིན་དུ་ཡང་མ་འགྲོ་ཞིག།དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ།མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་སོང་ཤིག་ཅེས་བསྒོ་བར་བྱའོ། །ཡང་དགེ་སློང་གང་ཤེས་ཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པར་བྱེད་དམ།ཉེ་བར་སྟེན་པར་བྱེད་དམ།དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །དགེ་སློང་གིས་གོས་སར་པ་ཞིག་རྙེད་ན་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ།དམར་པོའམ་ངུར་སྨྲིག་ལས་གང་ཡང་རུང་བས་ཁ་བསྒྱུར་བར་བྱའོ། །གལ་ཏེ་དགེ་སློང་གིས་གོས་སར་པ་ཁ་བསྒྱུར་བ་གསུམ་པོ་སྔོན་པོའམ།དམར་པོའམ།ངུར་སྨྲིག་ལས་གང་ཡང་རུང་བར་ཁ་མ་བསྒྱུར་བར་ལོངས་སྤྱོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་རིན་པོ་ཆེའམ།རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ།ལེན་དུ་འཇུག་ན་ཀུན་དགའ་ར་བར་གཏོགས་པ་ན་འདུག་པའམ།གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དགེ་སློང་གིས་ཀུན་དགའ་ར་བར་གཏོགས་པའམ།གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ།རིན་པོ་ཆེར་སྨོས་པ་འདུག་པ་ལ་འདི་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ།དེ་ལ་དེ་ནི་ཆོ་ག་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དེ་ལས་འདུམས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ།སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང༌།དབྱར་རྣམས་ཀྱི་དང་པོ་ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ནི་ཚ་བའི་དུས་སོ། །ལྷག་མ་ནི་ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །རླུང་དུས་སོ། །ཆར་དུས་སོ། །རྫི་ཆར་དུས་ཏེ།དེ་ལ་དེ་ནི་དུས་ཡིན་ནོ།། །།སྡོམ་ལ།དུད་འགྲོ་འགྱོད་པ་སོར་མོ་དང༌། །རྩེ་དང་ལྷན་ཅིག་སྔགས་བྱེད་དང༌། །སྦེད་དང་རྡེང་མེད་གཞི་མེད་དང༌། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཡང་དགེ་སློང་གང་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་བསམས་བཞིན་དུ་ཅི་ནས་ཀྱང༌།དགེ་སློང་འདི་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ།དགེ་སློང་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ། །སོར་མོས་གག་ཚིལ་བྱེད་ན་ལྟུང་བྱེད་དོ། །་རྩེ་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་སུ་ཉལ་ན་ལྟུང་བྱེད་དོ། །ཡང་དགེ་སློང་ལ་སྔངས་པར་བྱེད་དམ།སྔངས་པར་བྱེད་དུ་འཇུག་ན་ཐ་ན་བཞད་གང་བྱ་བར་བསམས་ཀྱང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་ངམ། དགེ་སློང་མའམ། དགེ་སློང་མའམ། དགེ་ཚུལ་ལམ།དགེ་ཚུལ་མའི་ལྟུང་བཟེད་དམ།ཆོས་གོས་སམ།དྲ་བའམ།ཕོར་བུའམ།།སྐ་རགས་སམ།དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་སྦེད་དམ།སྦེད་དུ་འཇུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་སློང་ལ་གོས་བྱི་ན་ནས།དེའི་འོག་ཏུ་རྡེང་མེད་པར་སྤྱོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཁྲོས་ཤིང་ཞེས་སྡང་བར་གྱུར་ནས།དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་འགྲོ་ན་ལམ་དུ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ།། །།སྡོམ་ལ།རྐུ་དང་ཉི་ཤུ་མ་ལོན་དང༌། །རྐོ་དང་མགྲོན་དང་བསླབ་པ་དང༌། །འཐབ་དང་མི་སྨྲ་འགྲོ་བ་དང༌། །མི་གུས་ཆང་འཐུང་དུས་མིན་པའོ། །ཡང་དགེ་སློང་གང་དོན་མཐུན་དུ་རྐུན་མ་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །གང་ཟགདེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ།དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་བ་ཡིན་ཏེ།དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་རང་གི་ལག་གིས་ས་རྐོ་འམ་རྐོར་འཇུག་ན་ལྟུང་བྱེད་དོ། །དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་ལྷག་པ་བདག་གིར་བྱེད་ན་ལྟུང་བྱེད་དོ། །སོ་སོར་མགྲོན་དུ་བོས་པ་དང༌།ཡང་དང་ཡང་མགྲོན་དུ་བོས་པ་དང༌།དུས་ཀྱིས་མགྲོན་དུ་བོས་པ་དང༌།རྟག་ཏུ་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ་དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་དེ་དག་ལ་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་འཛིན་པ་དང༌།འདུལ་བ་འཛིན་པ་དང༌།མ་མོ་འཛིན་པ་རྣམས་ལ་འདྲི་བའི་བར་དུ་