ངང་རུང་མཁན་ཆེན་དགོན་པའི་མཚན་དང་གནའ་དེང་གི་སྐུ་གསུང་ཐུགས་རྟེན་བཤད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-06 19:39:34     རྩོམ་པ་པོ།   ངང་རུང་བློ་བཟང་ཚུལ་ཁྲིམས།    ཀློག་ཐེངས།  

微信图片_20200606190317.jpg

དེ་ཡང་རང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་ནི་ངེས་ཚིག་དང་གཏན་ཚིག་ཡང་དག་པ་ཞིག་ཡིན་དེ།འདི་ལ་རྩོད་འཐེན་གྱི་སྐད་ཆ་ཅི་ཡང་བརྗོད་རྒྱུ་མེད་ལ། ལོ་རྒྱུས་འགའ་ཞིག་ལས་ང་རོང་དང་།ཁ་ཅིག་གིས་གཡང་རོང་།ལ་ལས་ངམ་རོང་།ཕྱི་ཕྱོགས་ཀྱི་དེབ་ཅིག་གི་ནང་དུ་ནགས་ཀློང་དགོན་དང་།ངག་རྒྱུན་ལས་རྔ་རིང་དགོན་ཞེས་སྣ་ཚོགས་ཤིག་བཤད་ཡོད་ཀྱང་།དེ་རྣམས་ཀྱི་ནང་ནས་གང་ཡིན་ཡང་རྣ་བར་འབབ་པ་དང་རྒྱུ་མཚན་ལྡན་པའི་དོན་དག་ཅིག་སྟོན་རྒྱུ་མེད་པས།རེ་རེ་ནས་ཅུང་དཔྱད་ན།དང་བོའི་རྒྱུ་མཚན་མ་ངེས་ཏེ།ང་ནི་ཁྱེད་དང་ང་ཞེས་པ་དེ་ཡིན་པས་ང་ཞེས་བརྗོད་ན་འབྲེལ་བ་ཅི་ཡང་མེད་དེ།དེ་ལས་བདག་ཅེས་བཤད་ན་འགྲེལ་ཅུང་ཆགས་སྲིད་ཀྱང་བདག་གི་ཚིག་གྲོགས་སུ་རོང་བཞག་ན་བདག་རོང་དུ་འགྱུར་བས་འགྲེལ་མེད་དོན་གཞན་ཡིན་པར་མ་ཟད།འདོད་རྒྱལ་གྱི་མིང་དུ་མ་གྲགས་པ་དང་མིའི་བློ་ངོར་འབྱོར་དཀའ་བའི་དོན་མེད་ཀྱི་ཚིག་ཏུ་སྣང་།རོང་ཞེས་པ་ནི་བོད་ཀྱི་རུས་ཤིག་ཡིན་པས།དགོན་འདི་ཕྱག་འདེབས་མཛད་པ་བོ་ནི་རོང་ཆེན་དང་ཤུལ་ཆེན་གྱི་བརྒྱུད་པར་མི་གཏོགས་པར་ཚ་ཆེན་བཅོ་བརྒྱད་ཀྱི་ནང་བསྲེས་གཅན་ཚ་མོག་ཀྱཱ་ནས་ཡབ་བོད་ཚའི་དགེ་འདུན་སྐྱབས་ཀྱི་སྲས་སུ་འཁྲུངས་པས།འདིར་རོང་ཞེས་འདོགས་དགོས་པའི་ཁུངས་གསལ་གྱི་བཤད་རྒྱུ་མེད་ལ།ཡང་ན་རོང་འབྲོག་མཚམས་སུ་ཡོད་པས་དེ་ལྟར་ཆགས་སོ་ཟེར་ན།དེ་ཡང་མ་ངེས་ཏེ།འདིའི་སྔོན་དུ་ས་མཚམས་དེ་འདྲ་ཞིག་ཏུ་དགོན་པ་གང་ཡང་བཏབ་མེད་པ་བདེན་ན་མཚན་དེ་ལྟར་དུ་འདོགས་དགོས་ཀྱི།དེ་ལྟར་མ་ཡིན་རྒྱུ་མཚན་མཐའ་ཡས་སོ།གཉིས་པ་དང་གསུམ་པའི་འདོད་ཚུལ་བྲག་རོང་དང་གྲོག་རོང་ཡོད་པའི་ཆ་ནས་ཡིན་པར་སྣང་ཡང་།དེ་ལའང་ངེས་པ་གཏན་ནས་མེད་དེ།འདི་ལ་བྲག་རོང་དང་གྲོག་རོང་མེད་པར་མ་ཟད།དགོན་པའི་གཡས་གཡོན་དང་མདུན་རྒྱབ་རྣམས་སུ་སྤང་ལྗོངས་དང་ཤུག་པ།ཐང་ཤིང་དང་གསོན་ཤིང་སོགས་ཤིང་སྣ་བརྒྱ་ཕྲག་དུ་མས་བརྒྱན་ཅིང་ཉལ་འགྲོ་དང་འདབ་ཆགས་བྱ་བྱིའུ་སྣ་ཚོགས་ཀྱི་སྐད་སྙན་ལྷང་ལྷིང་དུ་སྒྲོག་པའི་གནས་འདི་ལ་དེ་ལྟར་འབོད་དགོས་ན།ཡུལ་ཕྱོགས་འདིར་གནས་ཀྱི་དགོན་སྡེ་ཆེ་ཕྲ་མཐའ་དག་ལ་དེ་ལྟར་མ་བཏགས་པའི་རྒྱུ་མཚན་ཅི་ལ་ཐུག

