ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ།

    སྤེལ་དུས།  2015-12-06 12:52:26         ཀློག་ཐེངས།  

           བམ་པོ་དང་པོ། །རྒྱ་གར་སྐད་དུ། ཨཱརྻ་གྲྀ་ཧ་པ་ཏི་ཨུ་གྲ་པ་རི་པྲྀ་ཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང༌། འཇམ་དཔལ་དང༌། ངན་སོང་སྤོང་དང༌། སྤྱན་རས་གཟིགས་དབང་ཕྱུག་དང༌། མཐུ་ཆེན་ཐོབ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་ཡོངས་སུ་བྱང་བ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གཡོག་ལྔ་བརྒྱ་དང་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང༌། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་བཞིན་དུ་ཁྱིམ་བདག་གཞན་རྣམས་ཀྱང་འདི་ལྟ་སྟེ། ཁྱིམ་བདག་དགའ་འདོད་དང༌། ཁྱིམ་བདག་གྲགས་འདོད་དང༌། ཁྱིམ་བདག་ལེགས་བྱིན་དང༌། ཁྱིམ་བདག་དགའ་བྱེད་དང༌། ཁྱིམ་བདག་གྲགས་བྱིན་དང༌། ཁྱིམ་བདག་ནོར་བཟངས་དང༌། ཁྱིམ་བདག་ཚུལ་དགའ་དང༌། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང༌། ཁྱིམ་བདག་ཀླུ་དཔལ་དང༌། ཁྱིམ་བདག་བདེན་དགའ་དང༌། དེ་དག་དང་གཞན་ཡང་ཁྱིམ་བདག་རབ་ཏུ་མང་པོ་རྣམས་གཡོག་ལྔ་བརྒྱ་ལྔ་བརྒྱ་དང༌། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཁྱིམ་བདག་དེ་དག་ཐམས་ཅད་ཕལ་ཆེར་ནི་གཡོག་དང་བཅས་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང༌། དགེ་བའི་རྩ་བ་བསྐྱེད་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱས་པ་ཤ་སྟག་གོ༌།དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཁྱིམ་བདག་གི་འཁོར་ཆེན་པོ་དེ་འདུས་པར་ཤེས་ནས་བཅོམ་ལྡན་འདས་ཀྱི་མཐུས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཁྱོད་ལ་དེ་བཞིན་གཤེགས་པས་རྟག་ཏུ་སྐབས་ཕྱེས། ཁྱིམ་བདག་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང༌། དེ་ལྟར་དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། །རིགས་ཀྱི་བུ་མོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཐེག་པ་ཆེན་པོ་ལ་མོས་པ་དང༌། ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་སྒྲུབ་པར་འཚལ་བ་དང༌། ཐེག་པ་ཆེན་པོ་ལ་འཇུག་པར་འཚལ་བ་དང༌། ཐེག་པ་ཆེན་པོ་ལ་དམ་བཅའ་བ་དང༌། སེམས་ཅན་ཐམས་ཅད་གཉེར་བ་དང༌། སེམས་ཅན་ཐམས་ཅད་དབུགས་འབྱིན་པ་དང༌། སེམས་ཅན་ཐམས་ཅད་བསྐྱབ་པའི་སླད་དུ་གོ་ཆ་འཚལ་བ་དང༌། མ་རྒལ་བ་རྣམས་སྒྲོལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁུར་ཆེན་པོ་ལེན་པ་དང༌། འཇུག་པ་རླབས་པོ་ཆེ་ཆེན་པོ་ལ་རབ་ཏུ་གནས་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་དཔག་ཏུ་མ་མཆིས་པ་ཐོས་ནས་ཡེ་ཤེས་དེ་ཡང་དག་པར་བསྒྲུབ་པའི་སླད་དུ་གོ་ཆ་འཚལ་བ་དང༌། འཁོར་བའི་སྡུག་བསྔལ་གྱི་སྐྱོན་མང་པོ་དུ་མ་འཚལ་ཀྱང་ཡིད་ཡོངས་སུ་མི་སྐྱོ་ཞིང་བསྐལ་པ་གྲངས་མ་མཆིས་པར་འཁོར་ཡང་སེམས་ཞུམ་པར་མི་འགྱུར་བ་དེ་དག་དང༌། བཅོམ་ལྡན་འདས་དེ་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་དག་ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་ཅིང་ཁྱིམ་ན་མི་གནས་པ་དག་དང༌། གང་ཡང་ཁྱིམ་ན་གནས་ཤིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་སྟེ། ཁྱིམ་གྱི་གནས་ནས་མངོན་པར་མི་འབྱུང་བ་དག་ཀྱང་མཆིས་ན། བཅོམ་ལྡན་འདས་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཐུགས་བརྩེ་བ་དང༌། ཐེག་པ་ཆེན་པོ་ལ་འདི་རྗེས་སུ་གཟུང་བ་དང༌། དཀོན་མཆོག་གསུམ་གྱི་རིགས་མི་འཆད་པར་བགྱི་བ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱི་བསླབ་པའི་ཡོན་ཏན་རྣམ་པར་གཞག་པ་དེ་ལེགས་པར་བཤད་དུ་གསོལ། བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་གྱི་ས་ལ་གནས་ནས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བཞིན་བགྱིད་ཅིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་མི་ཉམས། ཡོངས་སུ་མི་ཉམས་ཏེ། ཚེ་འདི་ལ་ཡང་ལས་ཁ་ན་མ་ཐོ་བ་མ་མཆིས་ཤིང་ཚེ་གཞན་དུ་ཡང་བྱེ་བྲག་ཏུ་མཆི་བར་འགྱུར་བ་དང༌། བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ། སྡུག་པ་དང༌། མི་སྡུག་པ་སྤངས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མ་ལགས་པར་རབ་ཏུ་བྱུང་བ་དེ་དག་ཇི་ཙམ་དུ་གདམས་པ་དང༌། རྗེས་སུ་བསྟན་པ་གཉིས་ཀྱིས་ཆོས་སྤྱོད་པ་དང༌། དགེ་བ་སྤྱོད་པ་ཡང་དག་པར་རབ་ཏུ་བཤད་དུ་གསོལ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བས་ཇི་ལྟར་གནས་པར་བགྱི། ཇི་ལྟར་བསྒྲུབ་བར་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཁྱིམ་བདག་ལེགས་སོ་ལེགས་སོ། །ཁྱོད་ང་ལ་དོན་འདི་འདྲི་བར་སེམས་པ་ནི་ཁྱོད་ཀྱི་ཚུལ་དང་འཐུན་པའོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང༌། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང༌། རབ་ཏུ་བྱུང་བས་ཇི་ལྟར་བསླབ་པའི་ཡོན་ཏན་ཡང་དག་པར་གཟུང་ཞིང་སྤྱོད་པ་མཆོག་ལ་གནས་པར་བྱ་བ་དང༌། ཇི་ལྟར་བསྒྲུབ་པར་བྱ་བ་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས་ཁྱིམ་བདག་དྲག་ཤུལ་ཅན་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བྱའོ། །ཆོས་ལ་སྐྱབས་སུ་འགྲོ་བར་བྱའོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བར་བྱའོ། །དེ་གསུམ་ལ་སྐྱབས་སུ་སོང་བའི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་ཡོངས་སུ་བསྒྲུབ་པར་བྱའོ་སྙམ་དུ་སེམས་མངོན་པར་འདུ་བྱེད་དེ། དགེ་བའི་རྩ་བ་གང་དག་གིས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡང་དག་པར་འགྲུབ་པར་འགྱུར་བའི་དགེ་བའི་རྩ་བ་དེ་དག་ཡང་དག་པར་བསྒྲུབ་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་ནི་ཁྱིམ་བདག་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ལ་གུས་པ་དང་བཅས་ཤིང་རི་མོ་བྱེད་པ་དང་བཅས་པ། ཆོས་དོན་དུ་གཉེར་བ། ཆོས་འདོད་པ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ། ཆོས་ལ་གཞོལ་བ། ཆོས་ལ་འབབ་པ། ཆོས་ལ་བབ་པ། ཆོས་སྲུང་བ། ཆོས་སྦེད་ཅིང་གནས་པ། ཆོས་ཀྱི་གྲགས་པ་དང༌། ཆོས་ཀྱི་སྤྱོད་པ་ལ་གནས་པ། ཆོས་ཀྱི་དབང་དུ་གྱུར་པ། ཆོས་ཡོངས་སུ་ཚོལ་བ། ཆོས་ཀྱི་སྟོབས་དང་ལྡན་པ། ཆོས་ཀྱི་སྦྱིན་པའི་མཚོན་ཆ་དང་ལྡན་པ། ཆོས་ཀྱི་བྱ་བ་བྱེད་པ་དེ་འདི་ལྟ་བུའི་ཆོས་དང་ལྡན་པས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྷ་དང། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཆོས་ཀྱིས་ཆོས་ཀྱི་བགོ་བཤའ་བྱའོ་སྙམ་དུ་དྲན་པ་རབ་ཏུ་འཐོབ་སྟེ། ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་འདུན་ལ་སྐྱབས་སུ་སོང་བ་ནི་གལ་ཏེ་དགེ་སློང་རྒྱུན་ཏུ་ཞུགས་པ་འམ། ལན་ཅིག་ཕྱིར་འོང་བ་འམ། ཕྱིར་མི་འོང་བ་འམ། དགྲ་བཅོམ་བ་འམ། སོ་སོའི་སྐྱེ་བོ་འམ། ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པ་འམ་ཐེག་པ་ཆེན་པོ་བདག་མཐོང་ན་དེ་དེ་ལ་གུས་པ་དང་བཅས། ཞེས་དང་བཅས་ཤིང་ལྡང་བར་བརྩོན་པ། བཀའ་བློ་བདེ་ཞིང་འཐུན་པར་འཛིན་པ་ཡིན་ཏེ། དེ་ཡང་དག་པར་སོང་བ་དང༌། ཡང་དག་པར་ཞུགས་པ་དེ་དག་ལ་བསྙེན་བཀུར་བྱས་པས་འདི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཉན་ཐོས་ཀྱི་ཡོན་ཏན་ཡོངས་སུ་བསྒྲུབ་པ་དང༌། རང་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་བསྒྲུབ་པའི་ཕྱིར་ཆོས་བསྟན་ཏོ་སྙམ་དུ་དྲན་པ་རབ་ཏུ་འཐོབ་སྟེ། དེ་དེ་དག་ལ་གུས་པ་དང་བཅས་ཤིང་ཞེས་དང་བཅས་པ་ཡིན་གྱི་དེ་དག་ལ་མི་དགའ་བར་ནི་མི་བྱེད་དེ། དེ་ལྟར་ན་ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་བཞི་དང་ལྡན་ན་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་འདོར་བ་དང༌། དམ་བཅས་པ་མི་འཇིག་པ་དང༌། སྙིང་རྗེ་ཆེན་པོ་ཡོངས་སུ་མི་གཏོང་བ་དང། ཐེག་པ་གཞན་ལ་མི་དམིགས་པ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་བཞི་དང་ལྡན་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན་ཏེ། བཞི་གང་ཞེ་ན། ཆོས་སྨྲ་བའི་གང་ཟག་རྣམས་ལ་བརྟེན་ཅིང་བསྙེན་ཏེ་བསྙེན་བཀུར་བྱེད་ཅིང་བསྟི་སྟང་དུ་བྱས་ནས་ཆོས་ཉན་པ་དང༌། ཆོས་ཐོས་པ་དང༌། ཚུལ་བཞིན་དུ་སོ་སོར་རྟོག་པ་དང༌། ཇི་ལྟར་ཐོས་པའི་ཆོས་རྣམས་དང་ཇི་ལྟར་ཁོང་དུ་ཆུད་པ་རྣམས་གཞན་དག་ལ་ཡང་སྟོན་ཅིང་ཡང་དག་པར་རབ་ཏུ་འཆད་པ་དང༌། ཆོས་ཀྱི་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་བཞི་དང་ལྡན་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ཏེ། བཞི་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པ་ཡང་དག་པར་སྐྱོན་མེད་པ་ལ་ཞུགས་པ་རྣམས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ལ་འཛུད་པ་དང༌། གང་ཟང་ཟིང་གིས་སྡུད་པར་བྱེད་པ་དེ་དག་ཆོས་ཀྱིས་བསྡུ་བ་ལ་སྦྱོར་བ་དང༌། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་རྟོན་གྱི་ཉན་ཐོས་ཀྱི་དགེ་འདུན་ལ་རྟོན་པ་མ་ཡིན་པ་དང༌། ཉན་ཐོས་ཀྱི་ཡོན་ཏན་ཡང་ཡོངས་སུ་ཚོལ་ལ། དེའི་རྣམ་པར་གྲོལ་བ་ལ་མོས་པ་ཡང་མ་ཡིན་པ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་དེ་བཞིན་གཤེགས་པའི་སྐུ་གཟུགས་མཐོང་ནས་སངས་རྒྱས་རྗེས་སུ་དྲན་པ་རབ་ཏུ་ཐོབ་པ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཆོས་ཐོས་ནས་ཆོས་རྗེས་སུ་དྲན་པ་རབ་ཏུ་ཐོབ་པ་ནི་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཐོང་ནས་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་ནི་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་སངས་རྒྱས་དང་འགྲོགས་པར་སྨོན་ཅིང་སྦྱིན་པ་སྦྱིན་པ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །དམ་པའི་ཆོས་ཡང་དག་པར་བསྲུང་བའི་ཕྱིར་སྦྱིན་པ་སྦྱིན་པ་ནི་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །སྦྱིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ནི་སྐྱེས་བུ་དམ་པའི་ལས་རྣམས་བྱེད་ཅིང་སྐྱེས་བུ་ངན་པའི་ལས་རྣམས་མི་བྱེད་དོ། །ཁྱིམ་བདག་སྐྱེས་བུ་དམ་པའི་ལས་ཡིན་གྱི་སྐྱེས་བུ་ངན་པའི་ལས་མ་ཡིན་པ་རྣམས་གང་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ཀྱིས་ལོངས་སྤྱོད་ཚོལ་གྱི་ཚོས་མ་ཡིན་པས་མི་ཚོལ་ལོ། །འཐུན་པས་ཚོལ་གྱི་མི་འཐུན་པས་མ་ཡིན་ནོ། །ཡང་དག་པས་འཚོ་བ་ཡིན་གྱི་ལོག་པས་འཚོ་བ་མ་ཡིན་ཏེ། དེ་ཆོས་ཀྱིས་ལོངས་སྤྱོད་ཐོབ་པ་དེ་དག་གིས་གཞན་ལ་འཚེ་བར་མི་བྱེད་དེ། མི་རྟག་པའི་འདུ་ཤེས་སྒོམ་པ་མང་ཞིང་སྙིང་པོ་ལེན་ཏོ། འདི་ལྟ་སྟེ། ཕ་མ་ལ་བསྙེན་བཀུར་བྱེད་པ་དང༌། བུ་དང༌། ཆུང་མ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་རྣམས་ཡང་དག་པར་ལོངས་སྤྱོད་དང་མཛའ་བཤེས་དང༌། བློན་པོ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་རྣམས་ལ་བཀུར་སྟི་དང༌། གང་དུ་ཡང་ཆོས་ལ་འཛུད་པས་གཏོང་བ་འཕེལ་བར་བྱེད་དོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་ལྔའི་ཁུར་ཁྱེར་བས་ཁུར་བླངས་བཀུར་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །འདི་ལྟ་སྟེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་མི་འདོར་བས་ཁུར་བླངས་པ་བཀུར་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བས་ཡོངས་སུ་མི་སྐྱོ་བ། བདག་བདེ་བ་ལ་མི་ཆགས་པ། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པ་བྱེད་པ། རྙེད་པ་དང༌། མ་རྙེད་པ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། བསྟོད་པ་དང༌། སྨད་པ་དང༌། བདེ་བ་དང༌། སྡུག་བསྔལ་གྱིས་མི་བསྐྱོད་པས་དེ་འཇིག་རྟེན་གྱི་ཆོས་ལས་ཡང་དག་པར་འདའ་བ་དང༌། རྙེད་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པས་མི་སྙེམས་པ་དང༌། རྙེད་པ་དང༌། གྲགས་པ་དང་བརྗོད་པའི་སྒྲའི་སྙན་པ་མེད་པ་ལ་ཡི་མི་ཆད་པ་དང༌། ཤིན་ཏུ་བརྟགས་ཏེ་ལས་བྱེད་པ་དང༌། ཡང་དག་པར་སྒྲུབ་པ་ཀུན་ཏུ་སྲུང་བ་དང༌། ལོག་པར་སྒྲུབ་པ་ལ་ཡིད་མི་མོས་པ་དང༌། མི་གནས་པའི་བློས་འབྱུང་བ་མཐོང་བ་དང༌། ཤིང་བལ་གྱི་འདའ་བལྟ་བུའི་སེམས་མེད་དེ། ཇི་ལྟར་དམ་བཅས་པ་ཡོངས་སུ་རྫོགས་པ་བྱེད་པ་དང༌། གཞན་གྱི་བྱ་བ་བྱེད་པ་དང༌། རང་གི་བྱ་བ་ཡོངས་སུ་འདོར་བ་དང༌། གཞན་ལ་བྱས་པ་ལ་ལན་ཏུ་ཕན་འདོགས་པར་མི་རེ་བ་དང༌། གནོད་པ་བྱས་པ་ལ་ཤ་མི་ལྔོན་པ་དང༌། བྱས་པ་གཟོ་བ་དང༌། བྱས་པ་ཚོར་བ་དང༌། ལེགས་པར་བྱ་བའི་ལས་བྱེད་པ་དང༌། དབུལ་པོ་རྣམས་ལ་ལོངས་སྤྱོད་དག་པར་བགེད་པ་དང༌། སྟོབས་དང་ལྡན་པ་རྣམས་ལ་ང་རྒྱལ་བཅག་པ་དང༌། འཇིགས་པ་རྣམས་མི་འཇིགས་པར་དབུགས་འབྱིན་པ་དང༌། མྱ་ངན་གྱིས་ཉམ་ཐག་པ་རྣམས་ལ་མྱ་ངན་གྱི་ཟུག་རྔུ་སེལ་བ་དང༌། མཐུ་ཆུང་བ་རྣམས་ལ་བཟོད་ཅིང་དང་དུ་ལེན་པ་དང༌། ང་རྒྱལ་ལས་ཀྱང་ང་རྒྱལ་རྣམ་པར་སྤོང་བ་དང་བླ་མ་རྣམས་ལ་གུས་པ་དང༌། མང་དུ་ཐོས་པ་རྣམས་ལ་སྟེན་པ་དང༌། མཁས་པ་རྣམས་ལ་ཀུན་འདྲི་བ་དང༌། ལྟ་བ་དྲང་བ་དང༌། གཡོ་མེད་པར་སྤྱོད་པ་དང༌། སྒྱུ་མེད་པ་དང༌། བཅོས་མ་མེད་པར་སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། དགེ་བ་གང་ཡིན་ཞེས་ཚོལ་བས་མི་དོམས་པ་དང༌། མང་དུ་ཐོས་པ་ལ་ཆོག་མི་ཤེས་པར་བྱེད་པ་དང༌། བརྩམས་པ་རྣམས་ལ་ཡི་དམ་བརྟན་པ་དང༌། འཕགས་པའི་སྐྱེ་བོ་དང་འགྲོགས་པ་དང༌། འཕགས་པ་མ་ཡིན་པའི་སྐྱེ་བོ་རྣམས་ལ་ཆེར་སྙིང་རྗེ་བ་དང༌། མཛའ་བ་བརྟན་པ་དང༌། མཛའ་བ་དང༌། མི་མཛའ་བ་ལ་སེམས་སྙོམས་པ་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པ་དང༌། ཇི་ལྟར་ཐོས་པའི་ཆོས་རྣམས་རབ་ཏུ་སྟོན་པ་དང༌། ཐོས་པའི་དོན་རྗེས་སུ་སྒོམ་པ་དང༌། འདོད་པ་ལ་དགའ་ཞིང་རྩེ་བ་ཐམས་ཅད་ལ་མི་རྟག་པར་འདུ་ཤེས་པ་དང༌། ལུས་ལ་མི་གཙང་བར་འདུ་ཤེས་པ་དང༌། སྲོག་ལ་ཟིལ་པའི་ཐིགས་པ་ལྟར་འདུ་ཤེས་པ་དང༌། ལོངས་སྤྱོད་ལ་སྒྱུ་མ་དང༌། སྨིག་རྒྱུ་ལྟ་བུར་འདུ་ཤེས་པ་དང༌། བུ་དང་ཆུང་མ་ལ་སེམས་ཅན་དམྱལ་བ་མནར་མེད་པར་འདུ་ཤེས་པ་དང༌། ཞིང་དང་ཁྱིམ་གྱི་ལས་ཀྱི་མཐའ་དང་གོས་རྣམ་པ་སྣ་ཚོགས་ཡོངས་སུ་འཛིན་པ་ལ་ཕོངས་པའི་སྡུག་པར་འདུ་ཤེས་པ་དང༌། ཡོངས་སུ་ཚོལ་བ་ལ་དགེ་བའི་རྩ་བ་རྣམ་པར་འཇིག་པར་འདུ་ཤེས་པ་དང༌། ཁྱིམ་གྱི་གནས་ལ་གཤེད་མ་ལྟ་བུར་འདུ་ཤེས་པ་དང༌། མཛའབཤེས་དང༌། བློན་པོ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་རྣམས་ལ་སེམས་ཅན་དམྱལ་བའི་སྲུངས་མར་འདུ་ཤེས་པ་དང༌། ཉིན་དང་མཚན་དུ་བྱེ་བྲག་ཏུ་གྱུར་པ་ཅི་ཡོད་ཅེས་ཡོངས་སུ་འཇལ་བར་འདུ་ཤེས་པ་དང༌། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བར་འདུ་ཤེས་པ་དང༌། སྙིང་པོ་མེད་པའི་སྲོག་ལས་སྙིང་པོ་བླང་བར་འདུ་ཤེས་པ་དང༌། སྙིང་པོ་མེད་པའི་ལོངས་སྤྱོད་རྣམས་ལས་སྙིང་པོ་བླང་བར་འདུ་ཤེས་པ་ཡིན་ནོ། །དེ་ལ་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བར་འདུ་ཤེས་པ་གང་ཞེ་ན། གང་གཞན་གྱི་བྱའོ་ཅོག་བྱ་བར་སྤྲོ་བ་དང༌། བླ་མ་རྣམས་ལ་གུས་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། ལྡང་བ་དང༌། ཐལ་མོ་སྦྱོར་བ་དང༌། འདུད་པའི་ལས་བྱེད་པ་སྟེ། འདི་ནི་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླང་བར་འདུ་ཤེས་པ་ཞེས་བྱའོ། །དེ་ལ་སྙིང་པོ་མེད་པའི་སྲོག་ལས་སྙིང་པོ་བླང་བར་འདུ་ཤེས་པ་གང་ཞེ་ན། གང་སྔོན་བྱས་པའི་དགེ་བའི་རྩ་བ་རྣམས་ཡོངས་སུ་མི་ཉམས་ལ་གོང་དུ་ཡང་རྣམ་པར་འཕེལ་བར་བྱེད་པ་སྟེ། འདི་ནི་སྙིང་པོ་མེད་པའི་སྲོག་ལས་སྙིང་པོ་བླང་བར་འདུ་ཤེས་པ་ཞེས་བྱའོ། །དེ་ལ་སྙིང་པོ་མེད་པའི་ལོངས་སྤྱོད་རྣམས་ལས་སྙིང་པོ་བླང་བར་འདུ་ཤེས་པ་གང་ཞེ་ན། གང་སེར་སྣའི་སེམས་ཚར་གཅོད་ཅིང་གཏོང་བ་ཆེན་པོའི་སེམས་འཕེལ་བར་བྱེད་ཅིང་སྦྱིན་པ་ཡང་དག་པར་འགེད་པ་སྟེ། འདི་ནི་སྙིང་པོ་མེད་པའི་ལོངས་སྤྱོད་རྣམས་ལས་སྙིང་པོ་བླང་བར་འདུ་ཤེས་པ་ཞེས་བྱའོ། །ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་འདི་ལྟ་བུའི་སྐྱེས་བུ་དམ་པའི་ལས་འདི་དག