ཡི་ཤུའི་ཆོས་སྤེལ་བའི་མིག་ལམ་གྱི་སྐུ་འབུམ་དགོན་པའི་ཙན་དན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-01-11 20:11:31     རྩོམ་པ་པོ།   གྱི་ལིང་འཇིགས་མེད།     ཀློག་ཐེངས།  

སྔོན་ཆད་ཤེས་མཁན་མེད་ལ་དོན་སྙིང་དེ་ཙམ་མི་ལྡན་པའི་ཨ་མདོའི་ས་ཆ་ནས་ནང་བསྟན་བཅོས་སྒྱུར་བ་ཆེན་མོ་ཁོང་འཁྲུངས་པ་ནས་ངོ་མཚར་བའི་སྙན་གྲགས་རྒྱས་ཤིང་རྗེ་ཙོང་ཁ་བ་སྐུ་འཁྲུངས་སའི་རི་འདབས་དེ་ཉིད་མཇལ་སྐོར་ཞུ་སའི་གནས་གྲགས་ཅན་ཞིག་ཏུ་གྱུར་ཏེ་དགེ་འདུན་པ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་འདུས་ཏེ་གྲྭ་ཤག་སོགས་བཟོས་པས་རིམ་གྱིས་དེ་རིང་གི་དགོན་སྡེ་ཆེན་པོ་འདི་ལྟ་བུར་གྱུར་བ་རེད། འདིའི་སྙན་གྲགས་ནི་སོག་པ་ལྟ་བུའི་མཐའ་མཚམས་ཀྱི་ཡུལ་གྲུ་དག་ཏུའང་མི་རྣམས་ཀྱིས་སྐུ་འབུམ་ཞེས་འབོད་ལ། དེ་ནི་སངས་རྒྱས་ཀྱི་སྐུ་བརྙན་འབུམ་གྱི་དགོན་པ་ཞེས་པའི་དོན་རེད། མིང་དེ་ལ་ད་དུང་གསང་བའི་དོན་ཞིག་ཡོད་པ་ནི་རྗེ་རིན་པོ་ཆེའི་དབུ་སྐྲ་འཐོར་ས་ནས་སྡོང་བོ་ཞིག་སྐྱེས་ཡོད་པ་དེའི་ལོ་མའི་སྟེང་དུ་བོད་ཡིག་ཡོད་ཅེས་པའི་ངག་རྒྱུན་ཞིག་འདུག

མི་རྣམས་ཀྱིས་ང་ཚོའི་ངག་ནས་སྡོང་བོ་འདིའི་སྐོར་ཏེ། སྡོང་བོ་དེ་འདྲ་ཞིག་ཡོད་མེད་དང་། སྡོང་བོ་དེ་མཐོང་མྱོང་མིན། དེའི་སྟེང་ནས་ཁྱད་དུ་འཕགས་པའི་ནང་དོན་ཅི་ཞིག་མཐོང་བ་དང་། ཁྱད་མཚར་བའི་སྡོང་ལོ་ལས་ཚོར་སྣང་ཅི་བྱུང་སོགས་འདྲི་སྲིད་ལ། འདི་དག་ནི་ཁྱེད་ཅག་གིས་ང་ལ་འདྲི་ཆོག་པའི་དྲི་བ་འགའ་ཞིག་རེད། དེ་བས་ངས་ཀྱང་ཚོད་དཔག་གི་ཚུལ་དུ་དྲི་བ་དེ་དག་རེ་རེ་ལ་ལན་འདེབས་ཆོག