བཞི་བས་ནགས་ཚལ་གྱིས་གཏམས་པས་ཆ་ནས་བཤད་པ་ཡིན་ཡང་།དེ་ལའང་རྒྱུ་མཚན་ཡང་དག་པ་ཞིག་ཡོད་པར་མི་འདོད་དོ། །ལྔ་བས་གནའ་སྔ་མོ་ཞིག་ལ་རང་རེའི་དགོན་པ་འདིའི་ཤུལ་དུ་ཞིང་རྔ་མ་རིང་བོ་ཅན་ཞིག་ཡོད་པས་ཞིང་མིང་དགོན་པར་ཆགས་པ་ཡིན་ཟེར་ཡང་།ས་མིང་དགོན་པར་ཆགས་པའི་སྲོལ་ཡོངས་ཁྱབ་ཏུ་གནས་ཡོད་ཀྱང་།རྔ་རིང་ཞེས་བའི་མིང་ལོ་རྒྱུས་དང་ཁྱད་པར་དགོན་པ་འདི་དང་འབྲེལ་བ་ཡོད་པའི་གདན་རབས་དེབ་ཐར་ལོ་རྒྱུས་ཡིག་ཚང་གང་དུའང་མཐོང་རྒྱུ་མེད་པས་ངག་རྒྱུན་ཙམ་དུ་ཟད།ཕྱོགས་གཞན་ཞིག་ནས་བཤད་ན་བོད་ཀྱི་དགོན་པ་ཕལ་ཆེར་ཡུལ་ཕྱོགས་རིགས་རུས་ཀྱི་ཆ་ནས་བཏགས་སོ་ཟེར་ན།འོ་ན་རང་རེའི་དགོན་པ་འདིའི་མིང་ལ་བོད་ཚ་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་མ་བཏགས་པའི་རྒྱུ་མཚན་ལའང་དཔྱད་དགོས་སོ་སྙམ།སྤྱིར་དངོས་མིང་དང་བཏགས་མིང་གང་ཡིན་ཡང་འདྲ་བ་དང་འབྲེལ་བ་ཡང་ན་ཡུལ་སྡེ་ལུང་བའི་ཐོག་ནས་བཏགས་ན་ལེགས་ཀྱི།འདི་ནི་དེ་ལྟར་མ་ཡིན་པར་ང་རོང་ལ་རྒྱུ་མཚན་གང་ཡང་སྟོན་རྒྱུ་མེད་པ་དང་། གཡང་རོང་དང་ངམ་རོང་གཉིས་ཚིག་གཅིག་གི་ཐོག་ཏུ་བབས་ཡོད་པར་མ་ཟད། གཉིས་ཀ་བྲག་དང་གྲོག

གཡང་དང་རོང་སོགས་སྐྱར་བཟླས་ཀྱི་སྐྱོན་ཡོད་པ་སུས་བལྟས་ཀྱང་ཤེས་པ་འདི་རེད་ལ།ནགས་ཀློང་དགོན་ནི་མ་ངེས་འོད་ཚོད་དུ་བཤད་པའི་སྐད་ཆ་ཞིག་རེད་འདོད།