བྱེད་ཀྱི། སྐྱེས་བུ་ངན་པའི་ལས་ནི་མ་ཡིན་ནོ། །དེ་ལྟར་བྱེད་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཉེས་པར་བརྗོད་པ་མ་ཡིན་ཏེ། རིགས་པར་སྨྲ་བ་ཡིན། ཆོས་སྨྲ་བ་ཡིན་ནོ། །འདི་ལྟ་སྟེ། སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དམ་བཅས་པ་ཡང་མི་ཉམས་ཡོངས་སུ་མི་ཉམས་པ་ཡིན་ནོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་བསླབ་པའི་གཞི་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་ཏེ། འདི་ལྟ་སྟེ། བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་ནས་དེས་སྲོག་གཅོད་པ་སྤང་བར་བྱ་སྟེ། དབྱུག་པ་དོར་བ་དང༌། མཚོན་ཆ་དོར་བ་དང༌། ངོ་ཚ་ཤེས་པ་དང༌། སྙིང་རྗེ་དང་ལྡན་པ་དང༌། སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་མི་འཚེ་བའི་རང་བཞིན་ཅན་དང༌། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང༌། རྟག་ཏུ་བྱམས་པ་ལ་གནས་པར་བྱའོ། །དེས་མ་བྱིན་པར་ལེན་པ་སྤང་བར་བྱ་སྟེ། བདག་གི་ལོངས་སྤྱོད་ཀྱིས་ཆོག་ཤེས་པ་དང༌། གཞན་གྱི་ལོངས་སྤྱོད་ལ་མངོན་པར་དགའ་བ་མེད་པ་དང༌། ཆགས་སེམས་དང་བརྣབ་སེམས་མེད་པ་དང༌། གཞན་གྱི་ནོར་ལ་འདོད་པ་མེད་པ་དང༌། ཐན་རྩྭ་དང་ལོ་མ་ཙམ་ཡང་མ་བྱིན་པར་མི་བླང་བར་བྱའོ། །དེས་འདོད་པ་ལ་ལོག་པར་གཡེམ་པ་སྤང་བར་བྱ་སྟེ། རང་གི་ཆུང་མས་ཆོག་པར་འཛིན་པ་དང༌། གཞན་གྱི་ཆུང་མ་ལ་འདོད་པ་མེད་པ་དང༌། མ་ཆགས་པའི་མིག་གིས་བལྟ་བ་དང༌། ཡིད་བྱུང་བའི་ཡིད་དང༌། འདོད་པ་དག་ནི་ཤིན་ཏུ་སྡུག་བསྔལ་བའོ་སྙམ་དུ་མ་ཆགས་པ་ཡིད་ལ་བྱེད་པ་ལ་བརྩོན་པར་བྱའོ། །དེ་གང་གི་ཚེ་རང་གི་ཆུང་མ་ལ་འདོད་པའི་རྣམ་པར་རྟོག་པ་བྱུང་བ་དེའི་ཚེ་ཡང་ཉོན་མོངས་པའི་དབང་དུ་གྱུར་པས་ན་དེས་རང་གི་ཆུང་མ་ལ་མི་སྡུག་པར་རྗེས་སུ་བལྟ་བ་དང༌། སྐྲག་པའི་ཡིད་ཀྱིས་འདོད་པ་བསྟེན་པར་བྱའི། ཞེན་པས་ཟིན་བཞིན་དུ་ནི་མ་ཡིན་པ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་གཙང་བར་འདུ་ཤེས་པས་དེས་ཅི་ནས་བདག་གིས་ཡིད་ཀྱིས་དགུ་ལ་ཡང་འདོད་པ་ལ་སྤྱོད་པར་མི་བྱ་ན། མཚན་གཉིས་སྤྲད་པ་འམ། ཡན་ལག་མ་ཡིན་པར་འཇུག་པ་ལྟ་ཅི་སྨོས་ཏེ། བདག་གིས་དེ་ལྟར་མི་བྱའོ་སྙམ་མོ། །དེས་བརྫུན་དུ་སྨྲ་བ་སྤང་བར་བྱ་སྟེ། བདེན་པར་སྨྲ་བ་དང༌། ཡང་དག་པར་སྨྲ་བ་དང༌། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང༌། མི་སླུ་བ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། དྲན་པ་དང་ཤེས་བཞིན་དང་ལྡན་པར་བྱ་སྟེ། ཇི་ལྟར་མཐོང་བ་དང༌། ཐོས་པ་སྨྲ་བ་དང༌། ཆོས་རྗེས་སུ་སྲུང་བར་གྱུར་པ་དེས་ལུས་དང་སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་སྨྲ་བར་མི་བྱའོ། །དེས་འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བའི་བཏུང་བ་སྤང་བར་བྱ་སྟེ། དེར་རོ་བ་མེད་པ་དང༌། མྱོས་པ་མེད་པ་དང༌། འཁྲུལ་པ་མེད་པ་དང༌། ཚིག་མ་འཆལ་པ་དང༌། མི་འཕྱར་བ་དང༌། མི་རྒོད་པ་དང༌། མི་གཡེང་བ་དང༌། དྲན་པ་ཉེ་བར་གནས་པ་དང༌། ཤེས་བཞིན་དང་ལྡན་པར་བྱ་སྟེ། དེ་ནམ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་བློ་འཇུག་ཅིང་ཟས་འདོད་པ་རྣམས་ལ་ཟས། སྐོམ་འདོད་པ་རྣམས་ལ་སྐོམ་སྦྱིན་པ་སྦྱིན་པར་བྱའོ་སྙམ་ན་དེས་གཞན་དག་ལ་ཆང་ཡང་སྦྱིན་ཏེ། འདི་སྙམ་དུ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་ཡིན་ཏེ། གང་ཅི་འདོད་པ་དེ་ལ་དེ་སྦྱིན་པའི་དུས་ལ་བབ་ཀྱིས་བདག གིས་འདི་ལྟར་བྱ་སྟེ། གང་དང་གང་ལ་འདི་ལྟར་ཆང་ཡང་བྱིན་ནས་གང་འདི་འཁྲུལ་པ་མེད་པའི་སྤྱོད་པ་ལ་དེ་དང་དེ་དག་དྲན་པ་དང་ཤེས་བཞིན་ཡང་དག་པར་འཛིན་དུ་གཞུག་གོ་སྙམ་པའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྤྱོད་པ་ཡིན་ནོ། །ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་གཞན་དག་ལ་ཆང་བྱིན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཉེས་པར་བརྗོད་པ་མ་ཡིན་ནོ། །ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་དེས་བསླབ་པའི་གཞི་ལྔ་བཟུང་བའི་དགེ་བའི་རྩ་བ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེས་བསླབ་པའི་གཞི་ལྡ་པོ་དེ་དག་ཀྱང་ཤིན་ཏུ་བསྲུང་བར་བྱའོ། །གང་དུ་ཡང་དེས་ཕྲ་མ་མི་བྱ་ཞིང་བྱེ་བ་རྣམས་ཀྱི་བསྡུམས་བྱའོ། །དེས་ངག་རྩུབ་པོ་ཡང་མི་སྨྲ་བར་བྱ་ཞིང་དེས་དག་འཇམ་པོར་སྨྲ་བ་དང༌། ཚིག མཉེན་པ་དང༌། གསོང་པོར་སྨྲ་བར་བྱའོ། །ཚིག་ཀྱལ་པ་ཡང་སྨྲ་བར་མི་བྱ་ཞིང༌། དུས་སུ་སྨྲ་བ་དང༌། ཡང་དག་པར་སྨྲ་བ་དང༌། དོན་སྨྲ་བ་དང༌། ཆོས་སྨྲ་བ་དང༌། རིགས་པ་སྨྲ་བ་དང༌། འདུལ་བ་སྨྲ་བ་དང༌། ལན་ལེགས་པར་འདེབས་པ་དང༌། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པར་བྱའོ། །དེས་བརྣབ་སེམས་སུ་མི་བྱ་ཞིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསམ་པར་བྱའོ། །གནོད་སེམས་སུ་མི་བྱ་ཞིང་རྟག་ཏུ་བཟོད་པའི་སྟོབས་ཀྱི་གོ་ཆ་བགོ་བར་བྱའོ། །དེས་ཡང་དག་པར་བལྟ་བར་བྱ་ཞིང་ལོག་པ་ཕྱིན་ཅི་ལོག་ཏུ་ལྟ་བ་ཐམས་ཅད་དང་བྲལ་བར་བྱའོ། །ལྷར་སངས་རྒྱས་ལ་བསམ་པ་རྗེས་སུ་སོང་ཞིང་ལྷ་གཞན་མི་འཛིན་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། ལྗོངས་ཀྱི་ཕྱོགས་གང་ན་གནས་པ་དེར་དེས་སེམས་ཅན་རྣམས་ལ་ཆོས་ཀྱི་གཏམ་བརྗོད་པར་བྱ་སྟེ། གང་དག་མ་དད་པ་དེ་དག་ནི་དད་པ་ལ་གཟུད་པར་བྱ། སེམས་ཅན་གང་དག་མི་གུས་ཤིང་ཕར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱི་གཙོ་བོ་ལ་རིམ་གྲོ་མི་བྱེད་པ། ཚུལ་དང་མི་ལྡན་ཞིང་མཚམས་ལས་འདས་པ་དེ་དག་བླ་མ་ལ་གུས་པ་དང༌། ཆོས་སྤྱོད་པ་ལ་གཟུད་པར་བྱའོ། །སེམས་ཅན་གང་དག་ཐོས་པ་ཉུང་བ་དེ་དག མང་དུ་ཐོས་པ་ལ་སྦྱར་བར་བྱའོ། །སེར་སྣ་ཅན་རྣམས་ནི་གཏོང་བ་ལ། ཚུལ་ཁྲིམས་འཆལ་པ་རྣམས་ནི་ཚུལ་ཁྲིམས་ལ། གནོད་སེམས་ཅན་རྣམས་ནི་བཟོད་པ་དང་དེས་པ་ལ། ལེ་ལོ་ཅན་རྣམས་ནི་བརྩོན་འགྲུས་རྩོམ་པ་ལ། བརྗེད་ངས་པ་རྣམས་ནི་དྲན་པ་དང་ཤེས་བཞིན་ལ། འཆལ་པའི་ཤེས་རབ་ཅན་རྣམས་ནི་ཤེས་རབ་ལ་གཟུད་པར་བྱའོ། །སེམས་ཅན་དབུལ་པོ་རྣམས་ལ་ལོངས་སྤྱོད་ཡང་དག་པར་བགོ་བར་བྱའོ། །སེམས་ཅན་ནད་པ་རྣམས་ལ་སྨན་སྦྱིན་པ་བྱའོ། །སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་བྱའོ། །སྐྱབས་མེད་པ་རྣམས་ཀྱི་སྐྱབས་དང༌། དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་བྱའོ། །དེས་ལྗོངས་དང་ལྗོངས་ཀྱི་ཕྱོགས་དེ་དག་ཐམས་ཅད་དང་ཇི་ལྟར་འཐུན་པར་སེམས་ཅན་འགའ་ཡང་ལོག་པར་ལྟུང་བར་མི་འགྲོ་བ་དེ་ལྟར་ཆོས་ཀྱིས་བསྲུང་བར་བྱའོ། །ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་པས་ལན་གཅིག་ལན་གཉིས་ལན་གསུམ་ནས་ལན་བདུན་གྱི་བར་དུ་རྗེས་སུ་བསྟན་པས་སེམས་ཅན་རྣམས་ཡོན་ཏན་དག་ལ་བཀོད་པ་ལས་ཡོན་ཏན་གང་ཡང་རུང་བ་ལ་གནས་པར་མ་གྱུར་ན་ཁྱིམ་བདག་དེའི་ཚེ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དེས་སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། དེས་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་ཆ་སྲ་བ་ཡང་བགོ་ཞིང་ཚིག་འདི་སྐད་ཅེས་ཇི་སྲིད་དུ་སེམས་ཅན་གདུལ་དཀའ་བ་དམུ་རྒོད་དེ་དག་ཡོངས་སུ་སྨིན་པར་མ་གྱུར་པ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་དེ་དག་གི་ཕྱིར་གོ་ཆ་བགོས་ཏེ། སེམས་ཅན་དྲང་པོ་རྣམས་ཀྱི་ཕྱིར་མ་ཡིན། གཡོ་མེད་པ་རྣམས་ཀྱི་ཕྱིར་མ་ཡིན། སྒྱུ་མེད་པ་རྣམས་ཀྱི་ཕྱིར་མ་ཡིན་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱི་ཕྱིར་མ་ཡིན་ཏེ། ཡོན་ཏན་དང་ལྡན་པ་རྣམས་ཀྱི་ཕྱིར་བདག་གི་གོ་ཆ་མ་བགོས་ཀྱིས། ཅི་ནས་བདག་གི་རྩོལ་བ་དོན་ཡོད་པར་འགྱུར་བ་དང༌། སེམས་ཅན་གྱིས་བདག་མཐོང་མ་ཐག་ཏུ་དགའ་བ་དང༌། དད་པ་ཐོབ་པར་འགྱུར་བ་དེ་ལྟར་བྱའོ། །དེ་ལྟར་བསྒྲུབ་བོ། །དེ་ལྟར་བརྩོན་འགྲུས་བརྩམ་པར་བྱའོ་སྙམ་མོ། །ཁྱིམ་བདག་གལ་ཏེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། ལྗོངས་ཀྱི་ཕྱོགས་གང་ན་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཕྱོགས་དེར་མ་བསྐུལ་ཏམ། དྲན་པར་མ་བྱས་ཏེ་སེམས་ཅན་རྣམས་ངན་འགྲོ་གང་ཡང་རུང་བ་ཞིག་ཏུ་སྐྱེས་པར་གྱུར་ན་བྱང་ཆུབ་སེམས་དཔའ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨད་པ་ཡིན་ནོ། །ཁྱིམ་བདག་འདི་ལྟ་སྟེ་དཔེར་ན་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། ལྗོངས་ཀྱི་ཕྱོགས་གང་ན་སྨན་པ་མཁས་པ་ཞིག་གནས་པ་དེས་ཐ་ན་སེམས་ཅན་འགའ་ཞིག་གི་དུག་ཞི་བར་མ་ནུས་ཏེ་འཆི་བའི་དུས་བྱེད་པར་གྱུར་ན་སྨན་པ་དེ་སྐྱེ་བོ་མང་པོས་སྨད་པར་འགྱུར་རོ། །ཁྱིམ་བདག་དེ་བཞིན་དུ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། ལྗོངས་ཀྱི་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པ་དེས་དེའི་ཕྱོགས་སུ་ཐ་ན་སེམས་ཅན་འགའ་ཙམ་ལ་ཡང་མ་བསྐུལ་ཏམ་དྲན་པར་མ་བྱས་ཏེ་ངན་འགྲོ་གང་ཡང་རུང་བ་ཞིག་ཏུ་སྐྱེས་པར་གྱུར་ན་བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨད་པ་ཡིན་ནོ། །ཁྱིམ་བདག་དེ་བས་ན་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཅི་ནས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། ལྗོངས་ཀྱི་ཕྱོགས་གང་ན་གནས་པ་དེས་བདག་གིས་སེམས་ཅན་འགའ་ཡང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་བདེ་ལྟར་བྱའོ། །དེ་ལྟར་བསྒྲུབ་བོ། །དེ་ལྟར་བརྩོན་འགྲུས་བརྩམ་མོ་སྙམ་པའི་གོ་ཆ་དེ་ལྟ་བུ་བགོ་བར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་ཁྱིམ་ན་གནས་པའི་ཉེས་པ་ལ་མཁས་པར་བྱའོ། །དེས་འདི་ལྟར་སོ་སོར་བསླབ་པར་བྱ་སྟེ། ཁྱིམ་ཞེས་བྱ་བ་འདི་ནི་དགེ་བའི་རྩ་བ་རྣམས་འཇོམས་པར་བྱེད་པ། འབྱུང་བསུན་འབྱིན་པ། དགེ་བའི་སྡོང་པོ་འགྱེལ་བར་བྱེད་པ་སྟེ། དེའི་ཕྱིར་ཁྱིམ་ཞེས་བྱའོ། །ཁྱིམ་ན་གནས་པ་ཞེས་བྱ་བ་འདི་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གནས། མི་དགེ་བའི་རྩ་བ་ལ་རྣམ་པར་རྟོག་པ་རྣམས་ཀྱི་གནས། བྱིས་པ་སོ་སོའི་སྐྱེ་བོ་མ་དུལ་བ་མ་སྦས་པ་རྣམས་ཀྱི་གནས། མི་དགེ་བ་སྤྱོད་པ་རྣམས་ཀྱི་གནས། སྐྱེ་བོ་ངན་པ་འདུས་པ་ཡིན་ཏེ། དེའི་ཕྱིར་ཁྱིམ་ན་གནས་པ་ཞེས་བྱའོ། །ཁྱིམ་ན་གནས་པ་ཞེས་བྱ་བ་འདི་ནི་སྡུག་བསྔལ་གྱི་ཆོས་ཐམས་ཅད་ཀྱི་གནས་ཞེས་བརྗོད་པའོ། །འདི་ནི་སྔོན་གོམས་པར་བྱས་པའི་དགེ་བའི་རྩ་བ་རྣམས་ཉམས་པར་བྱེད་པ་སྟེ། དེའི་ཕྱིར་ཁྱིམ་ན་གནས་པ་ཞེས་བྱའོ། །ཁྱིམ་ཞེས་བྱ་བ་འདི་ནི་དེར་གནས་ནས་བྱ་བའི་མི་རིགས་པ་བྱེད་པའོ། །དེར་གནས་ནས་ཕ་མ་དང། དགེ་སྦྱོང་དང༌། བྲམ་ཟེ་ལ་གུས་པར་མི་འགྱུར་བ་ཡིན་ཏེ། དེའི་ཕྱིར་ཁྱིམ་ཞེས་བྱའོ། །ཁྱིམ་ཞེས་བྱ་བ་འདི་ནི་སྲིད་པའི་འཁྲི་ཤིང་ལ་མངོན་པར་དགའ་བའི་ཕྱིར་མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་སྟེ། དེའི་ཕྱིར་ཁྱིམ་ཞེས་བྱའོ། ། ཁྱིམ་ཞེས་བྱ་བ་འདི་ནི་གསད་པ་དང༌། བཅིང་བ་དང༌། བརྡེག་པ་དང༌། བསྡིགས་པ་དང༌། འཚེ་བ་དང༌། མི་སྙན་པ་དང༌། གཤེ་བ་དང༌། ངན་དུ་བརྗོད་པ་དང༌། ངན་དུ་བྱ་བའི་ཚིག་གི་ལམ་རྣམས་འདུ་བ་སྟེ། དེའི་ཕྱིར་ཁྱིམ་ཞེས་བྱའོ། །ཁྱིམ་ཞེས་བྱ་བ་འདི་ནི་དགེ་བའི་རྩ་བ་མ་བྱས་པ་མི་འཛུགས་པའོ། །དགེ་བའི་རྩ་བ་བྱས་པ་རྣམས་རྣམ་པར་འཇིག་པའོ། །མཁས་པ་རྣམས་དང༌། སངས་རྒྱས་དང༌། སངས་རྒྱས་ཀྱི་ཉན་ཐོས་ཐམས་ཅད་ཀྱིས་སྨད་པའོ། །འདི་ལ་གནས་པ་ནི་ངན་འགྲོར་འགྲོ་བར་འགྱུར་རོ། །འདི་ལ་གནས་པ་ནི་འདོད་ཆགས་ཀྱིས་འགྲོ་བ་མ་ཡིན་པར་འགྲོ་བའོ། །ཞེ་སྡང་དང༌། འཇིགས་པ་དང༌། གཏི་མུག་གིས་འགྲོ་བ་མ་ཡིན་པར་འགྲོ་བ་སྟེ། དེའི་ཕྱིར་ཁྱིམ་ཞེས་བྱའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་མི་སྲུང་བའོ། །ཏིང་ངེ་འཛིན་གྱི་ཕུང་པོ་འདོར་བའོ། །ཤེས་རབ་ཀྱི་ཕུང་པོ་ལ་མི་འཇུག་པའོ། །རྣམ་པར་གྲོལ་བའི་ཕུང་པོ་མི་འཐོབ་པའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་མི་སྐྱེད་པ་སྟེ། དེའི་ཕྱིར་ཁྱིམ་ཞེས་བྱའོ། །ཁྱིམ་ན་གནས་པ་ནི་ཕ་དང༌། མ་དང༌། བུ་དང༌། ཆུང་མ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། མཛའ་བཤེས་དང༌། བློན་པོ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་དང༌། གཡོག་ཡོངས་སུ་འཛིན་པ་ལ་སྲེད་པ་ཡིན་ནོ། །ཁྱིམ་ན་གནས་པ་འདི་ནི་རྒྱ་མཚོ་ལ་ཆུ་བྲན་ལྟར་དགང་དཀའ་བའོ། །ཁྱིམ་ན་གནས་པ་ནི་མེ་ལ་ཤིང་ལྟར་ཆོག་མི་ཤེས་པའོ། །ཁྱིམ་ན་གནས་པ་ནི་ཐུག་པ་མེད་པའི་ཚུལ་གྱིས་རླུང་མར་ལྟར་ཐུག་པ་མེད་པར་རྣམ་པར་རྟོག་པའོ། །ཁྱིམ་ན་གནས་པ་ནི་འཇིག་པས་བྱེ་མའི་གྲོང་ཁྱེར་ལྟར་འཇིག་པའོ། །ཁྱིམ་ན་གནས་པ་ནི་ཁ་ཟས་བཟང་པོ་དུག་དང་འདྲེས་པ་ལྟར་འདྲེས་པའོ། །ཁྱིམ་ན་གནས་པ་ནི་མི་མཛའ་བ་བཞིན་དུ་འཐུན་པ་མ་ཡིན་པས་རྟག་ཏུ་སྡུག་བསྔལ་བའོ། །ཁྱིམ་ན་གནས་པ་ནི་འཕགས་པའི་ཆོས་སྒྲུབ་པ་ལ་བར་ཆད་བྱེད་པའོ། །ཁྱིམ་ན་གནས་པ་ནི་ཕན་ཚུན་རྐྱེན་གྱིས་འཐབ་པའོ། །ཁྱིམ་ན་གནས་པ་ནི་གཅིག་ལ་གཅིག་གནོད་པར་སེམས་པས་རྟག་ཏུ་མི་འཐུན་པའོ། །ཁྱིམ་ན་གནས་པ་ནི་ལེགས་པར་བྱས་པ་དང༌། ཉེས་པར་བྱས་པའི་ལས་ཀྱི་མཐའ་ལ་སྦྱོར་བས་གནོད་པ་མང་བའོ། །ཁྱིམ་ན་གནས་པ་ནི་ལས་ཀྱི་མཐའ་ཐུག་པ་མེད་པས་རྟག་ཏུ་བརྩོན་པའོ། །ཁྱིམ་ན་གནས་པ་ནི་ཡུན་རིང་པོ་ནས་བསགས་པ་རྣམ་པར་འཇིག་པའི་ཆོས་ཅན་གྱི་ཕྱིར་མི་རྟག་པའོ། །ཁྱིམ་ན་གནས་པ་ནི་དངོས་པོ་ཀུན་དུ་ཚོལ་ཞིང་ཡོངས་སུ་སྲུང་བས་སྡུག་བསྔལ་བའོ། །ཁྱིམ་ན་གནས་པ་ནི་དགྲ་ལྟར་མི་མཛའ་བས་རྟག་ཏུ་བག་ཚ་བའོ། །ཁྱིམ་ན་གནས་པ་ནི་ཕྱིན་ཅི་ལོག་གིས་ཟིན་པས་བག་མེད་པའོ། །ཁྱིམ་ན་གནས་པ་ནི་རང་གི་དཔྱོད་པས་རྣམ་པར་བསྒྲུབས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པས་གར་མཁན་གྱི་ཚོན་དང་འདྲའོ། །ཁྱིམ་ན་གནས་པ་ནི་མྱུར་དུ་ཕན་ཚུན་འགྱེས་པས་མཐར་རྒུད་ཅིང་འགྱུར་བའོ། །ཁྱིམ་ན་གནས་པ་ནི་སྐྱེ་བོ་གློ་བུར་དུ་འདུས་པས་རྟག་ཏུ་ངོ་བོ་ཉིད་མེད་པའི་ཕྱིར་སྒྱུ་མ་ལ་ལྟ་བ་དང་མཚུངས་སོ། ཁྱིམ་ན་གནས་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་མཐར་རྒུང་པར་འགྱུར་བས་རྨི་ལམ་དང་མཚུངས་སོ། །ཁྱིམ་ན་གནས་པ་ནི་མྱུར་དུ་འབྲལ་བས་ཟིལ་པའི་ཐིགས་པ་དང་མཚུངས་སོ། །ཁྱིམ་ན་གནས་པ་ནི་རོ་བྲོ་བ་ཆུང་དུ་ཡོངས་སུ་འཇལ་བས་སྦྲང་རྩིའི་ཐིགས་པ་དང་མཚུངས་སོ། །ཁྱིམ་ན་གནས་པ་ནི་གཟུགས་དང༌། སྒྲ་དང༌། དྲི་དང་རོ་དང༌། རེག་དང༌། ཆོས་ཀྱིས་ཡོངས་སུ་གཟིར་བས་ཚེར་མའི་དྲ་བ་དང་མཚུངས་སོ། །ཁྱིམ་ན་གནས་པ་ནི་མི་དགེ་བ་ལ་རྣམ་པར་རྟོག་པས་ཡོངས་སུ་མི་སྐྱོ་བའི་ཕྱིར་ཁ་ཁབ་ཙམ་གྱི་སྲོག་ཆགས་དང་མཚུངས་སོ། །ཁྱིམ་ན་གནས་པ་ནི་གཅིག་ལ་གཅིག་འདྲིད་པས་སྲོག་རྣམ་པར་འཇིག་པའོ། །ཁྱིམ་ན་གནས་པ་ནི་སེམས་རྙོག་པ་ཅན་དུ་བྱེད་པས་རྟག་ཏུ་འཁྲུག་པའོ། །ཁྱིམ་ན་གནས་པ་ནི་རྒྱལ་པོ་དང༌། ཆོམ་རྐུན་དང༌། མེ་དང༌། ཆུ་དང༌། བགོ་སྐལ་ལ་སྤྱོད་པས་རྣམ་པར་འཇོམས་པའི་ཕྱིར་ཐུན་མོང་བའོ། །ཁྱིམ་ན་གནས་པ་ནི་ཉེས་དམིགས་མང་བས་རོ་བྲོ་བ་ཆུང་བའོ། །ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་ཁྱིམ་ན་གནས་པའི་ཉེས་པ་ལ་མཁས་པར་བྱའོ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་སྦྱིན་པ་དང༌། དུལ་བ་དང༌། ཡང་དག་པར་སྡོམ་པ་དང༌། ངེས་པ་མང་དུ་བྱའོ། །དེས་ཡང་འདི་ལྟར་བརྟག་པར་བྱ་སྟེ། གང་བྱིན་པ་དེ་ནི་བདག་གི་ཡིན་ནོ། ཁྱིམ་ན་བཞག་པ་དེ་ནི་བདག་གི་མ་ཡིན་ནོ། །གང་བྱིན་པ་དེ་ནི་སྙིང་པོ་ཅན་ནོ། །གང་ཁྱིམ་ན་བཞག་པ་དེ་ནི་སྙིང་པོ་མེད་པའོ། །གང་བྱིན་པ་དེ་ནི་གཞན་དུ་བདེ་བའོ། །གང་ཁྱིམ་ན་བཞག་པ་དེ་ནི་ད་ལྟར་བྱུང་བ་ན་བདེ་བའོ། །གང་བྱིན་པ་དེ་ནི་ཡང་བསྲུང་བར་བྱ་བ་མ་ཡིན་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་བསྲུང་བར་བྱ་བའོ། །གང་བྱིན་པ་དེ་ནི་སྲེད་པ་ཟད་པར་འགྱུར་བའོ། །གང་ཁྱིམ་ན་བཞག་པ་དེ་ནི་སྲེད་པ་རྣམ་པར་འཕེལ་བའོ། །གང་བྱིན་པ་དེ་ནི་བདག་གི་བ་མེད་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་བདག་གི་བ་དང་བཅས་པའོ། །གང་བྱིན་པ་དེ་ནི་ཡོངས་སུ་མི་འཛིན་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་འཛིན་པ་དང་བཅས་པའོ། །གང་བྱིན་པ་དེ་ནི་འཇིགས་པ་མེད་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་འཇིགས་པ་དང་བཅས་པའོ། །གང་བྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་བདུད་ཀྱི་ཕྱོགས་ཉེ་བར་སྟོན་པའོ། །གང་བྱིན་པ་དེ་ནི་ཟད་མི་ཤེས་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་ཟད་པར་འགྱུར་པའོ། །གང་བྱིན་པ་དེ་ནི་བདེ་བའོ། །གང་ཁྱིམ་ན་བཞག་པ་དེ་ནི་ཀུན་ཏུ་བསྲུང་དགོས་པས་སྡུག་བསྔལ་བའོ། །གང་བྱིན་པ་དེ་ནི་ཉོན་མོངས་པ་སྤོང་བར་འགྱུར་བའོ། །གང་ཁྱིམ་ན་ཡོད་པ་དེ་ནི་ཉོན་མོངས་པ་འཕེལ་བར་བྱེད་པའོ། །གང་བྱིན་པ་དེ་ནི་ལོངས་སྤྱོད་ཆེན་པོར་འགྱུར་བའོ། །གང་ཁྱིམ་ན་བཞག་པ་དེ་ནི་ལོངས་སྤྱོད་ཆེན་པོར་མི་འགྱུར་བའོ། །གང་བྱིན་པ་དེ་ནི་སྐྱེས་བུ་དམ་པའི་ལས་སོ། །གང་ཁྱིམ་ན་བཞག་པ་དེ་ནི་སྐྱེས་བུ་ངན་པའི་ལས་སོ། །གང་བྱིན་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པའོ། །གང་ཁྱིམ་ན་བཞག་པ་དེ་ནི་བྱིས་པའི་སྐྱེ་བོས་བསྔགས་པའོ་སྙམ་དུ་བརྟག་པར་བྱའོ། །ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་སྙིང་པོ་བླང་བར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ་དང༌། ཚེ་རྗེས་ནས་ལོངས་སྤྱོད་ཆེན་པོར་འགྱུར་བར་འདུ་ཤེས་པ་དང༌། བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པར་འདུ་ཤེས་པ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ། ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། སེར་སྣ་ཚར་གཅད་པའི་འདུ་ཤེས་དང༌། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་འདུ་ཤེས་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལྟ་བའི་འདུ་ཤེས་ཏེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། དེ་བཞིན་གཤེགས་པའི་བཀའ་བཞིན་དུ་བྱ་བའི་འདུ་ཤེས་དང༌། བདུད་ཚར་གཅད་པའི་འདུ་ཤེས་དང༌། རྣམ་པར་སྨིན་པ་ལ་རེ་བ་མེད་པའི་འདུ་ཤེས་ཏེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། སློང་བ་ལ་གཡོག་ཏུ་འདུ་ཤེས་པ་དང༌། བསྡུ་བའི་དངོས་པོས་མི་གཏང་བར་འདུ་ཤེས་པ་དང༌། དམ་པ་མ་ཡིན་པ་ཡོངས་སུ་འཛིན་པ་ལས་འབྱུང་བར་འདུ་ཤེས་པ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང༌། བྱམས་པ་བསྒོམ་པའི་འདུ་ཤེས་དང༌། གཏི་མུག་ལ་མི་འཇུག་པའི་འདུ་ཤེས་ཏེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་འདི་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་སྲབ་མོར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་སྲབ་མོར་འགྱུར་ཞེ་ན། གང་དེའི་དངོས་པོ་ལ་བཏང་སྙོམས་ཤིང་ཡོངས་སུ་གཏོང་བ་འདི་ནི་དེའི་འདོད་ཆགས་སྲབ་པའོ། །གང་སློང་བ་དེ་དག་ལ་བྱམས་པ་ཉེ་བར་སྒྲུབ་པ་འདི་ནི་དེའི་ཞེ་སྡང་སྲབ་པའོ། །གང་དངོས་པོ་བྱིན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ནི་དེའི་གཏི་མུག་སྲབ་པའོ། །ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་སྲབ་མོར་འགྱུར་རོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པས་དངོས་པོ་གང་ཡང་རུང་བ་ཞིག་བསླངས་མ་ཐག་ཏུ་དངོས་པོ་དེ་ལ་སེམས་ཀྱིས་འཛིན་པར་མི་བྱེད་དེ། དེ་ལྟར་ན་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །གང་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ཡོངས་སུ་གཏོང་སྟེ། དེ་ལྟར་ན་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །གང་སློང་བ་དེ་དག་ལ་བྱམས་པ་ཉེ་བར་སྒྲུབ་སྟེ་མི་ཁྲོ་ཞིང་གནོད་སེམས་མི་བྱེད་དེ། དེ་ལྟར་ན་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །གལ་ཏེ་བྱིན་ན་ཅི་སྤྱད་སྙམ་དུ་འདི་ལྟར་སེམས་གཡོ་བས་ཞུམ་པ་མེད་དེ་དེ་ལྟར་ན་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །གང་སློང་བ་ལ་བྱིན་ཏེ་བྱིན་ནས་ཀྱང་གདུང་བ་མེད་ཅིང་འགྱོད་པ་མེད་པ་ཡིན། གང་དུ་ཡང་དགའ་ཞིང་རབ་ཏུ་མགུ་སྟེ་བདེ་བ་དང་ཡིད་བདེ་བ་སྐྱེད་ཅིང་གང་བྱང་ཆུབ་ཀྱི་སེམས་ལ་གནས་ནས་གཏོང་སྟེ། དེ་ལྟར་ན་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱིན་ནས་ཀྱང་གང་ཆོས་ཐམས་ཅད་མི་དམིགས་ཤིང་རྣམ་པར་སྨིན་པ་ལ་མི་རེ་སྟེ། ཇི་ལྟར་མཁས་པ་དེ་དག་ཆོས་གང་ལ་ཡང་མངོན་པར་མ་ཞེན་པ་དེ་ལྟར་མངོན་པར་ཞེན་པ་མེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། དེ་ལྟར་ན་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་མཐོང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ།། །།བམ་པོ་གཉིས་པ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པས་འཇིག་རྟེན་གྱི་ཆོས་བརྒྱད་ལ་མཉམ་པ་ཉིད་ཐོབ་པར་བྱའོ། །དེས་ལོངས་སྤྱོད་རྙེད་དམ། ཆུང་མ་རྙེད་དམ། བུ་རྙེད་དམ། ནོར་རྙེད་དམ། འབྲུ་རྙེད་ཀྱང་ཁེངས་པར་ཡང་མི་བྱ། དགའ་བར་ཡང་མི་བྱ། ཐམས་ཅད་མ་འབྱོར་ཀྱང་དེས་ཞུམ་པར་ཡང་མི་བྱ། ཡི་མུག་པར་ཡང་མི་བྱའི། དེས་འདི་ལྟར་བརྟགཔར་བྱ་སྟེ། འདུས་བྱས་ཐམས་ཅད་ནི་སྒྱུ་མ་བྱས་པ། རྣམ་པར་བསྒྲུབས་པས་སོ་སོར་ཉེ་བར་གནས་པའི་མཚན་ཉིད་དོ། །འདི་ལྟ་སྟེ། ཕ་མ་དང༌། བུ་དང༌། ཆུང་མ་དང༌། བྲན་ཕོ་དང༌། བྲན་མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང༌། མཛའ་བ་ཤེས་དང༌། བློན་པོ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་དེ་དག་ནི་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པ་ཡིན་ཏེ། དེ་དག་ཀྱང་བདག་གི་མ་ཡིན། བདག་ཀྱང་དེ་དག་གི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཕ་མ་ལ་སོགས་པ་དེ་དག་ནི་བདག་གི་མགོན་ནམ། སྐྱབས་སམ། དཔུང་གཉེན་ནམ། གནས་སམ། གླིང་ངམ། བདག་གམ། བདག་གི་བ་མ་ཡིན་ནོ། །གང་བདག་གི་ཟིན་པའི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དེ་དག་ཀྱང་བདག་མ་ཡིན། བདག་གི་མ་ཡིན་ན། གད་བདག་གི་ཕ་མ་ལ་སོགས་པ་དེ་དག་བདག་དང་བདག་གིར་འགྱུར་བ་དང༌། བདག་ཀྱང་དེ་དག་གི་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། བདག་ཀྱང་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་ཏེ། ལས་དགེ་བའམ། སྡིག་པའམ། གང་དང་གང་བྱས་པ་དེ་དང་དེ་ཉིད་ཀྱིས་བགོ་སྐལ་ལ་སྤྱོད་པར་འགྱུར་རོ། །དེ་དང་དེ་ཉིད་ཀྱི་འབྲས་བུ་སོ་སོར་མྱོང་ངོ་། །དེ་དང་དེ་ཉིད་ཀྱི་རྣམ་པར་སྨིན་པ་ལ་སྤྱོད་དོ། །འདི་དག་ཀྱང་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ཡིན་ཏེ། ལས་དགེ་བའམ། སྡིག་པའམ། གང་དང་གང་བྱས་པ་དེ་དང་དེ་ཉིད་ཀྱི་བགོ་སྐལ་ལ་སྤྱོད་པར་འགྱུར། དེ་དང་དེ་ཉིད་ཀྱི་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར། དེ་དང་དེ་ཉིད་ཀྱི་འབྲས་བུ་སོ་སོར་མྱོང་བར་འགྱུར་རོ། །དེ་དག་གི་ཕྱིར་བདག་མི་དགེ་བའི་ལས་མངོན་པར་འདུ་བྱ་བ་ནི་བདག་གི་ཆ་མ་ཡིན་ཏེ། འདི་དག་ནི་ཚེ་འདི་ལ་བདེ་བའི་བདག་གིར་བྱ་བ་ཡིན་གྱི། ཚེ་གཞན་ལ་བདེ་བའི་བདག་གིར་བྱ་བ་མ་ཡིན་ནོ། །བདག་གི་གང་ཡིན་པ་དེ་ལ་བདག་འཇུག་པར་བྱ་སྟེ། འདི་ལྟ་སྟེ། སྦྱིན་པ་དང༌། དུལ་བ་དང༌། ཡང་དག་པར་སྡོམ་པ་དང༌། བཟོད་པ་དང༌། ངེས་པ་དང༌། བརྩོན་འགྲུས་དང༌། བག་ཡོད་པ་དང༌། བྱང་ཆུབ་ཀྱི་ཡན་ལག་སྡུད་ཅིང་མངོན་པར་སྒྲུབ་པའི་དགེ་བ་དེ་ནི་བདག་གི་ཡིན་ཏེ། གང་དུ་བདག་འགྲོ་བར་འགྱུར་བའི་ལམ་དེར་འདི་དག་ཀྱང་འགྲོ་བར་འགྱུར་རོ་སྙམ་སྟེ། དེ་སྲོག་གི་ཕྱིར་རམ། བུ་དང་ཆུང་མའི་ཕྱིར་ཡང་སྡིག་པའི་ལས་མངོན་པར་འདུ་མི་བྱེད་དོ། །ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་དེས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། མི་རྟག་པའི་འདུ་ཤེས་དང༌། མི་བརྟན་པའི་འདུ་ཤེས་དང༌། འགྱུར་བའི་འདུ་ཤེས་ཏེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། འདི་ནི་དགའ་ཞིང་རྩེ་བའི་གྲོགས་ཡིན་གྱི། འདི་འཇིག རྟེན་ཕ་རོལ་གྱི་གྲོགས་ནི་མ་ཡིན་ནོ། །འདི་ནི་བཟའ་བ་དང་བཏུང་བའི་གྲོགས་ཡིན་གྱི། འདི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་གྲོགས་ནི་མ་ཡིན་ནོ། །འདི་ནི་བདེ་བའི་གྲོགས་ཡིན་གྱི། འདི་སྡུག་བསྔལ་གྱི་གྲོགས་ནི་མ་ཡིན་ནོ་སྙམ་པ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། མི་གཙང་བར་འདུ་ཤེས་པ་དང༌། བྲིང་བར་འདུ་ཤེས་པ་དང༌། མི་འཐུན་པར་འདུ་ཤེས་པའོ། ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། དགྲར་འདུ་ཤེས་པ་དང༌། གཤེད་མར་འདུ་ཤེས་པ་དང༌། ཕྱིར་རྒོལ་བར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཤ་ཟ་མོར་འདུ་ཤེས་པ་དང༌། སྲིན་མོར་འདུ་ཤེས་པ་དང༌། གཟུགས་མི་སྡུག་པར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། དགང་དཀའ་བར་འདུ་ཤེས་པ་དང༌། གཏིང་དུ་འདུ་ཤེས་པ་དང༌། བྱས་པ་མི་གཟོ་བར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། སེམས་ཅན་དམྱལ་བར་འགྲོ་བར་འདུ་ཤེས་པ་དང༌། དུད་འགྲོའི་སྐྱེ་གནས་སུ་འགྲོ་བར་འདུ་ཤེས་པ་དང༌། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཁུར་དུ་འདུ་ཤེས་པ་དང༌། སྲིད་པར་འདུ་ཤེས་པ་དང༌། སྲིད་པ་ཡོངས་སུ་འཛིན་པར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། བདག་གི་བ་མ་ཡིན་པར་འདུ་ཤེས་པ་དང༌། ཡོངས་སུ་འཛིན་པ་མེད་པར་འདུ་ཤེས་པ་དང༌། བརྙན་མར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ལུས་ཀྱིས་ཉེས་པར་སྤྱོད་པའི་གནས་སུ་འདུ་ཤེས་པ་དང༌། ངག་གིས་ཉེས་པར་སྤྱོད་པའི་གནས་སུ་འདུ་ཤེས་པ་དང༌། ཡིད་ཀྱིས་ཉེས་པར་སྤྱོད་པའི་གནས་སུ་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། འདོད་པའི་རྣམ་པར་རྟོག་པའི་གནས་སུ་འདུ་ཤེས་པ་དང༌། གནོད་སེམས་ཀྱི་རྣམ་པར་རྟོག་པའི་གནས་སུ་འདུ་ཤེས་པ་དང༌། རྣམ་པར་འཚེ་བའི་རྣམ་པར་རྟོག་པའི་གནས་སུ་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཁྲི་མོན་དུ་འདུ་ཤེས་པ་དང༌། གསོད་པར་འདུ་ཤེས་པ་དང༌། འཆིང་བར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཚུལ་ཁྲིམས་ཀྱི་བར་དུ་གཅོད་པར་འདུ་ཤེས་པ་དང༌། ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་འདུ་ཤེས་པ་དང༌། ཤེས་རབ་ཀྱི་བར་དུ་གཅོད་པར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཁོག་ཙེར་འདུ་ཤེས་པ་དང༌། སྙིར་འདུ་ཤེས་པ་དང༌། རྒྱར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཡམས་ཀྱི་ནང་དུ་འདུ་ཤེས་པ་དང༌། གནོད་པར་འདུ་ཤེས་པ་དང༌། ནད་འགོ་བར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། འཐབ་པར་འདུ་ཤེས་པ་དང༌། བྱུར་དུ་འདུ་ཤེས་པ་དང༌། སེར་བར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ནང་དུ་འདུ་ཤེས་པ་དང༌། རྒ་བར་འདུ་ཤེས་པ་དང༌། འཆི་བར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། བདུད་དུ་འདུ་ཤེས་པ་དང༌། བདུད་ལ་རྟེན་པར་འདུ་ཤེས་པ་དང༌། འཇིགས་པར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། མྱ་ངན་དུ་འདུ་ཤེས་པ་དང༌། སྨྲེ་སྔགས་འདོན་པར་འདུ་ཤེས་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག པར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། སྤྱང་མོ་ཆེན་མོར་འདུ་ཤེས་པ་དང༌། ཆུ་སྲིན་ཆེན་མོར་འདུ་ཤེས་པ་དང༌། བྱི་ལ་ཆེན་མོར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། སྦྲུལ་ནག་མོར་འདུ་ཤེས་པ་དང༌། ཆུ་སྲིན་བྱིས་པ་གསོད་དུ་འདུ་ཤེས་པ་དང༌། མདངས་འཕྲོག་མར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། མགོན་མེད་པར་འདུ་ཤེས་པ་དང༌། སྐྱབས་མེད་པར་འདུ་ཤེས་པ་དང༌། གནས་མེད་པར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། གང་བར་འདུ་ཤེས་པ་དང༌། བྲི་བར་འདུ་ཤེས་པ་དང༌། ན་བར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཆོམ་རྐུན་དུ་འདུ་ཤེས་པ་དང༌། བཙོན་སྲུངས་སུ་འདུ་ཤེས་པ་དང༌། སེམས་ཅན་དམྱལ་བའི་སྲུངས་མར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཆུ་བོར་འདུ་ཤེས་པ་དང༌། སྦྱོར་བར་འདུ་ཤེས་པ་དང༌། མདུད་པར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། འདམ་དུ་འདུ་ཤེས་པ་དང༌། ཆགས་པར་འདུ་ཤེས་པ་དང༌། ཀློང་དུ་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཐག་པར་འདུ་ཤེས་པ་དང༌། ཁོང་སྒྲིལ་དུ་འདུ་ཤེས་པ་དང༌། རྙོང་དུ་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། མེ་མ་མུར་དུ་འདུ་ཤེས་པ་དང༌། རྩྭ་མེའི་སྒྲོན་མ་ལྟ་བུར་འདུ་ཤེས་པ་དང༌། ཆུ་གྲི་ལྟ་བུར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། དོན་མེད་པར་འདུ་ཤེས་པ་དང༌། ཚེར་མར་འདུ་ཤེས་པ་དང༌། དུག་ཏུ་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ལྷག་པར་སྒྲོ་འདོགས་པར་འདུ་ཤེས་པ་དང༌། ལྷག་པར་ཀུན་དུ་གོས་པར་བྱེད་པར་འདུ་ཤེས་པ་དང༌། ལྷག་པར་ཆགས་པར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། ཤར་གཉེར་བར་འདུ་ཤེས་པ་དང༌། ཆད་པས་གཅོད་པར་འདུ་ཤེས་པ་དང༌། མཚོན་ཆ་འཛིན་པར་འདུ་ཤེས་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། འགྱེད་པར་འདུ་ཤེས་པ་དང༌། རྩོད་པར་འདུ་ཤེས་པ་དང༌། མཚང་འདྲུ་བར་འདུ་ཤེས་པའོ། །ཁྱིམ་བདག གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། མི་སྡུག་པ་དང་ཕྲད་པར་འདུ་ཤེས་པ་དང༌། སྡུག་པ་དང་བྲལ་བར་འདུ་ཤེས་པ་དང༌། ཉམ་ང་བར་འདུ་ཤེས་པའོ། །མདོར་ན་ཐབ་མོའི་དྲི་མར་འདུ་ཤེས་པ་དང། ཐབ་མོ་རྙོག་པ་ཐམས་ཅད་དུ་འདུ་ཤེས་པ་དང༌། གནོད་པ་ཐམས་ཅད་ཀྱི་རྒྱུར་གྱུར་པར་འདུ་ཤེས་པ་དང༌། མི་དགེ་བ་ཐམས་ཅད་ཀྱི་རྩ་བར་འདུ་ཤེས་བསྐྱེད་པར་བྱའོ། །ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་འདི་ལྟ་བུའི་འདུ་ཤེས་ཡིད་ལ་བྱེད་པས་རང་གི་ཆུང་མ་ལ་བརྟག་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་བུ་ལ་ལྷག་པར་སྡུག་པའི་སེམས་བསྐྱེད་པར་མི་བྱའོ། །ཁྱིམ་བདག་གལ་ཏེ་དེས་བུ་ལ་ལྷག་པར་སྡུག་པའི་སེམས་བསྐྱེད་ལ་དེ་བཞིན་དུ་སེམས་ཅན་གཞན་ལ་མ་ཡིན་ན་དེས་སྤྱོ་བ་གསུམ་གྱིས་རང་གི་སེམས་ལ་སྤྱོ་བར་བྱ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་ནི་སེམས་སྙོམས་པའི་བྱང་ཆུབ་སེམས་དཔའི་ཡིན་གྱི། སེམས་མི་སྙོམས་པའི་མ་ཡིན་ནོ། །བྱང་ཆུབ་ནི་ཡང་དག་པར་སྦྱོར་བའི་བྱང་ཆུབ་སེམས་དཔའི་ཡིན་གྱི། ལོག་པའི་སྦྱོར་བའི་ནི་མ་ཡིན་ནོ། །བྱང་ཆུབ་ནི་ཐ་དད་པ་མེད་པར་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཡིན་གྱི། ཐ་དད་དུ་སྤྱོད་པའི་ནི་མ་ཡིན་པ་སྟེ། སྤྱོ་བ་གསུམ་པོ་དེ་དག་གིས་རང་གི་སེམས་ལ་སྤྱོས་ནས་བུ་དེ་ལ་མི་སྡུག་པའི་འདུ་ཤེས་བསྐྱེད་པར་བྱའོ། །འདི་ནི་མི་སྡུག་པ་སྟེ། བདག་གི་སྙིང་དུ་སྡུག་པ་མ་ཡིན་ན། གང་བདག་གིས་དེའི་དོན་དུ་བུ་དེ་ལ་ནི་ལྷག