བདེན་པ་རེད། སྡོང་བོ་དེ་དངོས་གནས་ཡོད། ང་ཚོས་ལམ་བར་ནས་སྡོང་བོ་དེའི་སྐོར་མང་བོ་ཐོས་པས་དེ་ལ་མྱུར་དུ་བལྟ་རུ་འགྲོ་བའི་བྲེལ་བ་ཞིག་སྐྱེས་སོང་། རི་འདབས་སུ་ཆགས་པའི་དགོན་པ་དེའི་ཚོགས་ཆེན་འདུ་ཁང་དང་མི་རིང་བའི་སར་གྱོ་མོག་གི་གྱང་ར་གྲུ་བཞི་ཞིག་བཙུགས་ཡོད། ང་ཚོ་རྒྱ་ཆེ་བའིར་སྐོར་ནང་དུ་སླེབས་པ་ན་ཕྱི་རོལ་ནས་ལོ་མ་འགའ་མཐོང་ཐུབ་པའི་སྡོང་བོ་དེ་ལ་ཞིབ་འཇུག་བྱེད་པའི་འདུན་པ་སྐྱེས་སོང་། ང་ཚོའི་མིག་མདངས་ནི་ཐོག་མར་ཧམ་སེེམས་དང་མཚར་སྣང་ཞིག་གིས་སྡོང་བོ་དེའི་ལོ་མའི་སྟེང་ལ་འཁོར། ང་ཚོས་སྡོང་བོ་དེའི་ལོ་མ་རེ་རེའི་སྟེང་དུ་ཧ་ཅང་ཚད་ལྡན་གྱི་བོད་ཡིག་ཡོད་པ་མཐོང་དུས་ཧ་ལས་སོང་། ཡི་གེ་ཚང་མ་ལྗང་མདོག་ནག་སྟེ་ལོ་མའི་ཁ་དོག་ལས་ཅུང་ནག་ལ་སྐབས་ལ་ལར་ཅུང་མག་མོག་ཏུ་གྱུར་འདུག གྲྭ་བ་ཚོས་རྫུན་བཟོ་བྱས་པར་དོགས་པ་སྐྱེས་མོད། འོན་ཀྱང་ཞིབ་ཏུ་ཕྱི་ནང་ཡོངས་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་ན་དེའི་ཕྱི་ནང་གང་དུའང་རྫུན་བཟོ་བྱས་པའི་རྗེས་ཤུལ་ཅུང་ཟད་ཙམ་ཡང་མཐོང་མ་སོང་། ང་ཚོའི་སེམས་སུ་ཡི་གེ་དེ་དག་ནི་ལོ་མ་དེ་དག་གི་གྲུབ་ཆ་ཞིག་སྟེ། དཔེར་ན་ལོ་མའི་གཞུང་རྟ་དང་འདྲ་བར་ཁོའི་གྲུབ་ཆ་ཞིག་རེད་བསམ་བྱུང་། ཡི་གེ་དེ་དག་ཡོད་སའང་གཅིག་མཚུངས་ཤིག་མ་རེད། ལ་ལ་ལོ་མའི་དཀྱིལ་ན་ཡོད་ལ་འགའ་རེ་ལོ་མའི་རྩེ་དང་དེ་བཞིན་གཞོགས་གཉིས་སོགས་སུ་ཡོད་པར་མ་ཟད། གསར་སྐྱེས་ལོ་མ་དག་གི་སྟེང་ན་ཕྱེད་ཀ་ཙམ་རེ་མ་གཏོགས་གྲུབ་མེད། ས་ལ་ཟགས་པའི་སྡོང་བོའི་པགས་པ་དང་ཡལ་ག་དག་གི་སྟེང་དུའང་ཡི་གེ་དེ་ཡོད་ལ། གལ་ཏེ་སྡོང་ཤུན་གོག་པོ་རྙིང་བ་རེ་བཀག་ན་དེའི་འོག་གི་སྡོང་ཤུན་གསར་བའི་སྟེང་ནའང་ད་དུང་ཡོངས་སུ་མི་ཚང་བའི་ཡི་གེ་མང་བོ་གསར་དུ་འབྱུང་བཞིན་འདུག ཆེས་ངོ་མཚར་བ་ཞིག་ནི་འོག་གི་ཡི་གེ་དང་སྟེང་གི་ཡི་གེ་གཉིས་གཏན་ནས་མི་འདྲ་བ་ཞིག་རེད། ང་ཚོས་གང་ས་གང་དུ་རྫུན་བཟོ་བྱས་པའི་རྗེས་ཤུལ་བཙལ་ནའང་ངལ་བ་འབྲས་མེད་དུ་གྱུར་སོང་། ང་ཚོའི་དཔྲལ་བ་ནས་རྔུལ་ཆུ་བཞུར་བྱུང་། ང་ལས་ལྷག་པའི་འཇོན་ཐང་ཅན་དུ་རློམ་པ་དེ་དག་གིས་མ་འོངས་པ་ན་སྡོང་བོ་འདིའི་སྐོར་མི་རྣམས་ལ་ཡིད་ཚིམ་པའི་འགྲེལ་བཤད་རེ་བྱེད་སྲིད། འོན་ཀྱང་ང་ཚོས་དེ་ལྟར་བྱེད་ཐབས་མི་འདུག མི་རྣམས་ཀྱིས་ང་ཚོ་བླུན་རྨོངས་རེད་ཅེས་འཕྱ་ཡང་སྲིད་མོད་དེ་ལ་སྐྱོན་མི་འདུག གཙོ་བོ་མི་རྣམས་ངས་བཤད་པ་འདི་ལ་ཡིད་ཆེས་ན་ཆོག