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དོ། །དགེ་སློང་ཀུན་ཤེས་པར་འདོད་པས་ཀྱང་བསླབ་པ་འདི་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང༌།འདུལ་བ་འཛིན་པ་དང༌།མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ།དེ་ལ་དེ་ནི་ཆོ་ག་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་རྣམས་འཐབ་པར་གྱུར།མཚང་འདྲུ་བར་གྱུར།མི་མཐུན་པར་གྱུར།རྩོད་པར་གྱུར་ཅིང་འཁོད་པ་ལས།དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ།དེ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། ཅང་མི་སྨྲ་བར་ཉན་རྣས་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་བྱུང་བ་ན།ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་འགྲོ་ཞིང་དགེ་སློང་འདུག་པ་ལ་མི་སྨྲ་ན།དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །གུས་པར་མི་བྱེད་ན་ལྟུང་བྱེད་དོ། །འབྲུའི་ཆང་དང༌།བཅོས་པའི་ཆང་མྱོས་པར་འགྱུར་བ་འཐུང་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་དུས་མ་ཡིན་པར་གྲོང་དུ་འཇུག་ཅིང་དགེ་སློང་འདུག་པ་ལ་མི་སྨྲ་ན།དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། །།སྡོམ་ལ།ཟས་བཅས་སྐྱ་རེངས་ད་གདོད་དང༌། །ཁབ་རལ་དང་ནི་ཁྲི་རྐང་དང༌། །བདལ་དང་གདིང་དང་གཡེན་པ་དང༌། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཡང་དགེ་སློང་གང་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་བོས་ནས་སྔ་དྲོ་དང་ཕྱི་དྲོ་ཁྱིམ་དག་ཏུ་རྒྱུ་ཞིང་ཁྱིམ་པ་འདུག་པ་ལ་མི་བསྒོ་ན།དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ནམ་མ་ནངས་སྐྱ་རེངས་མ་ཤར་བར་རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བའི་སྒོ་གཏན་ནམ།སྒོ་གཏན་གྱི་ཉེ་འཁོར་ལས་འདས་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་འདི་སྐད་ཅེས།ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས།མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ན།དེ་ལ་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་ཚེ་དང་ལྡན་པ་འདི་སྔོན་གསོ་སྦྱོང་གི་ལས་ལ་ལན་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ཤིང་ལན་མང་དུ་ལྟ་ཅི་སྨོས་ན།ཚེ་དང་ལྡན་པ་དེ་མི་ཤེས་པས་མི་འགྲོ་བས་དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་གི་སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་གདོན་པའི་ཚེ་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད།བླ་མར་བྱས་ཏེ་མི་བྱེད།རུ་ཤིང་ལྟར་བྱས་ཏེ་མི་བྱེད།ཡིད་ལ་བྱས་ཏེ་མི་བྱེད།སེམས་རྩེ་གཅིག་ཏུ་མི་བྱེད།རྣ་བླགས་ཏེ་མི་བྱེད།སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་པས་ཚེ་དང་ལྡན་པ་ཁྱོད་ཀྱིས་མ་རྙེད་དེ།རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ་ལེགས་པ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་པར་བྱའོ། །ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བ་ནི་དེ་ཡིན་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་བ་སོའམ། རུས་པའམ།རྭའི་ཁབ་རལ་བྱེད་དམ་བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེད་དོ། །ཡང་དགེ་སློང་གིས་དགེ་འདུན་གྱི་ཁྲིའམ་ཁྲིའུ་བྱེད་དུ་འཇུག་ན་རྩ་བ་བུ་གར་གཞུང་པ་མ་གཏོགས་པར་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ་ཁྲེའུ་ལ་ཤིང་བལ་བདལ་ལམ།བདལ་དུ་འཇུག་ན་བསྡུས་ནས་ལྟུང་བྱེད་དོ། །དགེ་སློང་གིས་གདིང་བ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུད་ཅིག།དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ།སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ།ཞེང་དུ་མཐོ་ཕྱེད་དང་དོ།སྲིད་དུ་མཐོ་གང་གིས་སྲིངས་ཤིང༌།དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །ཡང་དགེ་སློང་གིས་གཡན་ལ་དགབ་པ་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག།དེ་ལ་གཡན་པ་དགབ་པའི་ཚད་ནི་འདི་ཡིན་ཏེ།སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི།ཞེང་དུ་མཐོ་དོ།དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །དགེ་སློང་གིས་དབྱར་གྱི་གོས་རས་ཆེན་བྱེད་དུ་འཇུག་ན་ཚད་བཞིན་དུ་བྱེད་དུ་ཆུག་ཤིག།དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ།སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག།ཞེང་དུ་མཐོ་ཕྱེད་དང་གསུམ་མོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །ཡང་དགེ་སློང་གང་བདེ་བར་གཤེས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ།བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ།སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ།ཆུ་ཞེང་དུ་མཐོ་དྲུག་སྟེ།དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ། །ཚེ་དང་ལྡན་པ་དག་བདག་གིས་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པ་གསུངས་པ་ཡིས།།སོ་སོར་བཤགས་པར་བྱ་བར་གསུངས། །ཚེ་དང་ལྡན་པ་དག་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ། །ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལམ་པོ་ཆེ་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་ལས་བཅའ་བ་དང་བཟའ་བ་རང་གིས་ལག་གིས་བླངས་ཏེ་འཆའ་བའམ།ཟ་ན་དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ།དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོསོར་བཤགས་པར་བྱ་སྟེ།ཆོས་འདི་ནི་སོ་སོར་བཤགས་པར་བྱ་བའོ། །དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་མགྲོན་དུ་བོས་ནས་ཟན་ཟ་བའི་ཚེ་ན།གལ་ཏེ་དགེ་སློང་མ་ཞིག་འདི་ལ་ནི་བཅའ་བ་བྱིན་ཅིག།འདི་ལ་ནི་འབྲས་ཆན་བྱིན་ཅིག།འདི་ལ་ནི་སྲན་ཚོད་བྱིན་ཅིག།འདི་ལ་ནི་བཏུང་བ་བྱིན་ཅིག།ཡང་བྱིན་ཅིག་ཅེས་བསྒོ་ཞིང་འདུག་ན།དགེ་སློང་མ་དེ་ལ་དགེ་སློང་དེ་རྣམས་ཀྱིས་འདི་སྐད་ཅེས།སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་ཅེས་སྨྲ་མ་སྤོབས་ན།དགེ་སློང་དེ་དག་ཐམས་ཅད་ཀྱིས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ།དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ།ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །སློབ་པ་དག་གིས་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་ལ།ཡང་དགེ་སློང་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱི་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་སྔར་མགྲོན་དུ་མ་བོས་པར་སོང་སྟེ།རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ནས་འཆའ་འམ་ཟ་ན།དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ།དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ།ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ།འཇིགས་པ་དང་བཅས་པར་གྲགས་པ།འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་འགྱུར་ལ།ཡང་དགེ་སློང་གང་དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ་སྔར་མ་ཉུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བླངས་ཏེ་འཆའ་འམ་ཟ་ན།དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ།དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་བཤགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ།ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ།ཤམ་ཐབས་ལ་ནི་རྣམ་བདུན་དང༌། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང༌། །ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོད་ལ་སོགས་པ་རྣམ་ལྔ་དང༌། །ལུས་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་དགུ་དག་དང༌། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཚེ་དང་ལྡན་པ་དག་བསླབ་པའི་ཆོས་མང་པོ་འདི་དག་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་ངོ། །ཤམ་ཐབ་ཟླུམ་པོར་བགོ་བར་བསླབ་པར་བྱ།ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང༌།ཧ་ཅང་འཇོལ་བ་མ་ཡིན་པ་དང༌། གླང་པོ་ཆེའི་སྣ་ལྟར་མ་ཡིན་པ་དང༌། ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པ་དང༌། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང༌།སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང༌།ཧ་ཅང་འཇོལ་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཤིན་ཏུ་བསྡམས་པ་དང༌།ལེགས་པར་བགོས་པ་དང༌།སྒྲ་སྐྱུང་བ་དང༌།མིག་གཡེང་བར་མི་བྱ་བ་དང༌།གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་གཞན་དག་ཏུ་འགྲོ་བར་བསླབ་པར་བྱའོ། །མགོ་མི་གཡོག་པ་དང༌།མི་བརྫི་བ་དང༌།མི་གཟར་བ་དང༌།གཉའ་གོང་དུ་མི་བསྣོལ་བ་དང༌།ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །མི་མཆོང་བ་དང༌།མི་བརྐྱང་བ་དང༌།ཙོག་པུས་མ་ཡིན་པ་དང༌།བྲང་བས་མ་ཡིན་པ་དང༌།དཀུར་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །ལུས་མི་བསྒྱུར་བ་དང༌།ལག་པ་མི་དཀྱོག་པ་དང༌།མགོ་མི་བསྒྱུར་བ་དང༌།ཕྲག་པ་མི་སྤྲད་པ་དང༌།ལག་པ་མི་སྤྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ།སྟན་ལ་མ་བརྟགས་པ་དང་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པ་དང༌།རྐང་པ་མི་བསྣོལ་བ་དང༌།བརླ་མི་བསྣོལ་བ་དང༌།ལོང་བའི་སྟེང་དུ་ལོང་བུ་མི་གཞག་པ་དང༌།རྐང་པ་མི་དགུག་པ་དང༌།རྐང་པ་མི་གདང་བ་དང༌།མདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །ལེགས་པར་ཟས་བླང་བར་བསླབ་པར་བྱ།མུ་དང་ཁ་ད་ཆད་དུ་མ་ཡིན་པ་དང༌།ཚོད་མ་དང་མཉམ་པར་མ་ཡིན་པ་དང༌།ཐར་ཆགས་སུ་དང་ལྷུང་བཟེད་ལ་བལྟ་བ་དང༌།བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང༌།ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ།༈ཚོད་མས་འབྲས་ཆན་མི་དགབ་པ་དང༌།བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ།། །།སྡོམ་ལ།ཟས་ལ་ལེགས་པར་བྱ་བ་དྲུག།ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་བལྡག་ལ་སོགས་པ་ལྔ། །ལེགས་པར་ཟས་བཟའ་བར་བསླབ་པར་བྱ།ཁམ་ཧ་ཅང་ཆུང་བ་མ་ཡིན་པ་དང༌།ཁམ་ཧ་ཅང་ཆེ་བ་མ་ཡིན་པ་དང༌།ཁམ་རན་པ་དང༌།ཁམ་མ་གཟས་པར་ཁ་མི་གདང་བ་དང༌།ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ། །ཙུག་ཙུག་མི་བྱ་བ་དང༌།བལྕག་བལྕག་མི་བྱ་བ་དང༌།ཧུ་ཧུ་མི་བྱ་བ་དང༌།ཕུ་ཕུ་མི་བྱ་བ་དང༌།ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །འབྲུ་ནས་ཐ་དད་དུ་མི་བྱ་བ་དང༌།འཕྱས་མི་གདགས་པ་དང༌།མཁུར་བ་མི་སྤོ་བ་དང༌།དཀན་མི་གཏོགས་པ་དང༌།ཁམ་འཕྲོར་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ། །ལག་པ་མི་བལྡག་པ་དང༌།ལྷུང་བཟེད་མི་བྱོག་པ་དང༌།ལག་པ་མི་སྤྲུག་པ་དང༌།ལྷུང་བཟེད་མི་བསྐྱོམ་པ་དང༌།མཆོད་རྟེན་འདྲ་བར་བཅོས་ཏེ་ཟས་མི་བཟའ་བར་བསླབ་པར་བྱའོ།། །།སྡོམ་ལ།འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་ཁར་བ་ལ་སོགས་དྲུག།ན་བ་རྣམ་པ་བཞི་རྣམས་སོ། །དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱ།ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱ།དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ།ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ། །འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱ།གད་ཀ་མ་ཡིན་པ་དང༌།གཡང་ས་མ་ཡིན་པ་དང༌།དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱ།འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ།གད་ཀ་མ་ཡིན་པ་དང༌།གཡང་ས་མ་ཡིན་པ་དང༌།དཀན་གཟར་པོ་མ་ཡིན་པར་བཀྲུ་བར་བསླབ་པར་བྱ།འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱའོ། །མི་ན་བར་འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ།མི་ན་བར་ཉལ་བར་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ།མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ།མི་ན་བར་མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ།མི་ན་བར་ལམ་ནས་འགྲོ་བ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་མགོ་གཡོགས་པ་དང༌། བརྫེས་པ་དང༌།གཟར་བ་དང༌།གཉའ་གོང་དུ་བསྣོལ་བ་དང༌། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མིན་བར་སྐྲ་དོ་ཀེར་ཅན་དང༌།ཞྭ་གྱོན་པ་དང༌།མགོ་ཅོད་པན་ཅན་དང༌།མགོ་ཕྲེང་བ་ཅན་དང༌།མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་གླང་པོ་ཆེ་ཞོན་པ་དང༌།རྟ་ཞོན་པ་དང༌།ཁྱོགས་ན་འདུག་པ་དང༌།བཞོན་པའི་སྟེང་ན་འདུག་པ་དང༌།མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་ལག་ན་ཁར་བ་ཐོགས་པ་དང༌།ལག་ན་གདུགས་ཐོགས་པ་དང༌།ལག་ན་མཚོན་ཐོགས་པ་དང༌།ལག་ན་རལ་གྲི་ཐོགས་པ་དང༌།ལག་ན་དགྲ་སྟ་ཐོགས་པ་དང༌།གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ། །མི་ན་བར་ཆུའི་ནང་དུ་བཤང་གཅི་དང་མཆིལ་མ་དང༌།སྣབས་དང་སྐྱུགས་པ་དང༌།རླུགས་པ་མི་དོར་བར་བསླབ་པར་བྱ།མིན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང༌།མཆིལ་མ་དང་སྣབས་དང་སྐྱུགས་པ་དང༌།རླུགས་པ་མི་དོར་བར་བསླབ་པར་བྱ།གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་བསླབ་པའི་ཆོས་མང་པོ་རྣམས་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ།། །།སྡོམ་ལ།མངོན་སུམ་དྲན་པ་མ་མྱོས་དང༌། །དེ་བཞིན་གང་མང་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླང་བར་ཡང་བྱ་བའོ། །ཚེ་དང་ལྡན་པ་དག་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ། །མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་ནོ། །དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ། །མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་ནོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་ནོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཅལ་བ་སྦྱིན་ནོ། །རྩྭ་བཀྲམ་པ་ལྟ་བུ་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུ་སྦྱིན་ནོ། །གང་ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱའོ། །རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་གིས་ཆོས་དང༌།འདུལ་བ་དང་སྟོན་པའི་བསྟན་པ་བཞིན་དུ་དུལ་བར་བྱ།ཞི་བར་བྱ།རྣམ་པར་ཞི་བར་བྱའོ། །ཚེ་དང་ལྡན་པ་དག་བདག་གིས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །ཕམ་པར་གྱུར་པའི་ཆོས་བཞི་དང༌།དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང༌།མ་ངེས་པའི་ཆོས་གཉིས་དང༌། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང༌།ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང༌།བསླབ་པའི་ཆོས་མང་པོ་དང་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མདོར་གཏོགས་ཤིང་མདོར་བསྡུས་པ་ནི་འདི་དག་གོ༌། །གང་གཞན་ནས་འབྱུང་བའི་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་དེ་ལ་ཡང་ཁྱེད་རྣམས་འདུན་པ་དང་མཐུན་པ་དང་དགའ་བ་དང༌།མི་རྩོད་པར་སེམས་ཀུན་ཏུ་སྲུང་བ་དང་དྲན་པ་དང་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང༌། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །དམིག ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་དུ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤོང༌། །སྐུར་པ་མི་གདབ་གནོད་མི་བྱ། །སོ་སོར་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་གནས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་ལས། །ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་བཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །བདག་གིས་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གི༌། །བྱས་དང་མ་བྱས་རྣམས་ལ་མིན། །ལྷག་པའི་སེམས་ལ་བག་བྱ་སྟེ། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འགྱུར་རོ། །དགེ་དང་ལྡན་པས་སྡིག་པ་སྤོང༌། །ཉོན་མོངས་ཟད་པས་མྱ་ངན་འདའ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གིས་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པའང་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་དུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱི་རབ་བསྡམས་ཏེ། །ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང༌། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག།སངས་རྒྱས་དཔའ་བོ་བདུན་པོ་དག།གྲགས་ལྡན་རྣམས་ཀྱི་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་བཏོན། །འདི་ལ་སངས་རྒྱས་རྣམས་དང་གང༌། །སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། །འདི་ལ་གུས་དང་བཅས་གྱུར་པས། །འདུས་མ་བྱས་པ་ཐོབ་པར་གྱིས། །བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན།།འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང༌། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །གང་གི་ཕྱིར་ནི་མདོ་བཏོན་དང༌། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པ། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །སོ་སོར་ཐར་པའི་མདོ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་སློབ་དཔོན་ཛི་ན་མི་ཏྲ་དང༌།ཞུས་ཆེན་གྱི་ལོ་ཙྭ་བ་བན་དེ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

བརྒྱུད་འགོད།