པར་སྡུག་པ་སྐྱེད་ལ། སེམས་ཅན་གཞན་ལ་ནི་དེ་ལྟ་མ་ཡིན་ན། སངས་རྒྱས་ཀྱིས་བཀའ་སྩལ་པའི་བསླབ་པ་དང་འགལ་བར་འགྱུར་རོ། །བདག་གིས་དེའི་ཕྱིར་དགེ་བའི་རྩ་བ་ལ་ཡང་གནོད་པར་བྱས། སྲོག་ལ་ཡང་བག་མེད་དེ་གནོད་པར་གྱུར་པས་འདི་ནི་བདག་ལ་གནོད་པ་བྱེད་པའོ། ། བདག་དེའི་ཕྱིར་བྱང་ཆུབ་ཀྱི་ལམ་དང་མི་འཐུན་པའི་ལམ་ལ་སྤྱོད་པས་འདི་ནི་བདག་ལ་ཕྱིར་རྒོལ་བའོ་སྙམ་དུ་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ། །དེས་བུ་དེ་རྒྱུར་བྱས་ཏེ། ཇི་ལྟ་ཇི་ལྟ་བུར་བུ་དེ་ལ་སྡུག་པར་སེམས་པ་དང་ལྡན་པ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བྱམས་པ་བསྐྱེད་པ་དང། བདག་ཕངས་པར་སེམས་པ་དང་ལྡན་པ་བཞིན་དུ་བྱམས་པ་བསྐྱེད་པ་དེ་ལྟ་དེ་ལྟ་བུར་དེས་སེམས་བསྐྱེད་པར་བྱའོ། །དེས་ཡང་འདི་ལྟར་འདི་ཡང་གུད་ནས་འོངས་ལ་བདག་ཀྱང་གུད་ནས་འོངས་མོད་ཀྱི། སེམས་ཅན་ཐམས་ཅད་ཀྱང་སྔོན་བདག་གི་བུར་གྱུར་ལ་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་བུར་གྱུར་ཏེ། འདི་ལ་ནི་བདག་གིའམ། གཞན་གྱིའམ། སུའི་སེམས་ཅན་གང་ཡང་མེད་དོ་སྙམ་དུ་ཚུལ་བཞིན་བརྟག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་འཐུན་པའི་ཕྱིར་ཏེ། འགྲོ་བ་ལྔ་རྣམས་སུ་མཛའ་བ་ལས་ཀྱང་མི་མཛའ་བར་འགྱུར་བས་བདག་ནི་ཇི་ལྟར་སུ་དང་ཡང་མཛའ་བ་འམ་མི་མཛའ་བར་མི་འགྱུར་བ་དེ་ལྟར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་མཛའ་བ་བཟུང་ན་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་བྱེད་མི་འདོད་པར་འགྱུར། མཛའ་བ་བཟུང་ན་ནི་ཧ་ཅང་བྱེད་འདོད་པར་འགྱུར་ཏེ། རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བའི་སེམས་གཉིས་ཀྱིས་ནི་ཆོས་མཉམ་པ་ཉིད་ཁོང་དུ་ཆུད་པར་བྱེད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། མི་མཉམ་པར་སྤྱོད་པ་ནི་མི་མཉམ་པར་འགྲོ་བར་འགྱུར། མཉམ་པར་སྤྱོད་པ་ནི་མཉམ་པར་འགྱུར་བའོ། །དེ་ལ་བདག་གིས་ནི་མི་མཉམ་པར་སྤྱོད་པ་མི་བྱའི་སེམས་ཅན་ཐམས་ཅད་ལ་མཉམ་པར་སྤྱོད་ན་ཐམས་ཅད་མཁྱེན་པ་ཉིད་ཁོང་དུ་ཆུད་པར་འགྱུར་རོ། །ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་དངོས་པོ་གང་ལ་ཡང་བདག་གི་སྙམ་དུ་ཡོངས་སུ་བཟུང་བར་མི་བྱ། ཆགས་པར་མི་བྱའོ། །གཡོ་དང་སྲེད་པའི་བག་ལ་ཉལ་མི་བྱའོ། །ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་པའི་དྲུང་དུ་སློངས་མོ་པ་འོངས་ལ་དངོས་པོ་ཞིག་བསླངས་པ་ལས་གལ་ཏེ་དེས་དངོས་པོ་མ་བཏང་ན་དེས་འདི་ལྟར་དངོས་པོ་འདི་བཏང་ཡང་རུང༌། མ་བཏང་ཡང་རུང་སྟེ། བདག་ནི་དངོས་པོ་འདི་དང་གདོན་མི་ཟ་བར་འབྲལ་བར་ཡང་འགྱུར། མི་འདོད་བཞིན་དུ་འཆི་བར་ཡང་འགྱུར་ཞིང་དངོས་པོ་འདིས་ཀྱང་བདག་འདོར། བདག་གིས་ཀྱང་དངོས་པོ་འདི་འདོར་གྱི། དངོས་པོ་འདི་བཏང་ལ་ཡིད་དགའ་བ་དང༌། སྙིང་པོ་བླངས་ཏེ་འཆི་བའི་དུས་བྱའོ། །འདི་ཡོངས་སུ་བཏང་ན་བདག་འཆི་བའི་དུས་ཀྱི་ཚེ་སེམས་ཀུན་ནས་ཟིན་ཏེ་གནས་པར་མི་འགྱུར། འདིས་ནི་བདག་འཆི་བའི་དུས་ཀྱི་ཚེ་དགའ་བ་དང༌། མཆོག་ཏུ་དགའ་བ་དང་རངས་པ་དང༌། འགྱོད་པ་མེད་པ་སྐྱེ་བར་འགྱུར་སྙམ་དུ་སེམས་ངེས་པར་བསམ་པར་བྱའོ། །གལ་ཏེ་དེ་ལྟར་བསམས་ཀྱང་དངོས་པོ་དེ་གཏོང་མ་ནུས་ན། དེས་སློང་བ་ལ་ཀུན་གོ་བར་བྱ་བ་གསུམ་གྱིས་གོ་བར་བྱ་སྟེ། བདག་ནི་ད་དུང་དུ་མཐུ་ཚུང་ཞིང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་ཏེ། ཐེག་པ་ཆེན་པོ་ལ་ལས་དང་པོ་པ་དང། བདག་ནི་མི་གཏོང་བ་ལ་སེམས་ཀྱི་དབང་དུ་གྱུར་པ་དང༌། བདག་ནི་ཉེ་བར་ལེན་པའི་ལྟ་བ་དང་བཅས་པ་དང༌། བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པ་ལ་གནས་པ་ལགས་ཀྱིས། སྐྱེས་བུ་དམ་པ་བཟོད་པར་མཛད་ཅིང་ཡོངས་སུ་གདུང་བར་མི་མཛད་དུ་གསོལ། །ཇི་ལྟར་ཁྱོད་དང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་བདག་གིས་བགྱིའོ། །དེ་ལྟར་བསྒྲུབ་བོ། །དེ་ལྟར་བརྩོན་འགྲུས་བརྩམ་མོ་ཞེས་ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་ལ་ཀུན་གོ་བར་བྱ་བ་གསུམ་གྱིས་གོ་བར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་རྟག་ཏུ་རྒྱུན་མི་འཆད་པར་ཡོངས་སུ་བསྔོ་བ་ལ་མཁས་པར་བྱ་སྟེ། གལ་ཏེ་དེ་སྟོན་པ་འདས་པའི་གསུང་རབ་ཡོད་ལ་སངས་རྒྱས་འབྱུང་བ་ཡང་མེད། ཆོས་སྟོན་པ་ཡང་མེད། འཕགས་པའི་དགེ་འདུན་དང་ཕྲད་པ་ཡང་མེད་པར་གྱུར་ན། དེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ཏེ། གང་དེ་དག་གི་སྔོན་གྱི་སྤྱོད་པ་དང་མཚུངས་པར་སྤྱོད་པ་དང༌། དགེ་བ་སྤྱོད་པ་དང༌། བསམ་པ་དང༌། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་ཐོབ་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་དེ་དེས་རྗེས་སུ་དྲན་པར་བྱ། རྗེས་སུ་ཡི་རང་བར་བྱའོ། །དེས་ཡང་འདི་ལྟར་ཉིན་ལན་གསུམ་མཚན་ལན་གསུམ་དུ་ལུས་ཀྱི་ལས་ཡོངས་སུ་དག་པ་དང༌། ངག་གི་ལས་ཡོངས་སུ་དག་པ་དང༌། ཡིད་ཀྱི་ལས་ཡོངས་སུ་དག་པ་དང༌། གཙང་བ་དང༌། བསམ་པ་དག་པ་དང༌། བྱམས་པ་བསྒོམ་པ་ལ་མཁས་པ་དང༌། གོས་གཙང་མ་དང༌། ངོ་ཚ་ཤེས་ཤིང་ཁྲོལ་ཡོད་པས་ལེགས་པར་བརྒྱན་པ་དང༌། བསོད་ནམས་ཀྱི་ཚོགས་དགེ་བའི་རྩ་བ་བསགས་པ་དང༌། མཛོས་པ་དང༌། བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་དགའ་བ་དང༌། ངེས་པ་དང༌། འགྲོགས་ན་བདེ་བ་དང༌། ལེགས་པར་བྱ་བའི་ལས་བྱེད་པ་དང༌། གུས་པ་དང་བཅས་པ་དང༌། བཀའ་བློ་བདེ་བ་དང༌། ང་རྒྱལ་དང༌། རྒྱགས་པ་དང༌། དྲེགས་པ་ཡང་དག་པར་ཆད་པས་མི་དགེ་བའི་ལས་ཀྱི་ཉེས་པ་ཐམས་ཅད་བཤགས་པ་དང༌། ཕྱིན་ཆད་ཀྱང་བསྡམ་པ་དང༌། བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བ་དང༌། མཚན་བསགས་པ་རབ་ཏུ་རྫོགས་པར་བྱ་བ་དང༌། སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་བ་གདབ་པ་དང༌། ཆོས་ཐམས་ཅད་གཟུང་བ་དང༌། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམས་སུ་ཚེ་ཡོངས་སུ་བསྲུང་བའི་ཕྱིར་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཁ་ཏོན་དུ་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་པར་གནས་པ་བླང་བར་བྱའོ། །དེས་དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དགེ་བའི་ཆོས་དང་ལྡན་པ་རྣམས་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བྱའོ། །དེ་དག་ལ་བསྙེན་ཅིང་བསྟེན་ཏེ། བསྙེན་བཀུར་བྱེད་ཅིང༌། སྤྱོད་པ་འཁྲུལ་པ་མེད་པར་རང་གི་ཉེས་པ་མཐོང་བར་བྱའོ། །དེས་དགེ་སྦྱོང་གི་སྤྱོད་པ་ལས་ཉམས་པའི་དགེ་སློང་མཐོང་ན་ཡང་མི་གུས་པའི་བག་ཅུང་ཟད་ཀྱང་མི་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྙོག་པ་མེད་པ། ཉོན་མོངས་པའི་རྙོག་པ་ཐམས་ཅད་དང་བྲལ་བ་དེའི་ངུར་སྨྲིག་ནི་ཚུལ་ཁྲིམས་ཀྱིས་ཡོངས་སུ་བསྒོས་པ། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་ཡོངས་སུ་བསྒོས་པ་འདི་དག་ཡིན་ཏེ། འདི་ནི་འཕགས་པ་རྣམས་ཀྱི་དྲང་སྲོང་གི་རྒྱལ་མཚན་ཡིན་ནོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེས་དེ་དག་ལ་རབ་ཏུ་གུས་པ་བསྐྱེད་ནས་དགེ་སློང་དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །སྡིག་པའི་སྤྱོད་པ་འདི་ནི་མ་ལེགས་སོ། །ཀུན་ནས་ཉོན་མོངས་པའི་སྤྱོད་པ་འདི་ནི་མ་ལེགས་སོ། །འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དུལ་བ། ཞི་བ། སྦས་པ། ཅང་ཤེས་པ་དེའི་དྲང་སྲོང་གི་རྒྱལ་མཚན་བགོས་ཀྱང་འདི་ནི་མ་བྱང༌། མ་ཞི། མ་སྦས། མ་དུལ་བ་སྟེ། ཅང་ཤེས་པ་མ་ཡིན་པའི་སྤྱོད་པ་སྤྱོད་དོ། །བཅོམ་ལྡན་འདས་དེས་མ་བསླབས་པ་ལ་མ་བརྙས་ཤིག་ཅེས་གསུངས་པས་ན་འདིས་ཉེས་པ་མ་ཡིན། ཉོན་མོངས་པ་གང་གིས་མི་དགེ་བ་འདི་དག་སྟོན་པའི་ཉོན་མོངས་པས་ཉེས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ནི་འབྱུང་བ་དང་བཅས་པ་ཡིན་པས་གང་ཉོན་མོངས་པ་འདི་དག་ཁོང་དུ་ཆུད་ནས་ཚུལ་བཞིན་སོ་སོར་རྟོག་ན་དང་པོའི་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བའི་གནས་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉོན་མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་གསལ་བར་བྱ་བ་ཡིན་པས་ན་བཅོམ་ལྡན་འདས་ཀྱིས་ཀྱང་གང་ཟག་གིས་གང་ཟག་ལ་ཚོད་གཟུང་བར་མི་བྱ་སྟེ། གང་ཟག་གིས་གང་ཟག་ལ་ཚོད་བཟུང་ན་ཉམས་པར་འགྱུར་རོ་ཞེས་གསུངས་པས་དེ་བཞིན་གཤེགས་པ་ནི་རབ་ཏུ་མཁྱེན་པ། བདག་ནི་རབ་ཏུ་ཤེས་པ་མ་ཡིན་ནོ་སྙམ་ནས་དེས་དགེ་སློང་དེ་ལ་གནོད་སེམས་མེད་པ་དང༌། ཞེ་སྡང་མེད་པ་དང༌། ཁོང་ཁྲོ་བ་མེད་པ་དང༌། ཁྲོ་བ་མེད་པ་ཡང་བསྐྱེད་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་དེ་གཙུག་ལག་ཁང་དུ་འཇུག་པར་འདོད་ན་ཅང་ཤེས་ཀྱི་སེམས་དང༌། ལས་སུ་རུང་བའི་སེམས་དང༌། གུས་པ་དང་བཅས་པ་དང༌། ཞེ་ས་དང་བཅས་པ་དང༌། དད་པ་དང་བཅས་པ་དང༌། རི་མོ་དང་བཅས་པས་གཙུག་ལག་ཁང་གི་སྒོར་འདུག་སྟེ། གཙུག་ལག་ཁང་ལ་ཡན་ལག་ལྔས་ཕྱག བྱས་ལ། དེ་ནས་གདོད་བདག་གཙུག་ལག་ཁང་གི་ནང་དུ་འགྲོ་བར་བྱའོ། །དེས་ཡང་འདི་ལྟར་བརྟག་པར་བྱ་སྟེ། འདི་ནི་སྟོང་པ་ཉིད་ལ་གནས་པའི་གནས་སོ། །མཚན་མ་མེད་པ་ལ་གནས་པ་དང༌། སྨོན་པ་མེད་པ་ལ་གནས་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལ་གནས་པའི་གནས་སོ། །འདི་ནི་བསམ་གཏན་པ་རྣམས་ཀྱི་གནས་ཏེ། གནས་ཐམས་ཅད་ཡང་དག་པར་ཆད་པ་རྣམས་ཀྱི་གནས་སོ། །འདི་ནི་ཡང་དག་པར་སོང་བ་རྣམས་དང༌། ཡང་དག་པར་ཞུགས་པ་རྣམས་ཀྱི་གནས་སོ། །བདག་ཀྱང་རྡུལ་གྱི་གནས། ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ། ནམ་ཞིག་ན་འདི་ལྟ་བུ་སྤྱོད་པར་འགྱུར། བདག་ཀྱང་ནམ་ཞིག་ན་གང་དགེ་འདུན་གྱི་ལས་དང༌། གསོ་སྦྱོང་གི་ལས་དང༌། དགག་དབྱེའི་ལས་དང༌། འདུད་པའི་ལས་དེ་ལ་གནས་པར་འགྱུར་སྙམ་ནས་དེས་འདི་ལྟར་རབ་ཏུ་འབྱུང་བའི་སེམས་ལ་དགའ་བར་བྱའོ། །བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་གང་ཡང་མེད་དེ། དེ་དག་ཐམས་ཅད་ཀྱང་ཁྱིམ་གྱི་གནས་ནས་མངོན་པར་བྱུང་ནས་དགོན་པ་ལ་སེམས། དགོན་པ་ལ་གཞོལ། དགོན་པར་སོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚོགས་དེ་ཡང་ཡང་དག་པར་བསྒྲུབས་སོ། །ཁྱིམ་ན་གནས་པ་ནི་ཀུན་དུ་གནོད་པ་སྟེ་རྡུག་འབབ་པའོ། །རབ་ཏུ་བྱུང་བ་ནི་སངས་རྒྱས་དང༌། དེའི་ཉན་ཐོས་རྣམས་ཀྱིས་བསྔགས་པའོ། །ཁྱིམ་ན་གནས་པ་ནི་ཉེས་པའི་སྐྱོན་ཆགས་པ་མང་བའོ། །རབ་ཏུ་བྱུང་བ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་མང་བའོ། །ཁྱིམ་ན་གནས་པ་ནི་ཉམ་ང་བའོ། །རབ་ཏུ་བྱུང་བ་ནི་བག་ཡངས་པའོ། །ཁྱིམ་ན་གནས་པ་ནི་ཡོངས་སུ་འཛིན་པའི་དྲི་མ་ཅན་ནོ། །རབ་ཏུ་བྱུང་བ་ནི་ཡོངས་སུ་འཛིན་པ་ལས་རྣམ་པར་གྲོལ་བའོ། །ཁྱིམ་ན་གནས་པ་ནི་ཉིས་པར་སྤྱོད་པའི་གཞིའོ། །རབ་ཏུ་བྱུང་བ་ནི་ལེགས་པར་སྤྱོད་པའི་གཞིའོ། །ཁྱིམ་ན་གནས་པ་ནི་རྡུལ་གྱི་ནང་ན་གནས་པའོ། །རབ་ཏུ་བྱུང་བ་ནི་རྡུལ་གྱི་ནང་ན་མི་གནས་པའོ། །ཁྱིམ་ན་གནས་པ་ནི་འདོད་པའི་འདམ་དུ་བྱིང་བའོ། །རབ་ཏུ་བྱུང་བ་ནི་འདོད་པའི་འདམ་ནས་འབྱིན་པའོ། །ཁྱིམ་ན་གནས་པ་ནི་ཕྱིས་བའི་སྐྱེ་བོའི་ ཞུགས་པའོ། །རབ་ཏུ་བྱུང་བ་ནི་སྐྱེ་བོ་མཁས་པའི་ཞུགས་པའོ། །ཁྱིམ་ན་གནས་པ་ནི་འཚོ་བ་སྦྱང་བར་དཀའ་བའོ། །རབ་ཏུ་བྱུང་བ་ནི་འཚོ་བ་སྦྱང་བར་སླ་བའོ། །ཁྱིམ་ན་གནས་པ་ནི་འགྲན་ཟླ་མང་བའོ། །རབ་ཏུ་བྱུང་བ་ནི་འགྲན་ཟླ་མེད་པའོ། །ཁྱིམ་ན་གནས་པ་ནི་ཕོངས་པ་མང་བའོ། །རབ་ཏུ་བྱུང་བ་ནི་ཕོངས་པ་མེད་པའོ། །ཁྱིམ་ན་གནས་པ་ནི་མྱ་ངན་གྱི་གནས་སོ། །རབ་ཏུ་བྱུང་བ་ནི་དགའ་བའོ། །ཁྱིམ་ན་གནས་པ་ནི་ངན་སོང་གི་ཐེམ་སྐས་སོ། །རབ་ཏུ་བྱུང་བ་ནི་མངོན་པར་མཐོ་བའི་ཐེམ་སྐས་སོ། །ཁྱིམ་ན་གནས་པ་ནི་བཅིངས་པའོ། །རབ་ཏུ་བྱུང་བ་ནི་ཐར་པའོ། །ཁྱིམ་ན་གནས་པ་ནི་འཇིགས་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་འཇིགས་པ་མེད་པའོ། །ཁྱིམ་ན་གནས་པ་ནི་ཆད་པ་དང་བཅས་པར་སྤྱོད་པའོ། །རབ་ཏུ་བྱུང་བ་ནི་ཆད་པ་མེད་པར་སྤྱོད་པའོ། །ཁྱིམ་ན་གནས་པ་ནི་མཚོན་ཆ་སྤྱོད་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་མཚོན་ཆ་མི་སྤྱོད་པའོ། །ཁྱིམ་ན་གནས་པ་ནི་ཡོངས་སུ་གདུང་བ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཡོངས་སུ་གདུང་བ་མེད་པའོ། །ཁྱིམ་ན་གནས་པ་ནི་ཀུན་དུ་ཚོལ་བས་སྡུག་བསྔལ་བའོ། །རབ་ཏུ་བྱུང་བ་ནི་ཀུན་དུ་ཚོལ་བ་མེད་པས་བདེ་བའོ། །ཁྱིམ་ན་གནས་པ་ནི་རྒོད་པའོ། །རབ་ཏུ་བྱུང་བ་ནི་ཉེ་བར་ཞི་བའོ། །ཁྱིམ་ན་གནས་པ་ནི་འཇུངས་པའོ། །རབ་ཏུ་བྱུང་བ་ནི་མ་འཇུངས་པའོ། །ཁྱིམ་ན་གནས་པ་ནི་ཞན་པའོ། །རབ་ཏུ་བྱུང་བ་ནི་མི་ཞན་པའོ། །ཁྱིམ་ན་གནས་པ་ནི་མ་རབས་སོ། །རབ་ཏུ་བྱུང་བ་ནི་ཡ་རབས་སོ། །ཁྱིམ་ན་གནས་པ་ནི་ཀུན་དུ་འབར་བའོ། །རབ་ཏུ་བྱུང་བ་ནི་འབར་བ་ཞི་བའོ། །ཁྱིམ་ན་གནས་པ་ནི་གཞན་གྱི་དོན་ཏོ། །རབ་ཏུ་བྱུང་བ་ནི་གཉི་གའི་དོན་ཏོ། །ཁྱིམ་ན་གནས་པ་ནི་དོན་ཆུང་བའོ། །རབ་ཏུ་བྱུང་བ་ནི་དོན་ཆེ་བའོ། །ཁྱིམ་ན་གནས་པ་ནི་གཟི་ཆུང་བའོ། །རབ་ཏུ་བྱུང་བ་ནི་གཟི་ཆེ་བའོ། །ཁྱིམ་ན་གནས་པ་ནི་ཀུན་ནས་ཉོན་མོངས་པས་སྡུག་བསྔལ་བའོ། །རབ་ཏུ་བྱུང་བ་ནི་མངོན་བར་བྱུང་བས་བདེ་བའོ། །ཁྱིམ་ན་གནས་པ་ནི་ཚེར་མ་སྐྱེད་པའོ། །རབ་ཏུ་བྱུང་བ་ནི་ཚེར་མ་བསལ་བའོ། །ཁྱིམ་ན་གནས་པ་ནི་ཆོས་ཆུང་ངུ་དང་ལྡན་པའོ། །རབ་ཏུ་བྱུང་བ་ནི་ཆོས་ཆེན་པོ་དང་ལྡན་པའོ། །ཁྱིམ་ན་གནས་པ་ནི་འདུལ་བ་མ་ཡིན་པ་བྱེད་པའོ། །རབ་ཏུ་བྱུང་བ་ནི་འདུལ་བ་བྱེད་པའོ། །ཁྱིམ་ན་གནས་པ་ནི་འགྱོད་པའོ། །རབ་ཏུ་བྱུང་བ་ནི་མི་འགྱོད་པའོ། །ཁྱིམ་ན་གནས་པ་ནི་མཆི་མ་དང་ནུ་ཞོ་དང་ཁྲག་གི་རྒྱ་མཚོ་འཕེལ་བའོ། །རབ་ཏུ་བྱུང་བ་ནི་མཆི་མ་དང་ནུ་ཞོ་དང་ཁྲག་གི་རྒྱ་མཚོ་ སྐེམས་པའོ། །ཁྱིམ་ན་གནས་པ་ནི་སངས་རྒྱས་དང༌། རང་སངས་རྒྱས་དང༌། ཉན་ཐོས་ཀྱིས་སྨད་པའོ། །རབ་ཏུ་བྱུང་བ་ནི་སངས་རྒྱས་དང༌། རང་སངས་རྒྱས་དང༌། ཉན་ཐོས་ཀྱིས་བསྔགས་པའོ། །ཁྱིམ་ན་གནས་པ་ནི་ཆོག་མི་ཤེས་པའོ། །རབ་ཏུ་བྱུང་བ་ནི་ཆོག་ཤེས་པའོ། །ཁྱིམ་ན་གནས་པ་ནི་བདུད་དགའ་བའོ། །རབ་ཏུ་བྱུང་བ་ནི་བདུད་མྱ་ངན་བྱེད་པའོ། །ཁྱིམ་ན་གནས་པ་ནི་རྙོག་པ་ཆེན་པོའི་མཐར་ཐུག་པར་འགྱུར་རོ། །རབ་ཏུ་བྱུང་བ་ནི་རྙོག་པ་ཐམས་ཅད་ཉེ་བར་ཞི་བའི་མཐར་ཐུག་པའོ། །ཁྱིམ་ན་གནས་པ་ནི་ཀུན་དུ་མི་ཐུལ་བའོ། །རབ་ཏུ་བྱུང་བ་ནི་ཀུན་དུ་ཐུལ་བའོ། །ཁྱིམ་ན་གནས་པ་ནི་བྲན་གྱི་ལས་བྱེད་པའོ། །རབ་ཏུ་བྱུང་བ་ནི་རྗེ་བོ་བྱེད་པའོ། །ཁྱིམ་ན་གནས་པ་ནི་འཁོར་བའི་མཐར་འགྱུར་བའོ། །རབ་ཏུ་བྱུང་བ་ནི་མྱ་ངན་ལས་འདས་པའི་མཐར་འགྱུར་བའོ། །ཁྱིམ་ན་གནས་པ་ནི་གཡང་ས་པའོ། །རབ་ཏུ་བྱུང་བ་ནི་གཡང་ས་ལས་འདས་པའོ། །ཁྱིམ་ན་གནས་པ་ནི་མུན་ནག་གོ༌།རབ་ཏུ་བྱུང་བ་ནི་སྣང་བའོ། །ཁྱིམ་ན་གནས་པ་ནི་དབང་པོ་ལ་དབང་མི་བྱེད་པའོ། །རབ་ཏུ་བྱུང་བ་ནི་དབང་པོ་ལ་དབང་བྱེད་པའོ། །ཁྱིམ་ན་གནས་པ་ནི་དྲེགས་པ་སྐྱེད་པའོ། །རབ་ཏུ་བྱུང་བ་ནི་དྲེགས་པ་འདུལ་བའོ། །ཁྱིམ་ན་གནས་པ་ནི་དམ་པ་མ་ཡིན་པ་སྐྱེད་པའོ། །རབ་ཏུ་བྱུང་བ་ནི་དམ་པ་སྐྱེད་པའོ། །ཁྱིམ་ན་གནས་པ་ནི་ངན་སོང་སྐྱེད་པའོ། །རབ་ཏུ་བྱུང་བ་ནི་བདེ་འགྲོ་སྐྱེད་པའོ། །ཁྱིམ་ན་གནས་པ་ནི་བལྟ་བར་མི་འོས་པའོ། །རབ་ཏུ་བྱུང་བ་ནི་བལྟ་བར་འདོ་པའོ། །ཁྱིམ་ན་གནས་པ་ནི་རྩོམ་པ་ཆེན་པོའོ། །རབ་ཏུ་བྱུང་བ་ནི་རྩོམ་པ་ཆུང་བའོ། །ཁྱིམ་ན་གནས་པ་ནི་འབྲས་བུ་ཆུང་བའོ། །རབ་ཏུ་བྱུང་བ་ནི་འབྲས་བུ་ཆེ་བའོ། །ཁྱིམ་ན་གནས་པ་ནི་གྱ་གྱུ་ཅན་ནོ། །རབ་ཏུ་བྱུང་བ་ནི་དྲང་བའོ། །ཁྱིམ་ན་གནས་པ་ནི་ཡིད་མི་བདེ་བ་མང་བའོ། །རབ་ཏུ་བྱུང་བ་ནི་ཡིད་བདེ་བ་དང་ལྡན་པའོ། །ཁྱིམ་ན་གནས་པ་ནི་ཟུག་རྡུ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཟུག་རྡུ་ཕྱུང་བའོ། །ཁྱིམ་ན་གནས་པ་ནི་ན་བའོ། །རབ་ཏུ་བྱུང་བ་ནི་ནད་མེད་པར་བྱེད་པའོ། །ཁྱིམ་ན་གནས་པ་ནི་ཆོས་རྒས་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་ཆོས་དར་བར་བྱེད་པའོ། །ཁྱིམ་ན་གནས་པ་ནི་བག་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་བག་ཡོད་པར་བྱེད་པའོ། །ཁྱིམ་ན་གནས་པ་ནི་འཆལ་པའི་ཤེས་རབ་ཀྱི་འབྱུང་གནས་སོ། །རབ་ཏུ་བྱུང་བ་ནི་ཤེས་རབ་འཕེལ་བའོ། །ཁྱིམ་ན་གནས་པ་ནི་ཤེས་རབ་ཀྱི་བར་ཆད་བྱེད་པའོ། །རབ་ཏུ་བྱུང་བ་ནི་ཤེས་རབ་ཀྱི་སྲོག་བྱེད་པའོ། །ཁྱིམ་ན་གནས་པ་ནི་སླུ་བར་སོ་སོར་ཉེ་བར་གནས་པའོ། །རབ་ཏུ་བྱུང་བ་ནི་མི་སླུ་བར་སོ་སོར་ཉེ་བར་གནས་པའོ། །ཁྱིམ་ན་གནས་པ་ནི་བྱེད་པ་མང་བའོ། །རབ་ཏུ་བྱུང་བ་ནི་བྱེད་པ་ཉུང་བའོ། །ཁྱིམ་ན་གནས་པ་ནི་དུག་དང་བཅས་པའི་བཏུང་བ་ལྟ་བུའོ། །རབ་ཏུ་བྱུང་བ་ནི་བདུད་རྩི་དང་བཅས་པའི་བཏུང་བ་ལྟ་བུའོ། །ཁྱིམ་ན་གནས་པ་ནི་གནོད་པ་ཅན་ནོ། །རབ་ཏུ་བྱུང་བ་ནི་གནོད་པ་མེད་པའོ། །ཁྱིམ་ན་གནས་པ་ནི་འདྲེས་པའོ། །རབ་ཏུ་བྱུང་བ་ནི་མ་འདྲེས་པའོ། །ཁྱིམ་ན་གནས་པ་ནི་ཀིམ་པ་ཀའི་འབྲས་བུ་ལྟ་བུའོ། །རབ་ཏུ་བྱུང་བ་ནི་བདུད་རྩིའི་འབྲས་བུ་ལྟ་བུའོ། །ཁྱིམ་ན་གནས་པ་ནི་མི་སྡུག་པ་དང་ཕྲད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་མི་སྡུག་པ་དང་འབྲལ་བར་བྱེད་པའོ། །ཁྱིམ་ན་གནས་པ་ནི་སྡུག་པ་དང་འབྲལ་བར་བྱེད་པའོ། །རབ་ཏུ་བྱུང་བ་ནི་སྡུག་པ་དང་ཕྲད་པར་བྱེད་པའོ། །ཁྱིམ་ན་གནས་པ་ནི་གཏི་མུག་གིས་ལྕི་བའོ། །རབ་ཏུ་བྱུང་བ་ནི་ཡེ་ཤེས་ཀྱིས་ཡང་བའོ། །ཁྱིམ་ན་གནས་པ་ནི་སྦྱོར་བ་རྣམ་པར་འཇིག་པའོ། །རབ་ཏུ་བྱུང་བ་ནི་སྦྱོར་བ་རྣམ་པར་སྤྱོང་བའོ། །ཁྱིམ་ན་གནས་པ་ནི་བསམ་པ་རྣམ་པར་འཇིག་པའོ། །རབ་ཏུ་བྱུང་བ་ནི་བསམ་པ་རྣམས་པར་སྦྱོང་བའོ། །ཁྱིམ་ན་གནས་པ་ནི་ལྷག་པའི་བསམ་པ་རྣམས་པར་འཇིག་པའོ། །རབ་ཏུ་བྱུང་བའི་ནི་ལྷག་པའི་བསམ་པ་རྣམ་པར་སྦྱོང་བའོ། །ཁྱིམ་ན་གནས་པ་ནི་དཔུང་གཉེན་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་དཔུང་གཉེན་བྱེད་པའོ། །ཁྱིམ་ན་གནས་པ་ནི་མགོན་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་མགོན་བྱེད་པའོ། །ཁྱིམ་ན་གནས་པ་ནི་གནས་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་གནས་བྱེད་པའོ། །ཁྱིམ་ན་གནས་པ་ནི་སྐྱབས་མེད་པར་བྱེད་པའོ། །རབ་ཏུ་བྱུང་བ་ནི་སྐྱབས་བྱེད་པའོ། །ཁྱིམ་ན་གནས་པ་ནི་གནོད་སེམས་མང་བའོ། །རབ་ཏུ་བྱུང་བ་ནི་བྱམས་པ་མང་བའོ། །ཁྱིམ་ན་གནས་པ་ནི་ཁུར་ཁྱེར་བའོ། །རབ་ཏུ་བྱུང་བ་ནི་ཁུར་བོར་བའོ། །ཁྱིམ་ན་གནས་པ་ནི་ཐུག་པ་མེད་པར་སྤྱོད་པའོ། །རབ་ཏུ་བྱུང་བ་ནི་སྤྱོད་པ་ཐམས་ཅད་མཐར་འབྱིན་པའོ། །ཁྱིམ་ན་གནས་པ་ནི་ཁ་ན་མ་ཐོ་བ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཁ་ན་མ་ཐོ་བ་མེད་པའོ། །ཁྱིམ་ན་གནས་པ་ནི་གདུང་བར་འགྱུར་བའོ། །རབ་ཏུ་བྱུང་བ་ནི་གདུང་བར་མི་འགྱུར་བའོ། །ཁྱིམ་ན་གནས་པ་ནི་ཉོན་མོངས་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཉོན་མོངས་པ་མེད་པའོ། །ཁྱིམ་ན་གནས་པ་ནི་ཟང་ཟིང་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཟང་ཟིང་མེད་པའོ། །ཁྱིམ་ན་གནས་པ་ནི་མངོན་བའི་ང་རྒྱལ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་མངོན་པའི་ང་རྒྱལ་མེད་པའོ། །ཁྱིམ་ན་གནས་པ་ནི་ནོར་སྙིང་པོར་བྱེད་པའོ། །རབ་ཏུ་བྱུང་བ་ནི་ཡོན་ཏན་སྙིང་པོར་བྱེད་པའོ། །ཁྱིམ་ན་གནས་པ་ནི་ཡམས་ཀྱི་ནང་ངོ་། །རབ་ཏུ་བྱུང་བ་ནི་ཡམས་ཀྱི་ནད་ཞི་བར་བྱེད་པའོ། །ཁྱིམ་ན་གནས་པ་ནི་འབྲི་བའོ། །རབ་ཏུ་བྱུང་བ་ནི་འཕེལ་བའོ། །ཁྱིམ་ན་གནས་པ་ནི་རྙེད་པར་སླ་བའོ། །རབ་ཏུ་བྱུང་བ་ནི་བསྐལ་པ་བརྒྱ་སྟོང་དུ་ཡང་རྙེད་པར་དཀའ་བའོ། །ཁྱིམ་ན་གནས་པ་ནི་བྱ་སླ་བའོ། །རབ་ཏུ་བྱུང་བ་ནི་བྱ་དཀའ་བའོ། །ཁྱིམ་ན་གནས་པ་ནི་རྒྱུན་ཕྱོགས་སུ་འགྲོ་བའོ། །རབ་ཏུ་བྱུང་བ་ནི་རྒྱུན་ལས་བཟློག་སྟེ་འགྲོ་བའོ། །ཁྱིམ་ན་གནས་པ་ནི་ཆུ་བོའོ། །རབ་ཏུ་བྱུང་བ་ནི་གཟིངས་སོ། །ཁྱིམ་ན་གནས་པ་ནི་ཉོན་མོངས་པའི་ཆུ་བོའོ། །རབ་ཏུ་བྱུང་བ་ནི་ཟམ་པའོ། །ཁྱིམ་ན་གནས་པ་ནི་ཚུལ་རོལ་གྱི་ངོགས་སོ། །རབ་ཏུ་བྱུང་བ་ནི་ཕ་རོལ་གྱི་ངོགས་སོ། །ཁྱིམ་ན་གནས་པ་ནི་གླགས་པའོ། །རབ་ཏུ་བྱུང་བ་ནི་མ་གླགས་པའོ། །ཁྱིམ་ན་གནས་པ་ནི་ཤར་གཉེར་བའོ། །རབ་ཏུ་བྱུང་བ་ནི་ཤར་གཉེར་བ་ཞི་བའོ། །ཁྱིམ་ན་གནས་པ་ནི་རྒྱལ་པོའི་ནན་ཏུར་བཞིན་བྱེད་པའོ། །རབ་ཏུ་བྱུང་བ་ནི་སངས་རྒྱས་ཀྱི་བསྟན་པ་བཞིན་བྱེད་པའོ། །ཁྱིམ་ན་གནས་པ་ནི་ཉམ་ཐག་པའོ། །རབ་ཏུ་བྱུང་བ་ནི་ཉམ་ཐག་པ་མེད་པའོ། །ཁྱིམ་ན་གནས་པ་ནི་སྡུག་བསྔལ་འབྱུང་བའོ། །རབ་ཏུ་བྱུང་བ་ནི་བདེ་བ་འབྱུང་བའོ། །ཁྱིམ་ན་གནས་པ་ནི་སྒང་བུའོ། །རབ་ཏུ་བྱུང་བ་ནི་ཟབ་མོའོ། །ཁྱིམ་ན་གནས་པ་ནི་གྲོགས་མོད་པའོ། །རབ་ཏུ་བྱུང་བ་ནི་གྲོགས་དཀོན་པའོ། །ཁྱིམ་ན་གནས་པ་ནི་ཆུང་མ་དང་འགྲོགས་པའོ། །རབ་ཏུ་བྱུང་བ་ནི་མོས་པ་དང་འགྲོགས་པའོ། །ཁྱིམ་ན་གནས་པ་ནི་རྒྱ་དང་འདྲ་བའོ། །རབ་ཏུ་བྱུང་བ་ནི་རྒྱ་དྲལ་བའོ། །ཁྱིམ་ན་གནས་པ་ནི་གཞན་ལ་གནོད་པ་བྱེད་པ་གཅེས་སུ་རྩི་བའོ། །རབ་ཏུ་བྱུང་བ་ནི་གཞན་ལ་ཕན་འདོགས་པ་གཅེས་སུ་རྩེ་བའོ། །ཁྱིམ་ན་གནས་པ་ནི་ཟང་ཟིང་གི་སྦྱིན་པ་ཆེད་ཆེར་འཛིན་པའོ། །རབ་ཏུ་བྱུང་བ་ནི་ཆོས་ཀྱི་སྦྱིན་བ་ཆེད་ཆེར་འཛིན་པའོ། །ཁྱིམ་ན་གནས་པ་ནི་བདུད་ཀྱི་རྒྱལ་མཚན་འཛིན་པའོ། །རབ་ཏུ་བྱུང་བ་ནི་སངས་རྒྱས་ཀྱི་རྒྱལ་མཚན་འཛིན་པའོ། །ཁྱིམ་ན་གནས་པ་ནི་སྡུག་བསྔལ་གྱི་གཞིའོ། །རབ་ཏུ་བྱུང་བ་ནི་སྡུག་བསྔལ་གྱི་གཞི་ཡང་དག་པར་འཇོམས་པའོ། །ཁྱིམ་ན་གནས་པ་ནི་ཕུང་པོ་རྣམ་པར་འཕེལ་བའོ། །རབ་ཏུ་བྱུང་བ་ནི་ཕུང་པོ་ཐམས་ཅད་ངེས་པར་འདོར་བའོ། །ཁྱིམ་ན་གནས་པ་ནི་ཐིབས་པོའོ། །རབ་ཏུ་བྱུང་བ་ནི་ཐིབས་པོ་ལས་ཐར་བ་ཡིན་ཏེ། ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་རབ་ཏུ་བྱུང་བ་ལ་གཞོལ་བར་བྱའོ། །དེས་ཡང་འདི་ལྟར་གལ་ཏེ་བདག་གིས་ཉི་མ་དུ་མར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཆོད་སྦྱིན་བྱས་ཏེ་བདོག་པ་ཐམས་ཅད་ཡོངས་སུ་བཏང་བ་བྱས་པ་དེ་དག་ཐམས་ཅད་ནི་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བའི་སེམས་ཀྱིས་ཟིལ་གྱིས་ནོན་ཏོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་མ་དད་པ་དང༌། བྱས་པ་མི་བཟོ་བ་དང། ཆོམ་རྐུན་དང༌། གདོལ་པ་དང༌། རྒྱལ་པོའི་བཀྲབས་པ་དང༌། བློན་པོ་ཡང་སྦྱིན་པ་སྦྱིན་པར་བྱེད་དེ། ཟང་ཟིང་གི་སྦྱིན་པ་ནི་དམན་པ་ཡིན་ནོ། །ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པས་འདི་ལྟར་བདག་གིས་སྦྱིན་པའི་སྙིང་པོས་ཆོག་པར་མི་བྱའི་བདག་གིས་ནི་ཚུལ་ཁྲིམས་དང། ཐོས་པ་དང༌། ཚངས་པར་སྤྱོད་པ་ཡང་སྙིང་པོར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་གཙུག་ལག་ཁང་དུ་འོངས་ན་དེ་བཞིན་གཤེགས་པའི་མཚན་མ་ལ་ཕྱག་བྱའོ། །དེ་དག་ལ་ཕྱག་བྱས་ནས་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། བདག་ཀྱང་འདི་འདྲ་བར་མཆོད་པའི་འོས་སུ་འགྱུར་བར་བྱ་བ་དང༌། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་བདག་གི་ལུས་ཀྱང་བྱིན་གྱིས་བརླབ་པ་དང༌། བདག་ཀྱང་ཇི་ལྟར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་དེ་ལྟར་བསླབ་ཅིང་དེ་ལྟར་ནན་ཏན་བྱའོ་སྙམ་པའོ། །དེ་གཙུག་ལག་ཁང་དུ་ཞུགས་ན་དེས་དགེ་སློང་མང་དུ་ཐོས་བ་ནི་གང༌། དགེ་སློང་ཆོས་བརྗོད་པ་ནི་གང༌། དགེ་སློང་འདུལ་བ་འཛིན་པ་ནི་གང༌། དགེ་སློང་མ་མོ་འཛིན་པ་ནི་གང༌། དགེ་སློང་བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ་ནི་གང༌། དགེ་སློང་དགོན་པ་པ་ནི་གང༌། བསོད་སྙོམས་པ་ནི་གང༌། ཕྱག་དར་ཁྲོད་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། རབ་ཏུ་དབེན་པ་ནི་གང༌། དགེ་སློང་རྣལ་འབྱོར་སྤྱོད་པ་ནི་གང༌། དགེ་སློང་བསམ་གཏན་པ་ནི་གང༌། དགེ་སློང་བྱང་ཆུབ་སེམས་དཔའི་ཐེག་པ་པ་ནི་གང༌། དགེ་སློང་ལག་གི་བླ་ནི་གང༌། དགེ་སློང་ཞལ་ཏ་བྱེད་པ་ནི་གང༌། དགེ་སློང་དཔོན་སྣ་བྱེད་པ་ནི་གང་ཡིན་ཞེས་དགེ་སློང་གི་དགེ་འདུན་གྱི་སྤྱོད་པ་ཐམས་ཅད་ལ་རྣམ་པར་བརྟག་པར་བྱའོ། །དེས་དེ་དག་གི་སྤྱོད་པ་ལ་རྣམ་པར་བརྟགས་ནས་ཐམས་ཅད་དང་འཐུན་པར་འཇུག་པའི་ཕྱིར་ཅི་རིགས་པར་འཐུན་པར་གནས་པར་བྱའོ། །དེས་གཞན་གྱི་མདུན་དུ་སྤྱོད་པ་གཞན་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཙུག་ལག་ཁང་དུ་ནི་གྲོང་གི་གསང་ངོ་། །གྲོང་དུ་ནི་གཙུག་ལག་ཁང་གི་གསང་ངོ་། །ངག་གི་ལས་ཤིན་དུ་བསྡམས་པ་དེས་གྲོང་དུ་གཙུག་ལག་ཁང་གི་གསང་དང༌། གཙུག་ལག་ཁང་དུ་གྲོང་གི་གསང་བསྙད་པར་མི་བྱའོ། །དགེ་སློང་གང་ཆོས་གོས་མཚང་བ་འམ། ལྷུང་བཟེད་མཚང་བ་འམ། ན་བའི་གསོས་སྨན་དང་ཡོ་བྱད་མཚང་བ་དེ་ལ་དེས་ཇི་ལྟར་གཞན་དག་གཤེ་བ་འམ། ཁྲོ་བ་སྐྱེད་པར་མི་འགྱུར་བ་དེ་ལྟར་སྦྱིན་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་མི་རྣམས་ཀྱི་ཀུན་དུ་སྦྱོར་བ་ནི་ཕྲག་དོག་དང་སེར་སྣ་ཡིན་ཏེ། དེ་བས་ན་སོ་སོའི་སྐྱེ་བོ་རྣམས་ལ་ནི་རབ་ཏུ་བསྲུང་བར་བྱའི་དགྲ་བཅོམ་པ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ལས་ནི་ཉེས་པ་སྐྱེའི་དགྲ་བཅོམ་པ་རྣམས་ལས་ནི་མ་ཡིན་ནོ། །དེ་བས་ན་མང་དུ་ཐོས་པ་ལ་བསྟེན་ཏེ་ཐོས་པ་ཡོངས་སུ་བཙལ་བ་ལ་བརྩོན་པར་བྱའོ། །ཆོས་བརྗོད་པ་ལ་བསྟེན་ཏེ་རྣམ་པར་ངེས་པའི་གཏམ་ལ་བརྩོན་པར་བྱའོ། །འདུལ་བ་འཛིན་པ་ལ་བསྟེན་ཏེ་ཉེས་པ་འདུལ་བ་དང༌། ཉོན་མོངས་པ་འདུལ་བ་ལ་བརྩོན་པར་བྱའོ། །མ་མོ་འཛིན་པ་ལ་བསྟེན་ཏེ་ལུས་དང་ངག་དང་ཡིད་སྡོམ་པ་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ་ལ་བསྟེན་ཏེ་ཕ་རོལ་དུ་ཕྱིན་པ་དྲུག་དང༌། ཐབས་ལ་མཁས་པ་ལ་བརྩོན་པར་བྱའོ། །དགོན་པ་པ་ལ་བསྟེན་ཏེ་རབ་ཏུ་དབེན་པ་ལ་བརྩོན་པར་བྱའོ། །བསོད་སྙོམས་པ་ལ་བསྟེན་ཏེ་རྙེད་པ་དང༌། མ་རྙེད་པ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། བསྟོད་པ་དང། སྨད་པ་དང༌། བདེ་བ་དང༌། སྡུག་བསྔལ་གྱིས་མི་སྒུལ་བ་ལ་བརྩོན་པར་བྱའོ། །ཕྱག་དར་ཁྲོད་པ་ལ་བསྟེན་ཏེ་ཆོས་གོས་ཀྱིས་ཚ་བ་དང༌། རྒྱན་ལ་མངོན་པར་མི་དགའ་བ་ལ་བརྩོན་བར་བྱའོ། །འདོད་པ་ཆུང་བ་ལ་བསྟེན་ཏེ་འདོད་པ་ཆུང་བ་ལ་བརྩོན་པར་བྱའོ། །ཆོག་ཤེས་པ་ལ་བསྟེན་ཏེ་ཆོགཤེས་པ་ལ་བརྩོན་པར་བྱའོ། །རབ་ཏུ་དབེན་པ་ལ་བསྟེན་ཏེ་རབ་ཏུ་དབེན་པ་ལ་བརྩོན་པར་བྱའོ། །རྣལ་འབྱོར་སྤྱོད་པ་ལ་བསྟེན་ཏེ་ནང་གི་སེམས་ཀྱི་ཞི་གནས་དང་ལྷག་མཐོང་ཚུལ་བཞིན་ཡིད་ལ་བྱེད་པ་ནང་དུ་ཡང་དག་འཇོག་པ་ལ་བརྩོན་པར་བྱའོ། །བསམ་གཏན་པ་ལ་བསྟེན་ཏེ་ཉོན་མོངས་པ་བསལ་བ་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའི་ཐེག་པ་ལ་བསྟེན་ཏེ་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་འཐུན་པ་སྟེ་བསྡུ་བའི་དངོས་པོ་བཞི་པོ་རྣམས་ལ་བརྩོན་པར་བྱའོ། །ལག་གི་བླ་ལ་བསྟེན་དེ་ཇི་ལྟར་དངོས་པོ་ཡོངས་སུ་གཏོང་བར་སྤྲོ་བ་ལ་བརྩོན་པར་བྱའོ། །ཞལ་ཏ་བྱེད་པ་ལ་བསྟེན་ཏེ་བྱའོ་ཅོག་བྱེད་པ་ལ་བརྩོན་པར་བྱའོ། །དཔོན་སྣ་བྱེད་པ་ལ་བསྟེན་ཏེ་ཡིད་ཡོངས་སུ་མི་སྐྱོ་བར་བྱའོ། །ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པས་སྤྱོད་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཇུག་པ་ལ་བརྩོན་པར་བྱའོ། །དགེ་སློང་གང་ཡང་དག་པར་སྐྱོན་མེད་པ་ལ་མཞུགས་ཆོས་གོས་ཀྱིས་སྡུད་པ་འམ། ལྷུང་བཟེད་ཀྱིས་སྡུད་པ་བྱེད་པ་ན། དགེ་སློང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་གཞུག་གོ༌།དེ་ཅིའི་ཕྱིར་ཞེ་ན། གང་ཟང་ཟིང་གི་སྡུད་པས་ཆོས་ཀྱི་བསྡུ་བ་སྐྱེད་པའི་གནས་ཡོད་པའི་ཕྱིར་རོ། །ཁྱིམ་བདགདེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་དགེ་སྦྱོང་གི་སྤྱོད་པ་ལ་མཁས་པར་བྱའོ། །དེས་ཡང་དགེ་སློང་མི་འདུམ་པ་རྣམས་ཀྱི་བསྡུམས་ཀྱང་བྱའོ། །དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ན་དེས་སྲོག་ཀྱང་ཡོངས་སུ་གཏང་ཞིང་དམ་པའི་ཆོས་ཀུན་དུ་གཟུང་བར་བྱའོ། །ཁྱིམ་བདག་གང་བྱང་ཆུབ་སེམས་དཔའ་ཁྱིམ་པས་དགེ་སློང་ན་བ་ཞིག་མཐོང་ན་དེས་རང་གི་ཤ་དང་ཁྲག་གིས་ཀྱང་དགེ་སློང་དེ་ནད་དེ་ལས་གསོ་བར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་གཏོང་ཞིང་སྦྱིན་པས་གཞན་དག་འགྲོན་དུ་གཉེར་བར་བྱ་སྟེ། བྱིན་ནས་ཀྱང་འགྱོད་པའི་སེམས་མི་བསྐྱེད་དོ། །དེ་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྔོན་དུ་ཡང་བྱང་ཆུབ་ཀྱི་སེམས་འགྲོ་བར་བྱའོ། །ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་གྱིས་ལ་གནས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བཞིན་བྱེད་པ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་མི་ཉམས། ཡོངས་སུ་མི་ཉམས་སོ། །འདི་ལ་ཡང་ཁ་ན་མ་ཐོ་བའི་ལས་མེད་ཅིང་གཞན་དུ་ཡང་བྱེ་བྲག་ཏུ་འགྲོ་བར་འགྱུར་རོ། །དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་དང༌། ཁྱིམ་བདག་གཞན་དེ་དག་གིས་མགྲིན་གཅིག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ཁྱིམ་ན་གནས་པའི་ཉེས་པ་དང༌། སྡོམ་པ་དང༌། སྤྱོད་པ་དང་རབ་ཏུ་བྱུང་བའི་ཡོན་ཏན་གྱི་ཕན་ཡོན་འདི་དག་ལེགས་པར་གསུངས་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་འདིར་ཁྱིམ་ན་གནས་པ་ལ་ཉེས་པའི་སྐྱོན་ཆགས་པ་ཇི་སྙེད་པ་དང༌། རབ་ཏུ་བྱུང་བའི་ཡོན་ཏན་དང་ཕན་ཡོན་མཐའ་ཡས་པ་མངོན་སུམ་དུ་གྱུར་ན། བཅོམ་ལྡན་འདས་བདག་ཅག་རྣམས་རབ་ཏུ་ཕྱུང་སྟེ། བདེ་བར་གཤེགས་པས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་བསྙེན་པར་རྫོགས་པར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་རྣམས་རབ་ཏུ་བྱུང་བ་ནི་འབྱུང་བར་དཀའ་སྟེ། སྤྱོད་པ་ནི་ཤིན་དུ་རྣམ་པར་དག་པར་བསྒྲུབ་པར་དཀའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཁྱིམ་བདག་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རབ་ཏུ་བྱུང་བ་ཡང་འབྱུང་བར་དཀའ་བ་ལགས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཀྱིས་བདག་ཅག་རབ་ཏུ་འབྱུང་བའི་སླད་དུ་སྐབས་དབྱེ་བར་གསོལ། བདག་ཅག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ནན་ཏན་གྱིས་བསྒྲུབ་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་དག་ལ་རབ་ཏུ་འབྱུང་བའི་སྐབས་ཕྱེ་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང༌། བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱེད་གཉིས་ཀྱིས་ཁྱིམ་བདག་འདི་རྣམས་རབ་ཏུ་ཕྱུང་ལ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་གནང་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཁྱིམ་བདག་དགུ་སྟོང་རབ་ཏུ་ཕྱུང་ངོ་། །བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་རྣམ་པར་དག་པས་ནི་ཁྱིམ་བདག་བདུན་སྟོང་རབ་ཏུ་ཕྱུང་ངོ་། །བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱི་བསླབ་པའི་རྒྱུན་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོག་ཆགས་སྟོང་དུ་ཚང་བ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། །།བམ་པོ་གསུམ་པ་སྟེ་ཐམ། དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱི་ཁྱིམ་གྱིས་དང༌། ཁྱིམ་ན་གནས་པའི་ནོངས་པ་དག་ནི་བཤད་ལགས་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བར་གཏོགས་པ་རྣམས་ཀྱི་རབ་ཏུ་བྱུང་བའི་སྒྲུབ་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། སྦྱངས་པའི་ཡོན་ཏན་དང༌། ཡོ་བྱད་བསྙུངས་པ་དང༌། སྤྱོད་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་དེ་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཇི་ལྟར་ན་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་ནས་གུས་པར་སྨྲ་བ་དང༌། ཕྱག་འཚལ་བ་དང༌། ལྡང་བ་དང༌། ཐལ་མོ་སྦྱོར་བ་དང༌། འདུད་པའི་ལས་དོན་མ་མཆིས་པར་མི་བགྱིད་པ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཁྱོད་གང་དེ་བཞིན་གཤེགས་པ་ལ་རབ་ཏུ་བྱུང་བའི་སྒྲུབ་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། སྦྱངས་པའི་ཡོན་ཏན་དང༌། ཡོ་བྱད་བསྙུངས་པ་དང༌། སྤྱོད་པ་དང༌། ཆོ་ག་ཕུན་སུམ་ཚོགས་པ་འདི་ཀུན་འདྲི་བ་ནི་ལེགས་སོ་ལེགས་སོ། །ཁྱིམ་བདག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང༌། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བར་གཏོགས་པས་ཇི་ལྟར་གནས་པར་བྱ་བ་དང༌། ཇི་ལྟར་བསྒྲུབ་པར་བྱ་བ་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་ཁྱིམ་བདག་དྲག་ཤུལ་ཅན་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་འདི་ལྟར་བདག་སུའི་ཆེད་ལ་ཁྱིམ་ནས་ཁྱིམ་མ་ཡིན་བར་རབ་ཏུ་བྱུང་སྙམ་དུ་གཞལ་བར་བྱ་སྟེ། དེས་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་ཡེ་ཤེས་ཡོངས་སུ་བཙལ་བས་བརྩོན་འགྲུས་བརྩམ་པར་བྱའོ། །དེ་དེ་ལྟར་ཡོངས་སུ་འཇལ་བས་ཐོག་མ་ཉིད་དུ་འཕགས་པའི་རིགས་བཞི་པོ་དག་ལ་རབ་ཏུ་གནས་ཤིང་སྦྱངས་པའི་ཡོན་ཏན་དང༌། ཡོ་བྱད་བསྙུངས་པ་ལ་མངོན་པར་དགའ་བར་བྱའོ། །ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འཕགས་པའི་རིགས་བཞི་པོ་དག་ལ་རབ་ཏུ་གནས་པ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ཆོས་གོས་ངན་ངོན་གྱིས་ཆོག་པར་འཛིན་པ་ཡིན། ཆོས་གོས་ངན་ངོན་གྱིས་ཆོག་པར་འཛིན་པའི་བསྔགས་པ་ཡང་བརྗོད་པ་ཡིན་ཏེ། དེ་ཆོས་གོས་ཀྱི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །ཆོས་གོས་མ་རྙེད་ན་ཡང་ཡི་མི་འཆད་ཅིང་ཡོངས་སུ་གདུང་བ་མེད་དོ། །ཆོས་གོས་རྙེད་ན་ཡང་ཆགས་པ་མེད། རྨོངས་པ་མེད། དགའ་བ་མེད། ཞེན་པ་མེད་ཅིང་ཞེན་པར་མི་འགྱུར་ཏེ། ཉེས་དམིགས་མཐོང་ལ་འབྱུང་བ་རབ་ཏུ་ཤེས་ནས་ཆགས་པ་མེད་པར་སྤྱོད་དེ། ཆོས་གོས་ངན་ངོན་ གྱིས་ཆོག་པར་འཛིན་པ་དེ་བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་་སེམས་དཔའ་རབ་ཏུ་བྱུང་བ་ནི་བསོད་སྙོམས་ངན་ངོན་གྱིས་ཆོག་པར་འཛིན་པ་ཡིན། བསོད་སྙོམས་ངན་དོན་གྱིས་ཆོག་པར་འཛིན་པའི་བསྔགས་པ་ཡང་རྗོད་པ་ཡིན་ཏེ། དེ་བསོད་སྙོམས་ཀྱི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །བསོད་སྙོམས་མ་རྙེད་ན་ཡང་ཡི་མི་འཆད་ཅིང་ཡོངས་སུ་གདུང་བ་མེད་དོ། །བསོད་སྙོམས་རྙེད་ན་ཡང་ཆགས་པ་མེད། རྨོངས་པ་མེད། དགའ་བ་མེད། ཞེན་པ་མེད་ཅིང་ཞེན་པར་མི་འགྱུར་ཏེ། ཉེས་དམིགས་མཐོང་ལ་འབྱུང་བ་རབ་ཏུ་ཤེས་ནས་ཆགས་པ་མེད་པར་སྤྱོད་དེ། བསོད་སྙོམས་ངན་ངོན་གྱིས་ཆོག་པར་འཛིན་པ་དེ་བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་མལ་ཆ་ངན་ངོན་གྱིས་ཆོག་པར་འཛིན་པ་ཡིན། མལ་ཆ་ངན་ངོན་གྱིས་ཆོག་པར་འཛིན་པའི་བསྔགས་པ་ཡང་བརྗོད་པ་ཡིན་ཏེ། དེ་མལ་ཆའི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །མལ་ཆ་མ་རྙེད་ན་ཡང་ཡི་མི་འཆད་ཅིང་ཡོངས་སུ་གདུང་བ་མེད་དོ། །མལ་ཆ་རྙེད་ན་ཡང་ཆགས་པ་མེད། རྨོངས་པ་མེད། དགའ་བ་མེད། ཞེན་པ་མེད་ཅིང་ཞེན་པར་མི་འགྱུར་ཏེ། ཉེས་དམིགས་མཐོང་ལ་འབྱུང་བ་རབ་ཏུ་ཤེས་ནས་ཆགས་པ་མེད་པར་སྤྱོད་དེ། མལ་ཆ་ངན་ངོན་གྱིས་ཆོག་པར་འཛིན་པ་དེ་བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་ན་བའི་གསོས་སྨན་དང༌། ཡོ་བྱད་ངན་ངོན་གྱིས་ཆོག་པར་འཛིན་པ་ཡིན། ན་བའི་གསོས་སྨན་དང༌། ཡོ་བྱད་ངན་ངོན་གྱིས་ཆོག་པར་འཛིན་པའི་བསྡགས་པ་ཡང་རྗོད་པ་ཡིན་ཏེ། དེ་ན་བའི་གསོས་སྨན་དང༌། ཡོ་བྱད་ཀྱི་ཕྱིར་ཚུལ་དང་མི་འདྲ་བས་ཚོལ་བར་མི་བྱེད་དོ། །ན་བའི་གསོས་སྨན་དང༌། ཡོ་བྱད་མ་རྙེད་ན་ཡང་ཡི་མི་འཆད་ཅིང་ཡོངས་སུ་གདུང་བ་མེད་དོ། །ན་བའི་གསོས་སྨན་དང༌། ཡོ་བྱད་རྙེད་ན་ཡང་ཆགས་པ་མེད། རྨོངས་པ་མེད། དགའ་བ་མེད། ཞེན་པ་མེད་ཅིང་ཞེན་པར་མི་འགྱུར་ཏེ། ཉེས་དམིགས་མཐོང་ལ་འབྱུང་བ་རབ་ཏུ་ཤེས་ནས་ཆགས་པ་མེད་པར་སྤྱོད་དེ། ན་བའི་གསོས་སྨན་དང༌། ཡོ་བྱད་ངན་ངོན་གྱིས་ཆོག་པར་འཛིན་པ་དེ་བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་དོ། །སྤོང་བ་ལ་དགའ་བ་ཡང་ཡིན་ཏེ། སྤོང་བ་ལ་མོས་ཤིང་སྤོང་བ་ལ་དགའ་བའི་སྦྱོར་བ་ལ་བརྩོན་ནོ། །དེ་སྡིག་པ་མི་དགེ་བའི་ཆོས་རྣམས་སྤངས་བས་དགའ་བར་འགྱུར་ཏེ། མ་སྤངས་པས་ནི་མ་ཡིན་ནོ། །དེ་བསྒོམ་པ་ལ་དགའ་བ་ཡིན་ཏེ། བསྒོམ་པ་ལ་དགའ་བའི་སྦྱོར་བ་ལ་བརྩོན་ནོ། །དགེ་བའི་ཆོས་བསྒོམས་པས་དགའ་བར་འགྱུར་ཏེ། མ་བསྒོམས་པས་ནི་མ་ཡིན་ཏེ། སྤོང་བ་ལ་དགའ་བ་སྤོང་བ་ལ་མོས་པ། སྤོང་བ་ལ་དགའ་བའི་སྦྱོར་བ་ལ་བརྩོན་པ། བསྒོམ་པ་ལ་དགའ་བ། བསྒོམ་པ་ལ་མོས་པ། བསྒོམ་པ་ལ་དགའ་བའི་སྦྱོར་བ་ལ་བརྩོན་པ་དེ་བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་དོ། །ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འཕགས་པའི་རིགས་བཞི་པོ་དག་ལ་གནས་པ་ཡིན་ནོ། །ཅིའི་ཕྱིར་འཕགས་པའི་རིགས་ཞེས་བྱ་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་འདི་ལ་གནས་པས་དེའི་ཕྱིར་འཕགས་པའི་རིགས་ཞེས་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཕན་ཡོན་ལ། དགའ་བ་བཅུས་ཆོས་གོས་ལུས་ལ་བཅད་བར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ངོ་ཚ་ཞིང་འཛེམ་པས་དཀྲི་བ་དང༌། ཤ་སྦྲང་དང༌། སྦྲང་བུ་དང༌། རླུང་དང༌། ཉི་མ་དང༌། སྡིག་སྦྲུལ་གྱིས་རེག་པར་འགྱུར་བ་གཡོགས་པ་དང༌། དགེ་སྦྱོང་གི་ཁ་དོག་དང༌། རྟགས་བསྟན་པ་དང༌། ངུར་སྨྲིག་དེ་དག་ནི་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག རྟེན་གྱི་མཆོད་རྟེན་ཡིན་ནོ་སྙམ་ནས་མཆོད་རྟེན་གྱི་ཕྱིར་ཡང་དག་པར་གཟུང་བར་བྱ་བ་དང༌། དེ་དག་ནི་ཡིད་འབྱུང་བ་དང༌། འདོད་ཆགས་དང་བྲལ་བས་ཁ་དོག་བསྒྱུར་བ་ཡིན་ཏེ། འདི་དག་ནི་འདོད་ཆགས་ཀྱིས་ཁ་དོག་བསྒྱུར་བ་མ་ཡིན་པ་དང༌། འདི་དག་ནི་ཉེ་བར་ཞི་བ་དང་འཐུན་པ་ཡིན་གྱི། འདི་དགནི་ཉོན་མོངས་པ་འབར་བ་དང་འཐུན་པ་མ་ཡིན་པ་དང༌། ངུར་སྨྲིག་འདི་དག་གིས་དཀྲིས་ཤིང་གཡོགས་ནས་སྡིག་པ་ལས་ལྡོག་པར་བྱ་བ་དང༌། ལེགས་པར་བྱ་བའི་ལས་བྱ་བ་དང༌། ཆོས་གོས་ཀྱིས་ཆ་བར་སྦྱོར་བ་ལ་བརྩོན་པ་མ་ཡིན་པ་དང༌། ངུར་སྨྲིག་འདི་དག་འཕགས་པའི་ལམ་གྱི་ཚོགས་དང་འཐུན་པ་ཡིན་པར་ཤེས་ནས་ཅི་ནས་སྐད་ཅིག་གཅིག་ལ་ཡང་རྙོག་པ་དང༌། འགྲོགས་པར་མི་བྱ་བར་ངུར་སྨྲིག་རྣམས་བཅང་བར་བྱ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཕན་ཡོན་ལ་དགའ་བ་བཅུ་པོ་དེ་དག་གིས་ཆོས་གོས་ལུས་ལ་བཅད་བར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཕན་ཡོན་བཅུ་མཐོང་ནས་ཇི་སྲིད་འཚོའི་བར་དུ་བསོད་སྙོམས་སྤྱོད་པ་གཏང་བར་མི་བྱ་སྟེ། བཅུ་གང་ཞེ་ན། རང་དབང་དུ་གྱུར་པའི་ཚུལ་གྱིས་འཚོ་བར་བྱའི་གཞན་ལ་རག་ལུས་པས་མ་ཡིན་པ་དང༌། སེམས་ཅན་གང་དག་བདག་བསོད་སྙོམས་འདོད་པ་ལ་བསོད་སྙོམས་བྱིན་པ་དེ་དག་ཀྱང་དཀོན་མཆོག་གསུམ་ལ་བཀོད་དེ་ཕྱིས་བསོད་སྙོམས་བླང་བར་བྱ་བ་དང༌། སེམས་ཅན་གང་དག་བདག་བསོད་སྙོམས་འདོད་པ་ལ་བསོད་སྙོམས་མི་སྟེར་བ་དེ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། སེམས་ཅན་དེ་དག་གཏོང་བ་ལ་གཟུང་པའི་ཕྱིར་བརྩོན་འགྲུས་བརྩམ་པར་བྱ་བ་དང༌། བྱ་བ་བྱས་ཏེ་བསོད་སྙོམས་བཟའ་བ་དང༌། བདག་གིས་དེ་བཞིན་གཤེགས་པའི་བཀའ་དང་འཐུན་པར་བྱས་པར་འགྱུར་བ་དང༌། ད་གང་སླ་ཞིང་གསོ་སླ་བར་བྱ་བའི་ཕྱིར་བདག་གིས་རྒྱུ་བསྐྱེད་པར་འགྱུར་བ་དང༌། བདག་གིས་ང་རྒྱལ་བཅག་པ་བསྟན་པར་འགྱུར་བ་དང༌། བདག་གི་སྤྱིག་གཙུག་བལྟར་མི་མཐོང་བའི་དགེ་བའི་རྩ་བ་བསགས་པར་འགྱུར་བ་དང༌། བདག་མཐོང་ནས་དེ་བཞིན་དུ་སློབ་པར་འགྱུར་ཞིང་བདག་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང། བུ་མོ་ལ་བསྟེན་པར་མི་འགྱུར་བ་དང༌། བསོད་སྙོམས་ཡང་དག་པར་བླང་བའི་སྤྱོད་པ་ཡང་བདག་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཕན་ཡོན་བཅུ་པོ་དེ་དག་མཐོང་ནས་ཇི་སྲིད་འཚོ་བའི་མཐའི་བར་དུ་བསོད་སྙོམས་སྤྱོད་པ་མི་གཏང་བར་བྱའོ། །གལ་ཏེ་དེ་ལ་ལ་ཞིག་གིས་འགྲོན་དུ་བོས་ན་དེས་ལྷག་པའི་བསམ་པ་དང༌། དད་པ་དང༌། དང་བ་བསྐྱེད་བའི་ཕྱིར་འགྲོ་བར་བྱ་སྟེ། འདྲིད་པ་དང༌། འཆོས་པས་ནི་མ་ཡིན་ནོ། །གང་ལ་ལ་བསོད་སྙོམས་བླངས་ཏེ་བདག་དང་གཞན་གྱི་དོན་རྫོགས་པར་བྱེད་ནུས་ན། ངས་བྱང་ཆུབ་སེམས་དཔའ་དེ་འགྲོན་དུ་འགྲོ་བར་གནང་ངོ་། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཕན་ཡོན་བཅུ་མཐོང་ནས་ཇི་སྲིད་འཚོ་བའི་བར་དུ་སྨན་བསྐུས་པས་ཆོག་ཤེས་པར་བྱ་སྟེ་བཅུ་གང་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་པར་འགྱུར་བ་དང༌། གཞན་གྱི་ངོར་ལྟ་བར་མི་འགྱུར་བ་དང༌། བདག་གིས་ནི་མི་སྡུག་པའི་འདུ་ཤེས་བསྟེན་པར་འགྱུར་བ་དང༌། བདག་མི་འཐུན་པའི་འདུ་ཤེས་སོ་སོར་ཉེ་བར་གནས་པར་འགྱུར་བ་དང༌། རོ་བྲོ་བ་ལ་ཆགས་པ་ཡང་བདག་གིས་ཚེགས་ཆུང་ངུས་སྤངས་པར་འགྱུར་བ་དང༌། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་བདག་ལ་ཡིད་རྟོན་པར་འགྱུར་བ་དང༌། བདག་ཁ་ཟས་བསྙུངས་པ་མངོན་དུ་གྱུར་པར་འགྱུར་བ་དང༌། བདག་ལ་སྨན་ཡོངས་སུ་ཚོལ་བའི་ཕོངས་པ་མེད་པར་འགྱུར་བ་དང༌། བདག་གིས་སེམས་ལ་ཉོན་མོངས་པའི་ནད་ཀྱི་གནོད་པ་མེད་པར་བྱས་པར་འགྱུར་བ་དང་དེ་ལྟར་ཞུགས་ན་མྱུར་དུ་ཉོན་མོངས་པའི་ནད་དང་འབྲལ་བ་ཐོབ་པར་འགྱུར་བ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཕན་ཡོན་བཅུ་པོ་དེ་དག མཐོང་ནས་ཇི་སྲིད་འཚོའི་བར་དུ་སྨན་བསྐུས་པས་ཆོག་ཤེས་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཕན་ཡོན་བཅུ་མཐོང་ནས་ཇི་སྲིད་འཚོ་བའི་མཐའི་བར་དུ་དགོན་པ་ལ་གནས་པ་ཡོངས་སུ་མི་གཏང་བར་བྱ་སྟེ། བཅུ་གང་ཞེ་ན། བདག་གི་ཉམ་རངས་དང༌། བདག་གི་དབང་དུ་འགྲོ་བ་དང༌། ངའི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་དང༌། མལ་ཆ་ལྷུག་པར་གཏོང་བ་དང༌། དགོན་པའི་གནས་ལ་དགའ་བ་དང་མ་བྲལ་བ་དང༌། གནས་རྣམས་སུ་དོན་ཉུང་ཞིང་བྱེད་པ་ཉུང་བ་དང༌། གཡོག་གི་ཚོགས་འདོར་ཞིང་ལུས་དང་སྲོག་ལ་མི་ལྟ་བ་དང༌། དབེན་པར་དགའ་ཞིང་འདུ་འཛི་ཡོངས་སུ་སྤོང་བ་དང༌། ལས་བྱས་པའི་ཡོན་ཏན་གྱི་ཕན་ཡོན་ཡོངས་སུ་གཏོང་བ་དང༌། ཏིང་ངེ་འཛིན་དང་འཐུན་པའི་སེམས་རྩེ་གཅིག་པ་དང༌། ཡིད་ལ་བྱེད་པ་བླ་གབ་མེད་པ་ཡིད་ལ་བྱེད་པའི་སྒྲིབ་པ་མེད་པ་སྟེ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཕན་ཡོན་བཅུ་པོ་དེ་དག་མཐོད་ནས་ཇི་སྲིད་འཚོ་བའི་མཐའི་བར་དུ་དགོན་པ་ལ་གནས་པ་ཡོངས་སུ་མི་གཏོང་བར་བྱའོ། །ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་དགོན་པ་ལ་གནས་པ་ཆོས་ཉན་པར་འདོད་དམ། སློབ་དཔོན་དང༌། མཁན་པོ་བལྟ་བར་འདོད་དམ། ན་བ་དྲི་བའི་ཕྱིར་གྲོང་གི་གནས་སུ་འོངས་ན། དེས་དགོངས་སུ་སླར་ལྡོག་པར་བྱ་བའི་ཕྱིར་འགྲོ་བའི་སེམས་བསྐྱེད་པར་བྱའོ། །དེ་གལ་ཏེ་ལུང་མནོད་པ་དང༌། ཁ་ཏོན་བྱ་བ་གཞན་ལ་རག་ལས་ཏེ། གཙུག་ལག་ཁང་ན་གནས་ན་ཡང་དེས་དགོན་པ་ལ་གཞོལ་བའི་སེམས་ཀྱིས་གང་དངོས་པོ་ཐམས་ཅད་ལ་དགོན་པར་འདུ་ཤེས་པ་དང༌། ཆོས་ཚོལ་བས་མི་ངོམས་པ་དེ་ཉིད་དགོན་པ་ལ་གནས་པ་ཡིན་ནོ་སྙམ་དུ་བསམ་མོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་འདི་ལྟར་བདག་ཅིའི་ཕྱིར་དགོན་པ་ལ་གནས། དགོན་པ་ལ་གནས་པ་འབའ་ཞིག་ནི་དགེ་སྦྱོང་མ་ཡིན་ཏེ། འདི་ན་ནི་མ་བྱང་བ། མ་སྔས་པ། མ་ཞི་བ། མ་དུལ་བ། མི་འགྲུས་པ། རབ་ཏུ་མི་བརྩོན་པ་འདི་ལྟ་སྟེ། རི་དགས་དང༌། སྤྲེའུ་དང༌། བྱ་མང་པོ་དང༌། ཆོམ་རྐུན་དང༌། གདོལ་པ་དག་ཀྱང་མང་དུ་གནས་ཏེ། དེ་དག་ཀྱང་དགེ་སྦྱོང་གི་ཡོན་ཏན་དང་ལྡན་པ་མ་ཡིན་བས་གང་གི་ཕྱིར་བདག་དགོན་པ་ལ་གནས་པ་འདི་ལྟ་སྟེ། དགེ་སྦྱོང་གི་དོན་དེ་ཡོངས་སུ་རྫོགས་པར་བྱའོ་སྙོམ་དུ་བརྟག་པར་བྱའོ། །ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་དགེ་སྦྱོང་གི་དོན་གང་ཞེ་ན། འདི་ལྟ་སྟེ་དྲན་པ་དང༌། ཤེས་བཞིན་དང༌། མི་གཡེང་བ་དང༌། གཟུངས་རབ་ཏུ་ཐོབ་པ་དང༌། བྱམས་པ་བསྟེན་པ་དང༌། སྙིང་རྗེ་བསྟེན་པ་དང༌། མངོན་པར་ཤེས་པ་རྣམས་ལ་དབང་བསྒྱུར་བ་དང༌། ཕ་རོལ་དུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡོངས་སུ་མི་གཏོང་བ་དང༌། ཐབས་མཁས་པའི་ཡེ་ཤེས་བསྒོམ་པ་དང། སེམས་ཅན་བསྡུ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། བསྡུ་བའི་དངོས་པོ་བཞི་ཡོངས་སུ་མི་གཏང་བ་དང༌། རྗེས་སུ་དྲན་པ་དྲུག་རྗེས་སུ་དྲན་པ་དང༌། ཐོས་པ་དང༌། བརྩོན་འགྲུས་མི་འདོར་བ་དང༌། ཚུལ་བཞིན་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། ཡང་དག་པར་རྣམ་པར་གྲོལ་བའི་ཕྱིར་བརྩོན་པ་དང༌། འབྲས་བུ་ཐོབ་པ་རྣམས་ཤེས་པ་དང༌། སྐྱོན་མེད་པ་ལ་འཇུག་པར་གནས་པ་དང༌། དམ་པའི་ཆོས་བསྲུང་བ་དང༌། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་ཡང་དག་པར་ལྟ་བ་དང༌། རྟོག་པ་དང༌། རྣམ་པར་རྟོག་པ་ཐམས་ཅད་རབ་ཏུ་ཆད་པས་ཡང་དག་པའི་རྟོག་པ་དང༌། མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་ཡང་དག་པའི་ངག་དང༌། ལས་ཟད་པ་ཡོངས་སུ་རྫོགས་པས་ཡང་དག་པའི་ལས་ཀྱི་མཐའ་དང༌། བག་ཆགས་ཀྱི་མཚམས་སྦྱོར་བ་ཡང་དག་པར་བཅོམ་པས་ཡང་དག་པའི་འཚོ་བ་དང༌། རྫོགས་པའི་བྱང་ཆུབ་ཁོང་དུ་ཆུད་པས་ཡང་དག་པའི་རྩོལ་བ་དང༌། བརྗེད་པ་མེད་པའི་ཆོས་ཉིད་ཀྱིས་ཡང་དག་པའི་དྲན་པ་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཐོབ་པས་ཡང་དག་པའི་ཏིང་ངེ་འཛིན་དང༌། སྟོང་པ་ཉིད་ཀྱིས་མི་སྐྲག་པ་དང༌། མཚན་མ་མེད་པ་ལ་མི་ཞུམ་པ་དང༌། སྨོན་པ་མེད་པ་ལ་མི་འགོང་བ་དང། བསམས་བཞིན་དུ་ཡེ་ཤེས་ཀྱིས་སྲིད་པ་ཡོངས་སུ་འཛིན་པ་དང༌། དོན་ལ་རྟོན་གྱི་ཡི་གེ་ལ་མི་རྟོན་པ་དང༌། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་དང༌། ཆོས་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་མདོ་སྡེ་ལ་མི་རྟོན་པ་དང༌། ཐོགམ་ནས་མ་བྱུང་ཞིང་མི་འཇིག་པའི་ཚུལ་གྱིས་ཆོས་ཀྱི་ངོ་བོ་ཉིད་ལ་མི་རྟོག་པ་དེ་ནི་ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་དགེ་སྦྱོང་གི་དོན་ཅེས་བྱའོ། །ཁྱིམ་བདག་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་འགྲོགས་པ་མེད་པ་མང་དུ་བྱའོ། །དེས་འདི་ལྟར་ཡང་བདག་ནི་སེམས་ཅན་དང་འདྲེ་བར་མི་བྱ་སྟེ། བདག་གིས་སེམས་ཅན་གཅིག་གི་དགེ་བའི་རྩ་བ་བསྐྱེད་པར་མི་བྱའི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་སྙམ་དུ་བརྟག་པར་བྱའོ། །དེ་ལྟ་མོད་ཀྱི་ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་འགྲོགས་པ་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པས་གནང་སྟེ། བཞི་གང་ཞེ་ན། ཆོས་མཉན་པའི་ཕྱིར་འགྲོགས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འགྲོགས་པ་དང༌། དེ་བཞིན་གཤེགས་པ་ལ་མཆོད་པ་དང༌། རིམ་གྲོ་བྱ་བའི་ཕྱིར་འགྲོགས་པ་དང༌། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་འདྲེས་པ་མེད་པ་དང་འགྲོགས་པ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་འགྲོགས་པ་བཞི་པོ་དེ་དག་ནི་དེ་བཞིན་གཤེགས་པས་གནང་བའོ། །ཁྱིམ་བདག་དེ་བས་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་འགྲོགས་པ་ལས་རྣམ་པར་གྲོལ་བར་བྱའོ། །ཁྱིམ་བདག གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ན་གནས་པས་བདག་ཅིའི་ཕྱིར་དགོན་པར་འོངས་སྙམ་དུ་བརྟག་པར་བྱ་སྟེ། དེས་ཡང་འདི་ལྟར་བདག་ནི་འཇིགས་ཤིང་སྐྲག་པའི་ཕྱིར་དགོན་པར་འོངས་སོ། །ཅི་ཞིག་གིས་འཇིགས་ཤིང་སྐྲག་ཅེ་ན། འདུ་འཛིས་འཇིགས་ཤིང་སྐྲག་གོ། །འགྲོགས་པས་འཇིགས་ཤིང་སྐྲག་གོ་།འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གིས་འཇིགས་ཤིང་སྐྲག་གོ།ང་རྒྱལ་དང༌། རྒྱགས་པ་དང༌། འཆབ་པས་འཇིགས་ཤིང་སྐྲག་གོ་༌།ཆགས་པ་དང༌། ཕྲག་དོག་དང༌། སེར་སྣས་འཇིགས་ཤིང་སྐྲག་གོ །གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱས་འཇིགས་ཤིང་སྐྲག་གོ་༌།ཕུང་པོའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ།ཉོན་མོངས་པའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ་༌།འཆི་བདག་གི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ།ལྷའི་བུའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ།མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ།སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ།བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ་༌།མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ།སེམས་དང་ཡིད་དང་རྣམ་པར་ཤེས་པས་འཇིགས་ཤིང་སྐྲག་གོ། སྲེད་པས་འཇིགས་ཤིང་སྐྲག་གོ་༌།འཁོར་བས་འཇིགས་ཤིང་སྐྲག་གོ༌།སྒྲིབ་པ་དང་ཆོད་པ་དང་ཀུན་ནས་ལྡང་བས་འཇིགས་ཤིང་སྐྲག་གོ་༌།འཇིག་ཚོགས་ལ་ལྟ་བས་འཇིགས་ཤིང་སྐྲག་གོ།བདག་ཏུ་འཛིན་པ་དང༌། བདག་གིར་འཛིན་པས་འཇིགས་ཤིང་སྐྲག་གོ།རྒོད་པས་འཇིགས་ཤིང་སྐྲག་གོ།འགྱོད་པ་དང་ཐེ་ཚོམ་གྱིས་འཇིགས་ཤིང་སྐྲག་གོ།སྡིག་པའི་གྲོགས་པོས་འཇིགས་ཤིང་སྐྲག་གོ།རྙེད་པ་དང་བཀུར་སྟིས་འཇིགས་ཤིང་སྐྲག་གོ།མི་དགེ་བའི་བཤེས་གཉེན་གྱིས་འཇིགས་ཤིང་སྐྲག་གོ།མ་མཐོང་བར་མཐོང་ངོ་སྙམ་དུ་འཛིན༌པས་འཇིགས་ཤིང་སྐྲག་གོ།མ་ཐོས་པར་ཐོས་སོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ།མ་དྲན་པར་དྲན་ནོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ་༌།བྱེ་བྲག་མ་ཕྱེད་པར་བྱེ་བྲག་ཕྱེད་དོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ་༌།མི་ཤེས་པར་ཤེས་སོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ། དགེ་སྦྱོང་གི་དྲི་མས༌འཇིགས་ཤིང་སྐྲག་གོ།གཅིག་ལ་གཅིག་གནོད་པར་སེམས་པས་འཇིགས་ཤིང་སྐྲག་གོ །འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་ཀྱིས་འཇིགས་ཤིང་སྐྲག་གོ།སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བས་འཇིགས་ཤིང་སྐྲག་གོ།སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། ཡི་དགས་ཀྱི་ཡུལ་དུ་འགྲོ་བས་འཇིགས་ཤིང་སྐྲག་གོ་༌།མི་ཁོམ་པས་འཇིགས་ཤིང་སྐྲག་གོ།མདོར་ན་མི་དགེ་བའི་ཆོས་ཐམས་ཅད་ཡིད་ལ་བྱེད་པས་འཇིགས་ཤིང་སྐྲག་སྟེ། བདགདེ་ལྟ་བུས་འཇིགས་ཤིང་སྐྲག་པ་དེ་དག་གིས་འཇིགས་ནས་དགོན་པར་འོངས་ཏེ། ཁྱིམ་ན་གནས་པ་དང༌། འདུ་འཛིལ་གནས་པ་དང༌། མི་འགྲུས་ཤིང་རྣལ་འབྱོར་ལ་མི་བརྩོན་པ་དང༌། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་གནས་པ་ནི་འདི་ལྟ་བུའི་འཇིགས་སྐྲག་པ་དེ་དག་ལས་ཡོངས་སུ་ཐར་བར་མི་ནུས་ཏེ། གང་དག་འདས་པའི་དུས་ན་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་དགོན་པ་ལ་གནས་ནས་འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཇིགས་པ་མེད་པ་ཐོབ་བོ། །གང་དག་མ་འོངས་པའི་དུས་ན་འབྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱང་དགོན་པ་ལ་གནས་ནས་འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཇིགས་པ་མེད་པ་ཐོབ་པར་འགྱུར་རོ། །གང་དག་ད་ལྟར་བྱུང་བའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ། དེ་དག་ཐམས་ཅད་ཀྱང་དགོན་པ་ལ་གནས་ནས་འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཇིགས་པ་མེད་པ་ཐོབ་བོ། །དེ་བས་ན་བདག་ཀྱང་འདི་ལ་འཇིགས་ཤིང་སྐྲག་སྟེ། འཇིགས་པ་ཐམས་ཅད་ལས་ནི་ཤིན་ཏུ་འདའ་བར་འདོད། མི་འཇིགས་པ་ནི་རྗེས་སུ་ཐོབ་པར་འདོད་པས་དགོན་པ་ལ་གནས་པར་བྱའོ་སྙམ་དུ་ཡོངས་སུ་དཔྱད་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འཇིགས་ཤིང་སྐྲག་ནས་དགོན་པའི་གནས་ལ་གནས་པས་འདི་ལ་ཅུང་ཟད་འཇིགས་པ་སྐྱེས་པ་དེ་དག་ཐམས་ཅད་ནི་བདག་ཏུ་འཛིན་པ་ལས་སྐྱེས་སོ། །བདག་ཏུ་མངོན་པར་ཆགས་པ་དང༌། བདག་ཏུ་ཡོངས་སུ་འཛིན་པ་དང༌། བདག གི་གཞི་དང༌། བདག་སྲེད་པ་དང༌། བདག་འདུ་ཤེས་པ་དང༌། བདག་ཏུ་སྨྲ་བ་ཉེ་པར་ལེན་པ་དང༌། བདག་ཏུ་ལྟ་བ་དང༌། བདག་གི་གནས་དང༌། བདག་ཏུ་ཡོངས་སུ་རྟོག་པ་དང༌། བདག་བསྲུང་པ་ལས་སྐྱེས་ཏེ། གལ་ཏེ་བདག་དགོན་པ་ལ་གནས་ལ་བདག་ཏུ་འཛིན་པ་ཡོངས་སུ་མ་སྤངས། བདག་ཏུ་མངོན་པར་ཆགས་པ་དང༌། བདག་ཏུ་ཡོངས་སུ་འཛིན་པ་དང༌། བདག་གི་གཞི་དང༌། བདག་ལ་སྲེད་པ་དང༌། བདག་ཏུ་འདུ་ཤེས་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང༌། བདག་ཏུ་ལྟ་བ་དང༌། བདག་གི་གནས་དང༌། བདག་ཏུ་ཡོངས་སུ་རྟོག་པ་དང༌། བདགསྲུང་བ་ཡོངས་སུ་མ་སྤངས་ན་ནི་བདག་དགོན་པ་ལ་གནས་པ་དོན་མེད་པར་འགྱུར་རོ་སྙམ་དུ་བསླབ་པར་བྱ་སྟེ། བདག་ཏུ་འདུ་ཤེས་པ་ལ་ནི་དགོན་པ་ལ་གནས་པ་མེད་དོ། །གཞན་དུ་འདུ་ཤེས་པ་ལ་ཡང་མེད་དོ། །ངར་འཛིན་པ་དང༌། ང་ཡིར་འཛིན་པ་ལ་མངོན་པར་ཞེན་པ་ལ་ནི་དགོན་པ་ལ་གནས་པ་མེད་དོ། །དམིགས་པར་ལྟ་བ་ལ་ནི་དགོན་པ་ལ་གནས་པ་མེད་དོ། །ཕྱིན་ཅི་ལོག་ཏུ་ལྟ་བ་ལ་ནི་དགོན་པ་ལ་གནས་པ་མེད་དོ། །ཁྱིམ་བདག་མྱ་ངན་ལས་འདས་པར་འདུ་ཤེས་པ་ལ་ཡང་དགོན་པ་ལ་གནས་པ་མེད་ན་ཉོན་མོངས་པ་ཐམས་ཅད་ཀྱི་འདུ་ཤེས་ཅན་ལ་ལྟ་ཅི་སྨོས། ཁྱིམ་བདག་དགོན་པ་ལ་གནས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མི་རྟེན་པར་གནས་པའོ། །ཆོས་ཐམས་ཅད་ལ་མི་འཛིན་པར་གནས་པའོ། །མཚན་མ་ཐམས་ཅད་ལ་མི་ཆགས་པར་གནས་པའོ། །གཟུགས་ཐམས་ཅད་ལ་མི་རྟེན་པར་གནས་པའོ། སྒྲ་དང་དང༌། དྲི་དང༌། རོ་དང༌། རེག་བྱ་ཐམས་ཅད་ལ་མི་རྟེན་པར་གནས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་དང་མི་འགལ་བར་གནས་པའོ། །སེམས་ཤིན་ཏུ་ཞི་བས་ཤིན་ཏུ་སྦྱངས་པར་གནས་པའོ། །འཇིགས་པ་ཐམས་ཅད་སྤངས་པས་མི་འཇིགས་པར་གནས་པའོ། །ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ཆུ་བོ་ལས་རྒལ་བར་གནས་པའོ། །བརྟན་པར་གནས་པའོ། །ངན་དོན་གྱིས་ཆོག་ཤེས་པར་འཛིན་ཅིང་འདོད་པ་ཆུང་བས་འཕགས་པའི་རིགས་རྣམས་ལ་རབ་ཏུ་དགའ་བར་གནས་པའོ། །དེ་གང་་ སླ་ཞིང་གསོ་སླ་བས་ཆོག་པར་འཛིན་པར་གནས་པའོ། །ཤེས་རབ་ཀྱི་ཕྱིར་ཚུལ་བཞིན་ལ་སྦྱོར་བས་ཐོས་པ་ལ་གནས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོ་སོར་རྟོག་པས་ཐར་པར་གནས་པའོ། །བཅིངས་པ་བཅད་པས་རྣམ་པར་གྲོལ་བར་གནས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་འཐུན་པས་མ་དུལ་བ་རྣམས་ཉེ་བར་ཞི་བར་གནས་པའོ། །ཤིན་ཏུ་རྣམ་པར་དག་པས་བྱ་བ་བྱས་པར་གནས་པའོ། །ཁྱིམ་བདག་འདི་ལྟ་སྟེ་དཔེར་ན་དགོན་པ་ལ་རྩྭ་དང༌། ཤིང་གེལ་པ་དང༌། ནགས་ཚལ་གནས་ཀྱང་འཇིགས་པ་མེད་ཅིང་སྐྲག་པར་མི་འགྱུར་རོ། །ཁྱིམ་བདག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་ཀྱང་ལུས་ལ་རྩྭ་དང༌། ཤིང་གེལ་པ་དང༌། སྨན་དང༌། རྩིག་པ་དང༌། ཤིང་དང༌། མིག་ཡོར་ལྟ་བུ་དང༌། སྒྱུ་མ་དང་མཚུངས་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ལ་སུ་ཞིག་འཇིགས་པར་འགྱུར། འདི་ལ་སུ་ཞིག་སྐྲག་པར་འགྱུར་སྙམ་པའི་སེམས་བསྐྱེད་པར་བྱའོ། །དེ་འཇིགས་ཤིང་སྐྲག་པ་ལྟ་ན། འདི་ལྟར་ལུས་འདི་ལ་ནི་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོ་འམ། གསོ་བ་འམ། སྐྱེས་བུ་འམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུ་མེད་དེ། འདི་ལྟར་འཇིགས་པ་ཞེས་བྱ་བ་འདི་ནི་ཡང་དག པ་མ་ཡིན་པ་ཀུན་བརྟགས་པ་ཡིན་གྱིས་བདག་གིས་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་དེ་ལ་བརྟག་པར་མི་བྱའོ་སྙམ་དུ་ལུས་ལ་ཚུལ་བཞིན་བརྟག་པར་བྱའོ། །དེས་ཇི་ལྟར་དགོན་པ་ལ་རྩྭ་དང༌། ཤིང་གེལ་པ་དང༌། སྨན་དང༌། ནགས་ཚལ་གནས་པ་རྣམས་ངའི་བ་མེད་པ། ཡོངས་སུ་འཛིན་པ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ངའི་བ་མེད་པ། ཡོངས་སུ་འཛིན་པ་མེད་པས་ཆོས་ཐམས་ཅད་དགོན་པ་ཉིད་དོ་སྙམ་དུ་ཤེས་ནས་ཉེ་བར་བསྒྲུབས་ཏེ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགོན་པ་ལ་གནས་པ་ནི་ཉོན་མོངས་པ་གཅོད་པ་སྟེ། ངའི་བ་མེད་པ། ཡོངས་སུ་འཛིན་པ་མེད་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་འདི་ལ་དགོན་པ་ལ་གནས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་འཐུན་པའོ། །དགོན་པ་ལ་གནས་པ་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གཞོལ་བའོ། །དགོན་པ་ལ་གནས་པ་ནི་ཤེས་རབ་ཀྱི་ཕུང་པོ་ཚོགས་པའོ། །དགོན་པ་ལ་གནས་པ་ནི་རྣམ་པར་གྲོལ་བའི་ཕུང་པོ་འགྲུབ་པའོ། །དགོན་པ་ལ་གནས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྐྱེ་བའོ། །དགོན་པ་ལ་གནས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རབ་ཏུ་སྟེན་པའོ། །དགོན་པ་ལ་གནས་པ་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་དག་སྡུད་པའོ། །དགོན་པ་ལ་གནས་པ་ནི་བདེན་པ་རྣམས་རྟོགས་པའོ། །དགོན་པ་ལ་གནས་པ་ནི་ཕུང་པོ་རྣམས་ཡོངས་སུ་ཤེས་པའོ། །དགོན་པ་ལ་གནས་པ་ནི་ཁམས་རྣམས་ཆོས་ཀྱི་དབྱིངས་དང་མཉམ་པར་འཇལ་བའོ། །དགོན་པ་ལ་གནས་པ་ནི་སྐྱེ་མཆེད་རྣམས་སེལ་བའོ། །དགོན་པ་ལ་གནས་པ་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ། །དགོན་པ་ལ་གནས་པ་ནི་སྟོང་པ་ཉིད་ལ་སོ་སོར་རྟོག་པས་སྐྲག་པ་མེད་པའོ། །དགོན་པ་ལ་གནས་པ་ནི་ཆོས་ཀུན་ཏུ་འཛིན་པའོ། །དགོན་པ་ལ་གནས་པ་ནི་དགེ་བའི་རྩ་བ་ཐམས་ཅད་ཆུད་མི་གཟོན་པའོ། །དགོན་པ་ལ་གནས་པ་ནི་སངས་རྒྱས་རྣམས་ཀྱིས་བསྔགས་པའོ། །དགོན་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པའོ། །དགོན་པ་ལ་གནས་པ་ནི་འཕགས་པ་རྣམས་ཀྱིས་བཀུར་བའོ། །དགོན་པ་ལ་གནས་པ་ནི་ཐར་པ་འདོད་པ་རྣམས་ཀྱིས་བསྟེན་པའོ། །དགོན་པ་ལ་གནས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བསྙེན་པའོ་སྙམ་དུ་བསླབ་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པ་ནི་ཚེགས་ཆུང་ངུས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་དགོན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ལུས་དང་སྲོག་ལ་ཡང་མི་ལྟ་བ་ཡིན་ཏེ། དེ་ལྟར་དགོན་པ་ལ་གནས་པ་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ཁྱིམ་བདག་གང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པ་ནི་སྦྱངས་བའི་ཡོན་ཏན་དང༌། ཡོ་བྱད་བསྙུངས་པ་ལ་རབ་ཏུ་གནས་ནས་སྡོམ་པ་གསུམ་གྱིས་ཡང་དག་པ་སྒྲུབ་སྟེ། དེ་ལྟར་དགོན་པ་ལ་གནས་པ་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ཁྱིམ་བདག་གང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པ་ནི་སེམས་ལ་གནོད་སེམས་མེད་ཅིང་སེམས་ཅན་ཐམས་ཅད་ལ་བྱམས་པར་བྱེད། དེ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་བཟོད་པ་ཡིན་ཏེ། དེ་ལྟར་དགོན་པ་ལ་གནས་པ་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་མི་སྐྱེ་བ་ལ་བཟོད་པ་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་བདག་དགོན་པ་འདི་ལས་ལྡོག་པར་མི་བྱའོ་སྙམ་དུ་སློབ་སྟེ། དེ་ལྟར་དགོན་པ་ལ་གནས་པ་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ཁྱིམ་བདག་གང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འཐོབ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡལ་བར་མི་འདོར་ལ། འདི་ལྟར་དགེ་བའི་རྩ་བ་ཡང་སོགས་པར་འདོད་པ་ཡིན་ཏེ། དེ་ལྟར་དགོན་པ་ལ་གནས་པ་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། ཁྱིམ་བདག་གང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་འདི་ལ་ལུས་ཇི་ལྟ་བ་དགོན་པ་ཡང་དེ་བཞིན་ནོ། །ལུས་ཇི་ལྟ་བ་བྱང་ཆུབ་ཀྱང་དེ་བཞིན་ནོ་སྙམ་དུ་སློབ་ཅིང་དེ་བཞིན་ཉིད་ཀྱིས་མི་རྟོག་རྣམ་པར་མི་རྟོག་སྟེ། དེ་ལྟར་དགོན་པ་ལ་གནས་པ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཁྱིམ་བདག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པ་ཚེགས་ཆུང་ངུས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཆོས་བཞི་དང་ལྡན་ན་དགོན་པ་ལ་གནས་པར་གནང་བ་ཡིན་ནོ། །བཞི་གང་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་མང་དུ་ཐོས་པ་ཡིན་ཏེ། ཐོས་པ་འཛིན་པ། ཆོས་རྣམ་པར་ངེས་པ་ལ་མཁས་པ། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་ཞིང༌། ཆོས་དང་ཆོས་ཀྱི་རྗེས་སུ་འཐུན་པ་སྒྲུབ་པ་དེས་དགོན་པ་ལ་གནས་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཉོན་མོངས་པའི་ཤས་ཆེ་ན་དེས་ཉོན་མོངས་པ་རྣམས་ཞི་བར་བྱ་བའི་ཕྱིར་འགྲོགས་པ་མེད་པར་དགོན་པ་ལ་གནས་པར་བྱ་སྟེ། དེས་ཉོན་མོངས་པ་ཚར་གཅད་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་མངོན་པར་ཤེས་པ་ལྔ་པོ་དག་ཐོབ་པ་ཡིན་ཏེ། དེས་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགོན་པ་ལ་གནས་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་སངས་རྒྱས་ཀྱིས་དགོན་པ་ལ་གནས་པར་གནང་བར་བཀའ་སྩལ་བར་ཤེས་ནས་དགོན་པ་ལ་གནས་པར་བྱ་སྟེ། དེར་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་བའི་རྩ་བས་ཉེ་བར་བརྟན་ནས་ཕྱིས་གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་དང༌། ལྗོངས་དང༌། ཡུལ་འཁོར་དང༌། ཕོ་བྲང་འཁོར་དག་ཏུ་ཞུགས་ཏེ་ཆོས་བསྟན་པར་བྱའོ། །ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཆོས་བཞི་པོ་དེ་དག་དང་ལྡན་ན་དགོན་པ་ལ་གནས་པར་གནང་ངོ་། །ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལུང་དང་ཁ་ཏོན་མནོད་པའི་ཕྱིར་ཚོགས་ཀྱི་ནང་དུ་འཇུག་ན་ཡང་ངེས་དེར་གུས་པ་དང་བཅས་པར་བྱ་སྟེ། སློབ་དཔོན་དང༌། མཁན་པོ་རྣམས་དང༌། གནས་བརྟན་དང༌། བར་མ་དང༌། དགེ་སློང་གསར་བུ་རྣམས་ལ་ཞེ་ས་དང་བཅས་པར་བྱ། ཚུལ་མཁས་པར་བྱའོ། །སྙོམ་ལས་མེད་པར་རང་གིས་བྱ་བ་དང༌། གཞན་ལ་གདུང་བ་མེད་པར་བྱའོ། །དེས་བསྙེན་བཀུར་ལ་གདུ་བར་མི་བྱའོ། །དེས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་དང་བཅས་པའི་འཇིག་རྟེན་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང༌། བྲམ་ཟེའི་སྐྱེ་དགུ་དང་བཅས་པ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པས་མཆོད་པ་སྦྱིན་གནས་སུ་གྱུར་པ་དེ་ཡང་སེམས་ཅན་ཐམས་ཅད་ལ་གང་ལས་ཀྱང་རིམ་གྲོར་བྱ་བ་བདག་གིར་མི་མཛད་ན། བདག་ཅག་མ་བསླབས་པ་སློབ་འདོད་པ་རྣམས་ལྟ་ཅི་སྨོས་ཏེ། བདག་གིས་ནི་སེམས་ཅན་ཐམས་ཅད་ལ་བསྙེན་བཀུར་བྱའི། གང་ལས་ཀྱང་བསྙེན་བཀུར་བྱ་བ་བདག་གིར་མི་བྱའོ་སྙམ་དུ་བརྟག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་དགེ་སློང་བསྙེན་བཀུར་ལ་གདུ་བ་ནི་ཡོན་ཏན་གྱི་ཆོས་རྗེས་སུ་བཟུང་བ་ཆུད་གཟོན་པ་ཡིན་ཏེ། དེས་གང་དག་སྡུད་པ་དེ་དག་ཀྱང་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་བསྙེན་བཀུར་གྱི་ཕྱིར་སྡུད་ཀྱི། ཆོས་ཀྱི་ཕྱིར་ནི་མ་ཡིན་ནོ་སྙམ་སྟེ། དེ་བདག་ཉིད་ཀྱི་དད་པ་ཆུད་གསོན་ཏོ། །གང་དག་དེ་ལ་བསྙེན་བཀུར་བྱེད་པ་འཇིག་རྟེན་གྱི་ཟང་ཟིང་དང་ལྡན་པ་དེ་དག་གི་ཡང་དོན་ཆེན་པོར་མི་འགྱུར་རོ། །འབྲས་བུ་ཆེན་པོར་མི་འགྱུར་རོ། །དེ་སློབ་དཔོན་དང༌། མཁན་པོའི་གན་དུ་འགྲོ་ན་ཡང་སློབ་དཔོན་དང༌། མཁན་པོས་མ་དད་པའི་བག་གང་ཡང་རུང་བ་ཞིག་ལས་བརྟགས་ནས་བདག་ལ་ལུང་འབོག་པ་དང༌། ཁ་ཏོན་བྱ་བ་དང༌། རྗེས་སུ་བསྟེན་པས་ཕན་འདོགས་པར་མི་འགྱུར་དུ་འོང་ཞེས་ལུས་དང་སེམས་ལས་སུ་རུང་བ་དང༌། སེམས་ཅང་ཤེས་པས་འགྲོ་བར་བྱའོ། །དེ་ལུང་མནོད་པ་དང༌། ཁ་ཏོན་གྱི་ཕྱིར་ལུས་དང་སྲོག་ལ་ཡང་མི་བལྟ་བར་བྱའོ། །ཆོས་འདོད་པས་སློབ་དཔོན་དང༌། མཁན་པོ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱའོ། །ཡོན་ཏན་དོན་དུ་གཉེར་བས་རྙེད་པ་དང༌། བཀུར་སྟི་དང༌། ཚིགས་སུ་བཅད་པ་ཐམས་ཅད་དོན་དུ་མི་གཉེར་བར་བྱའོ། །ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་མནོད་པ་དང༌། ཁ་ཏོན་བྱ་བ་དོན་དུ་གཉེར་བས་གཞན་དག་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་འམ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང་ལྡན་པ་འམ། བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་སོགས་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལས་མཉན་ཏམ། ལུང་མནོས་སམ། བཟུང་ན་ངེས་སློབ་དཔོན་དེ་ལ་ཆོས་ཀྱི་ཕྱིར་གུས་པར་བྱའོ། །མིང་དང༌། ཚིག་དང༌། ཡི་གེ་ཇི་སྙེད་ཀྱིས་ཚིགས་སུ་བཅད་པ་བསྟན་པ་དེ་སྙེད་ཀྱི་བསྐལ་པར་གལ་ཏེ་སློབ་དཔོན་དེ་ལ་གཡོ་མེད་པས་བསྙེན་བཀུར་དང༌། གཡོག་བྱས་ཤིང་རྙེད་པ་དང༌། བཀུར་སྟི་ཐམས་ཅད་ཀྱིས་མཆོད་པ་བྱས་སུ་ཟིན་ཀྱང༌། ཁྱིམ་བདག་ད་དུང་དུ་དེས་སློབ་དཔོན་ལ་སློབ་དཔོན་དུ་རི་མོ་བྱ་བ་རྫོགས་པར་མི་འགྱུར་ན་ཆོས་མ་ཡིན་པའི་གུས་པས་ལྟ་ཅི་སྨོས། ཁྱིམ་བདག་དད་པས་མཉན་ཅིང་བསྒོམ་པ་དང༌། ཁ་ཏོན་ལ་འཇུག་པ་དེའི་སེམས་དང༌། སེམས་ལས་བྱུང་བ་དགེ་བ་དང་ལྡན་པ་འམ། སངས་རྒྱས་དང་ལྡན་པ་འམ། ཆོས་དང་ལྡན་པ་འམ། དགེ་འདུན་དང་ལྡན་པ་འམ། སྐྱོ་ཞིང་འདོད་ཆགས་དང་བྲལ་བ་དང་ལྡན་པ་འམ། བྱང་བ་དང༌། དུལ་བ་དང༌། ཞི་བ་དང་ལྡན་པའི་འཇུག་པ་ཇི་སྙེད་པ་གལ་ཏེ་དེ་སྙེད་ཀྱི་བསྐལ་པར་སློབ་དཔོན་ལ་བསྙེན་བཀུར་བྱས་སུ་ཟིན་ཀྱང༌། ཁྱིམ་བདག་ད་དུང་དུ་སློབ་དཔོན་ལ་སློབ་དཔོན་དུ་རི་མོ་བྱ་བ་རྫོགས་པ་མ་ཡིན་ནོ། །ཁྱིམ་བདག་རྣམ་གྲངས་འདིས་ཀྱང་ཇི་ལྟར་རྣམ་པར་སྨིན་པའི་ཆོས་ཚད་མེད་ཅིང་ཡེ་ཤེས་ཁོང་དུ་ཆུད་པ་ཚད་མེད་པ་དེ་ལྟར་རིག་པར་བྱའོ། །ཁྱིམ་བདག་དེ་ལྟ་བས་ན་རྣམ་པར་སྨིན་པའི་ཆོས་ཚད་མེད་པ་དང༌། ཡེ་ཤེས་ཁོང་དུ་ཆུད་པ་ཚད་མེད་པ་དྲིས་པས་བདག་གི་སློབ་དཔོན་ཡང་ཚད་མེད་དོ་སྙམ་ནས་བྱང་ཆུབ་སེམས་དཔའ་ཆོས་ལ་རི་མོ་ཚད་མེད་པར་བྱའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས། རབ་ཏུ་བྱུང་བའི་སྒྲུབ་པ་ལ་གནས་པར་བྱའོ། །ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་རབ་ཏུ་བྱུང་བའི་སྒྲུབ་པ་ལ་གནས་པ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཚུལ་ཁྲིམས་ཡོངས་སུ་དག་པ་ཐོས་ན་དེ་ལ་སློབ་སྟེ། བཞི་པོ་འདི་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །བཞི་གང་ཞེ་ན། འཕགས་པའི་རིགས་རྣམས་ལ་གནས་པ་དང༌། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་མངོན་པར་དགའ་བ་དང༌། ཁྱིམ་ན་གནས་པ་དང༌། རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་བ་དང༌། ཚུལ་འཆོས་པ་མེད་པར་དགོན་པ་ལ་གནས་པ་སྟེ། བཞི་པོ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །ཁྱིམ་བདག་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་སྟེ། བཞི་གང་ཞེ་ན། ལུས་བསྡམས་པས་ལུས་མི་དམིགས་པ་དང༌། ངག་བསྡམས་པས་ངག་མི་དམིགས་པ་དང༌། ཡིད་བསྡམས་པས་ཡིད་མི་དམིགས་པ་དང༌། ལྟ་བ་དང་བྲལ་བས་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པ་སྟེ། བཞི་པོ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །ཁྱིམ་བདག་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་སྟེ། བཞི་གང་ཞེ་ན། ངར་འཛིན་པ་སྤངས་པ་དང༌། ང་ཡིར་འཛིན་པ་བོར་བ་དང༌། ཆད་པ་དང༌། རྟག་པ་དང་བྲལ་བ་དང༌། རྟེན་པའི་ཆོས་ལ་འཇུག་པ་སྟེ། བཞི་པོ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །ཁྱིམ་བདག་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་སྟེ། བཞི་གང་ཞེ་ན། ཕུང་པོ་རྣམས་ལ་འབྱུང་བ་དང་འཇིག་པར་རྟོག་པ་དང༌། ཁམས་རྣམས་ལ་ཆོས་ཀྱི་དབྱིངས་སུ་ཡོངས་སུ་འཇལ་བ་དང༌། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ་དང༌། ཐ་སྙད་བཏགས་པ་རྣམས་ལ་མངོན་པར་མ་ཞེན་པ་སྟེ། བཞི་པོ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །ཁྱིམ་བདག་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་སྟེ། བཞི་གང་ཞེ་ན། བདགལ་བདག་མེད་པར་འདུ་ཤེས་པས་བདག་ལ་མི་སྟོད་པ་དང༌། གཞན་མི་དམིགས་པས་གཞན་ལ་མི་སྨོད་པ་དང༌། སེམས་ཤིན་ཏུ་སྦྱངས་པས་རློམ་སེམས་མེད་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་པས་གཡོ་བ་མེད་པ་སྟེ། བཞི་པོ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །ཁྱིམ་བདག་གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་བཞི་སྟེ། བཞི་གང་ཞེ་ན། སྟོང་པ་ཉིད་ལ་མོས་པ་དང༌། མཚན་མ་མེད་པས་མི་སྐྲག་པ་དང༌། སེམས་ཅན་ཐམས་ཅད་ལ་ཆེར་སྙིང་རྗེ་བ་དང༌། བདག་མེད་པ་ལ་བཟོད་པ་སྟེ། བཞི་པོ་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཏིང་ངེ་འཛིན་ཡོངས་སུ་དག་པ་ཐོས་ན་དེ་ལ་སློབ་སྟེ། ཏིང་ངེ་འཛིན་ཡོངས་སུ་དག་པ་གང་ཞེ་ན། གང་ཆོས་ཐམས་ཅད་ལ་རྩོལ་བ་མེད་པ་དང། ཆོས་ཐམས་ཅད་མཉམ་པ་ཉིད་པས་གཉིས་སུ་དབྱེར་མེད་པ་དང༌། སེམས་ལས་སུ་རུང་བ་དང༌། སེམས་རྩེ་གཅིག་པ་དང༌། སེམས་ངེས་པར་བྱུང་བ་དང༌། སེམས་མི་འཕྲོ་བ་དང༌། སེམས་ཀུན་ཏུ་མི་རྒྱུག་པ་དང༌། སེམས་མི་གནས་པ་དང༌། སེམས་ངེས་པར་སེམས་པར་བྱིན་གྱིས་རློབ་པ་དང༌། སེམས་ལ་དབང་སྒྱུར་བ་དང༌། སེམས་འདོད་པའི་ཡོན་ཏན་རྣམས་ལ་མི་ཆགས་པ་དང༌། སེམས་ཆོས་ལ་སྒྱུ་མར་སོ་སོར་རྟོག་པ་དང༌། ཇི་ལྟར་ཆོས་ཀྱི་དབྱིངས་མངོན་པར་འདུ་མི་བྱེད་པ་དང༌། ཇི་ལྟར་མི་སྐྱེ་མི་འབྱུང་ཞིང་མཉམ་པ་ཉིད་པ་དེ་ལྟར་ཁྱིམ་བདག་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཏིང་ངེ་འཛིན་ཡོངས་སུ་དག་པ་ལ་སོ་སོར་རྟོག་གོ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཐོས་ན་དེ་ལ་སློབ་སྟེ། ཤེས་རབ་ཡོངས་སུ་དག་པ་དེ་གང་ཞེ་ན། དེ་འདི་ལྟར་སོ་སོར་རྟོག་སྟེ། ཆོས་ཐམས་ཅད་མངོན་སུམ་དུ་ཤེས་པ་དང༌། ཚིག་རབ་ཏུ་དབྱེ་བ་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་འཇུག་པ་ཤེས་པ་དང༌། སེམས་ཅན་གཞན་དག་ལ་ཆོས་གོ་བར་བྱེད་པ་ཤེས་པ་སྟེ། ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཤེས་རབ་ཡོངས་སུ་དག་པ་ལ་སོ་སོར་རྟོག་གོ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་འདི་ལ་ཤེས་རབ་འདི་ནི་ལུས་མེད་པས་ཐོགས་པ་མེད་པའི་མཚན་ཉིད་དོ། །རྒྱུ་བ་མེད་པས་གཟུང་བ་མེད་པའི་མཚན་ཉིད་དོ། །སྐྱེ་བ་མེད་པས་གནས་པ་མེད་པའི་མཚན་ཉིད་དོ། །ནམ་མཁའ་ལྟར་ངོ་བོ་ཉིད་མེད་པས་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དོ་སྙམ་དུ་རབ་ཏུ་སློབ་བོ། །ཁྱིམ་བདག་དེ་ལྟར་ན་གང་འདི་ལྟར་ཆོས་ལ་སོ་སོར་རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་སྒྲུབ་པའོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོག་ཆགས་བརྒྱ་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁྱིམ་བདག་དེ་དག་ཐམས་ཅད་ལས་ཕལ་ཆེར་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་གོ། དེ་ནས་ཁྱིམ་བདག་དྲག་ཤུལ་ཅན་དགའ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་མགུ་བ་དང་ཡིད་བདེ་བ་སྐྱེས་ཏེ། བརྒྱ་སྟོང་རི་བའི་རས་བཅོས་བུའི་ཟུང་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་དགེ་བའི་རྩ་བ་འདི་སེམས་ཅན་རྣམས་ལ་སྩལ་ཏོ། །བདག་གི་དགེ་བའི་རྩ་བ་འདིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ཀྱི་བསླབ་པ་ཇི་ལྟར་བཅས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་ལགས་པ་དེ་དག་གི་ཆོས་ཡོངས་སུ་རྫོགས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་ཇི་ལྟར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་རྣམས་ཀྱི་བསླབ་པ་བཅས་པ་ཡང་དེ་ལྟར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་གང་དག་ལགས་པ་དེ་དག་གི་ཆོས་ཡོངས་སུ་རྫོགས་པར་གྱུར་ཅིག །བཅོམ་ལྡན་འདས་ལ་ཡང་ཞུ་བར་འཚལ་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཆོས་དུ་ཞིག་དང་ལྡན་ན་རབ་ཏུ་བྱུང་བའི་བསླབ་པ་ལ་སློབ་པ་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཆོས་ལྔ་དང་ལྡན་ན་རབ་ཏུ་བྱུང་བའི་བསླབ་པ་ལ་སློབ་པ་ཡིན་ཏེ། ལྔ་གང་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་མི་ལྟ་བར་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པས་རྣམ་པར་སྨིན་པ་ལ་རེ་བ་མེད་པ་དང༌། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཚངས་པར་སྤྱོད་ཅིང་གཙང་མ་ཡིན་ཏེ། ཡིད་ཀྱི་དགུ་ལ་ཡང་འདོད་པ་མི་སྐྱེད་ན་མཚན་གཉིས་སྤྲོད་པ་འམ། ཡན་ལག་མ་ཡིན་པར་འཇུག་པ་ལྟ་ཅི་སྨོས་པ་དང༌། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཡང་དག་པ་སྐྱོན་མེད་པ་ལ་མི་རེག་ཅིང་ཁྱིམ་སྟོང་པར་ཞུགས་ནས་ཐབས་ཀྱིས་མངོན་པར་བསྒྲུབས་པ་བསམ་གཏན་བཞི་པོ་དག་ལ་སྙོམས་པར་འཇུག་པ་དང༌། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་སེམས་ཅན་ཐམས་ཅད་བདེ་བར་བྱེད་པ་ལ་བརྩོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར་འབྱུང་བར་བརྩོན་འགྲུས་རྩོམ་པ་དང༌། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་དག་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་ཅིང་གཞན་ཡང་ཡང་དག་པའི་ཆོས་ལ་སྦྱོར་བར་བྱེད་པ་སྟེ། ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཆོས་ལྔ་པོ་དེ་དག་དང་ལྡན་ན་རབ་ཏུ་བྱུང་བའི་བསླབ་པ་ལ་སློབ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བཞིན་དུ་བགྱི་བར་འཚལ་ལོ། །རབ་ཏུ་བྱུང་བའི་བསླབ་པ་ལ་བསླབ་བོ། །ཆོས་མཉམ་པ་ཉིད་འདི་ལྟ་བུ་ལ་ཡང་འཇུག་པར་བགྱིའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་འཕྲོ་བ་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་བྱུང་བ་འདི་ལྟ་སྟེ། སྔོན་པོ་དང༌། སེར་པོ་དང། དམར་པོ་དང༌། དཀར་པོ་དང༌། ལེ་བརྒན་དང༌། ཤེལ་དང༌། དངུལ་གྱི་ཁ་དོག་ལྟ་བུ་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སུ་འོད་ཀྱིས་སྣང་བས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ནི་དེ་བཞིན་གཤེགས་པ་འཛུམ་པ་མི་མཛད་ན་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་ཁྱིམ་བདག་དྲག་ཤུལ་ཅན་འདིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་ཏེ་ཆོས་བསྒྲུབ་པའི་ཕྱིར་སེང་གེའི་སྒྲ་བསྒྲགས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱིམ་བདག དྲག་ཤུལ་ཅན་འདི་ནི་གང་དག་བསྐལ་པ་བཟང་པོ་འདི་ལ་འབྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་རིམ་གྲོ་བྱེད་པར་འགྱུར་རོ། །བསྟི་སྟང་དང༌། མཆོད་པ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །དམ་པའི་ཆོས་ཀྱང་འཛིན་པར་འགྱུར་རོ། །རྟག་ཏུ་ཡང་ཁྱིམ་བདག་ཏུ་གྱུར་ནས་རབ་ཏུ་བྱུང་བའི་བསླབ་པ་ལ་གནས་སོ། །དེ་བཞིན་གཤེགས་པའི་བྱང་ཆུབ་དེ་ཡང་རྒྱས་པར་བྱེད་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཁྱིམ་བདག་དྲག་ཤུལ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་རྒྱུ་གང་དང་རྐྱེན་གང་གིས་གང་ཁྱིམ་ན་གནས་ཤིང་རྡུལ་ལ་གནས་པ་ལ་དགའ་བར་བྱེད། དྲག་ཤུལ་ཅན་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་རྡུལ་ལ་ནི་རྡུལ་ཅུང་ཟད་ཀྱང་མེད་དོ། །སྙིང་རྗེ་ཆེན་པོ་དང་ལྡན་པས་བདག་བདེ་བ་ལ་མི་རེ་བ་ཡིན་ནོ། །བཙུན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ནི་སྡུག་བསྔལ་ཐམས་ཅད་ཀྱིས་གཟིར་ཀྱང་བཟོད་དེ། སེམས་ཅན་རྣམས་ཡོངས་སུ་མི་གཏོང་ངོ་། །དེ་སྐད་ཅེས་སྨྲས་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱིམ་བདག་དྲག་ཤུལ་ཅན་འདི་ཁྱིམ་གྱི་ས་ལ་གནས་ནས་བསྐལ་པ་བཟང་པོ་འདི་ལ་སེམས་ཅན་རབ་ཏུ་མང་པོ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔས་ནི་བསྐལ་པ་སྟོང་ངམ། བསྐལ་པ་བརྒྱ་སྟོང་དུ་མར་ཡང་དེ་ལྟར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་ཁྱིམ་བདག་འདི་ལ་ཡོད་པའི་ཡོན་ཏན་རྣམས་ནི་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་སྟོང་ལ་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དྲག་ཤུལ་ཅན་གྱིས་ཞུས་པ་ཞེས་བྱ་བར་ཟུང་ཤིག །ཁྱིམ་པ་དང་རབ་ཏུ་བྱུང་བའི་བསླབ་པ་སྒྲུབ་པ་ཞེས་བྱ་བར་ཡང་ཟུང་ཤིག །ལྷག་པའི་བསམ་པས་བླ་མ་ལ་བསྙེན་བཀུར་བྱ་བའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཡོན་ཏན་དང༌། བརྩོན་འགྲུས་དང༌། ཆོས་མང་པོ་རབ་ཏུ་འཐོབ་སྟེ། བརྩོན་འགྲུས་ཞན་པས་བསྐལ་པ་བརྒྱར་ཚངས་པར་སྤྱད་པ་ལ་གནས་པས་ནི་དེ་ལྟ་མ་ཡིན་ནོ། །ཀུན་དགའ་བོ་དེ་བས་ན་བདག་ཀྱང་འདི་ལ་བརྩོན་འགྲུས་བསྐྱེད་པར་འདོད་པ་དང༌། གཞན་ཡང་བརྩོན་འགྲུས་ལ་གཟུད་པར་འདོད་པ་དང༌། བདག་ཀྱང་ཡོན་ཏན་གྱི་ཆོས་མཉམ་པ་ཉིད་ཐམས་ཅད་ལ་གནས་པར་འདོད་པ་དང༌། གཞན་ཡང་ཡོན་ཏན་གྱི་ཆོས་མཉམ་པ་ཉིད་ཐམས་ཅད་ལ་དགོད་པར་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། ཀུན་ཆུབ་པར་བྱ། བཀླག་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཀུན་དགའ་བོ་ངས་ཆོས་ཀྱི་རྣམ་གྲངས་འདི་ཡང་དང་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཁྱོད་ལ་ཡོངས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་ཡོན་ཏན་ཐམས་ཅད་འདུས་པར་དེ་བཞིན་གཤེགས་པས་བཤད་པའི་ཕྱིར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་དང་མི་འབྲལ་བར་གནས་པ་དེ་སངས་རྒྱས་འབྱུང་བ་དང་མི་འབྲལ་ལོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏམ། འཛིན་ཏམ། ཀློག་པ་དང་མི་འབྲལ་བ་དེ་སངས་རྒྱས་འབྱུང་བ་དང༌། སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་ཡོན་ཏན་ཐམས་ཅད་འདུས་ཤིང་ཆོས་ཀྱི་རྣམ་གྲངས་འདིའི་ནང་དུ་བསླབ་པ་བསྒྲུབ་པའི་ལམ་གྱི་ཡོན་ཏན་ཐམས་ཅད་འདུས་པར་དེ་བཞིན་གཤེགས་པས་ཡང་དག་པར་རབ་ཏུ་བཤད་པའི་ཕྱིར་རོ། །ཀུན་དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་རབ་ཏུ་གང་བ་ཡང་འབོགས་ཏེ། ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། ཀུན་ཆུབ་པར་བྱའོ། །ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བ་ཙམ་ཡང་རི་མོར་བྱས་ཏེ་སློབ་དཔོན་ལ་ཕུལ་ནས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །ཀུན་ཆུབ་པར་བྱའོ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་གིས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཆོད་རྟེན་རིན་པོ་ཆེ་ལས་སོ་སོར་བྱས་ཏེ་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། དེ་བཞིན་དུ་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ཅིང༌། གང་མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དང༌། སློབ་མར་ཁས་བླངས་ཏེ་བསྙེན་བཀུར་བྱས་སུ་ཟིན་ཀྱང་ཆོས་ཀྱི་རྣམ་གྲངས་འདི་མི་འཛིན། མི་འཆང༌། མི་ཀློག །ཀུན་ཆུབ་པར་མི་བྱེད། འཇུག་པར་མི་བྱེད་ཅིང་སྒྲུབ་པ་འདི་ལ་མི་གནས་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་པར་མི་འགྱུར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཀུན་ཆུབ་པར་བྱེད་ལ་དམ་པའི་ཆོས་ཡུན་རིན་དུ་གནས་པར་བྱ་བ་དང༌། སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིང་སྒྲུབ་པ་འདི་ལ་ཡང་གནས་ན་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །གུས་པ་དང་བཅས་པས་བསྙེན་བཀུར་བྱས་པར་ཡང་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། ཁྱིམ་བདག་དྲག་ཤུལ་ཅན་དང༌། དགེ་སློང་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ཞེས་བྱ་བ་སྟེ་ལེའུ་བཅུ་དགུ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

བརྒྱུད་འགོད།