ང་ཚོའི་སེམས་སུ་སྟོང་སྐུའི་སྡོང་བོ་འདི་རྒས་འདུག་བསམ་སོང་། མི་གསུམ་གྱིས་ལག་པ་མཐུད་ནས་བསྐོར་ན་ད་གཟོད་སྡོང་བོ་ལ་ཡོངས་སུ་བསྐོར་ཐུབ། མཐོ་ཚད་ཧྥ་རན་སིའི་ཁྲེ་ཙེ་བརྒྱད་ལྷག་ཡོད་ལ་ཡལ་ག་རྣམས་ཀྱང་གྱེན་ལ་བསྲིངས་པ་མ་ཡིན་པར་གཤོག་པ་ལྟར་འཕྲེད་དུ་བརྐྱངས་འདུག ཡལ་ག་འགའ་རེ་སྐམ་ནས་སར་ལྷུང་ཡོད་ལ་ལོ་མའི་རྫོང་ཧ་ཅང་སྟུག ལོ་མ་རྟག་ཏུ་ལྗང་ཞིང་ཤིང་མདོག་ཅུང་དམར་སྐྱ་ཞིག་རེད། ཧ་ཅང་ཡིད་དབང་འཕྲོག་པའི་དྲི་ཞིམ་ཞིག་ཀྱང་ཡོད། དེ་ནི་ཤིང་ཚའི་དྲི་ཞིམ་དང་ཅུང་འདྲ་ཙམ་ཞིག་རེད། གྲྭ་བ་ཚོས་བཤད་ན་དབྱར་ཁ་བོད་ཟླ་བརྒྱད་པའི་ནང་ལ་མེ་ཏོག་དམར་བོ་ཞིག་བཞད་ཟེར། མི་ལ་ལས་ད་དུང་ས་ཆ་གཞན་གང་དུའང་སྡོང་བོ་འདི་འདྲ་ཞིག་མེད་ཅེས་ཚིག་ཐག་ཆོད་པོས་སྨྲ། མི་རྣམས་ཀྱིས་སྔོན་ཆད་འདིའི་ཡལ་ག་རེ་བཅད་ནས་སོག་ཡུལ་སོགས་ཡུལ་གཞན་དུ་བཙུགས་ནའང་ངལ་བ་འབྲས་མེད་དུ་གྱུར་འདུག 

རྩོམ་ཡིག་འདི་ལ་ཤོག་བུ་འགའ་ཡོད་པས་འདིར་སྙིང་བསྡུས་ཙམ་ཞིག་བསྒྱུར་བ་ཡིན་ལ། ཀུའུ་པོ་ཁྲ་ནི་བོད་ཡུལ་དུ་ཡོང་ནས་ཆོས་སྤེལ་གྱི་བྱ་བ་ཅི་ཡང་འགྲུབ་ནའང་ཡོ་རོབ་ཏུ་ཕྱིར་ལོག་པ་ནས་བོད་ཀྱི་རིག་གནས་ལ་དུང་བ་ཟབ་མོ་ཅན་ཞིག་ཏུ་གྱུར་འདུག དེ་ནི་ཕལ་ཆེར་སྡོང་བོ་འདི་དང་འབྲེལ་བ་ཡོད་ལས་ཆེ་མོད། ཞིབ་ཕྲའི་གནས་ཚུལ་མ་མཐོང་བས་ཚོད་དཔག་མི་བྱེད་དོ། ། ཆོས་སྤེལ་བ་འདི་གཉིས་ཀྱིས་ལམ་ཁྲིད་སོག་པོའི་གྲྭ་ལོག་དེ་ལ་ཁྲུས་བྱས་ཏེ་ཡི་ཤུའི་ཆོས་ལ་ཞུགས་སུ་བཅུག་ལ་རྗེས་སུ་ལོ་མང་བོ་འགོར་ནའང་ཁོ་སྔར་བཞིན་ཡི་ཤུའི་ཆོས་ལུགས་པ་ཞིག་ཡིན་པ་ཐོས་པས་ཁོ་གཉིས་ཀྱང་དོན་དེ་ལ་སེམས་འགུལ་ཐེབས་ཚུལ་འབྲེལ་ཡོད་དཔྱད་གཞི་དག་ཏུ་མང་བོ་འབྱུང་ངོ་། །

གཤམ་གྱི་རྩོམ་ཐུང་འདི་ནི་ཡི་ཤུའི་ཆོས་སྤེལ་བ་ཀུའུ་པོ་ཁྲ་ཞེས་པའི་ལམ་ཡིག་ལས་བཏུས་ཏེ་བོད་འགྱུར་བྱས་པ་ཡིན།༽

གྱི་ལིང་འཇིགས་མེད་ཀྱི་འཕྲིན་སྟེགས་ལས་བཤུས།

བརྒྱུད་འགོད།