དེས་ན་རང་རེའི་བཀྲ་ཤིས་ཆོས་འཕེལ་གླིང་གི་དབུ་ཁྱུད་ཀྱི་ཚིག་གང་ཡིན་ཞེ་ན།ངང་རུང་ཞེས་པ་འདི་ཡིན་ཏེ།རྒྱུ་མཚན་མོག་ཀྱཱའི་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་མཆོག་རང་ཉིད་ལ།བཀའ་དྲིན་གཞལ་དུ་མེད་པའི་དགེ་བའི་བཤེས་གཉེན་དོན་གྱི་སླད་དུ་མཚན་ནས་བརྗོད་ན།པན་ཆེན་བློ་བཟང་ཡེ་ཤེས་མཆོག་དང་ལྷ་ཆེན་པོ་ཚངས་པ་རྣམ་གཉིས་ཀྱིས་ལུང་བསྟན་པ་ལྟར།དགོན་པའི་གནས་བཙལ་ཏེ་ད་ལྟའི་ལྷ་ཁང་མཐོང་གྲོལ་ཆེན་མོའི་གནས་འདིར་སླེབས་པ་ན།ཞལ་འདོན་གྱི་ཚིག་འཇིགས་བྱེད་ཀྱི་ཆོ་གའི་/མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་མཉེས་ཤིང་ཚིམ་པར་གྱུར་/ཞེས་པའི་མཚམས་ནས་ཆིབས་པ་[ངང༷]་གིས་ཉལ་བ་དང་ཆབས་ཅིགམཁན་ཆེན་དམ་པས་སའི་དབྱིབས་ལ་གཟིགས་པས།ཤར་གྱི་སྟག་སྐྱ་བོར་ས་མདས་མ་ཕོག་སྟེ།རྩི་ཤིང་དང་སྤང་ལྗོངས་ཀྱིས་ཁེབས་པའི་དར་དཀར་གྱི་ཡོལ་བ་འཕྱར་འདྲའི་རི་ལ་རི་སྣེ་དང་ལམ་གྱིས་མ་བཅད་པ།ལྷོའི་གཡུ་འབྲུག་སྔོན་མོ་དུང་དུ་མ་ལྷུང་སྟེ།མདུན་གྱི་ཡན་ལག་བརྒྱད་ལྡན་གྱི་ཆུ་ལ་ཤིང་ནགས་དང་ཟམ་གྱིས་མ་སྒྲིབ་པ།ནུབ་ཀྱི་བྱ་དམར་བོ་རྙི་ཡིས་མ་བཟུང་སྟེ།ནུབ་ཀྱི་བྲག་དམར་སེར་ཅན་ལམ་དང་འོབས་ཀྱིས་མ་གཏུབས་པ།བྱང་གི་རུས་སྦལ་སེར་བོའི་ཁ་ཆུ་མ་སྐམ་ཏེ།བྱང་གི་ས་འཛིན་གཏེར་སྐོང་གི་རི་ལ་བུག་རལ་དང་ཉག་ཀ་མེད་པ་སྟེ་སའི་སྲུང་བ་བཞི་དང་།གཞན་ཡང་ཤར་དུ་རྨ་ཀློང་དལ་གྱིས་འབབ་པའི་འཛུམ་དཀར་གྱི་མུ་ཏིག་མཁའ་ལ་འཐོར་བ།ལྷོར་ནགས་ཀློང་གི་ཡལ་ག་འཐབ་པའི་རང་སྒྲའི་གླུ་དབྱངས་ཀྱིས་སྐྱེ་འགྲོ་རྣམས་ཀྱི་ཡིད་དབང་འཕྲོག་པ།ནུབ་ཏུ་བྲག་དཀར་ཧེ་རུ་ཀའི་གནས་སུ་མཁའ་འགྲོ་མ་རྣམས་ཀྱིས་བྲོ་གར་འཁྲབ་པ།བྱང་དུ་བྱ་རྒྱལ་ཁྱུང་ཆེན་མཁའ་ལ་ལྡིང་འདྲའི་གནས་མཆོག་ཏུ་ལུང་རིགས་ཀྱི་ངར་སྐད་སྒྲོག་པ།གནམ་འཁོར་ལོ་རྩུབས་བརྒྱད་དང་ས་པདྨ་འདབ་བརྒྱད་ཀྱིས་ཡོངས་སུ་བརྒྱན་པའི་གནས་འདི་ནི་ཧ་ཅང་[རུང༷]་ཞེས་ཐུགས་ལ་དགོངས་ཏེ།དགོན་པའི་མཚན་ལ་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་བཏགས་པ་རེད།སྐུ་ཕྲེང་གཉིས་པ་རྒན་ཀྱཱ་ཚང་གི་རིང་ལ་མཚན་ཉིད་བཙུགས་ཏེ་ངང་རུང་བཤད་སྒྲུབ་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་བཏགས་ཡོད་པ་རྒན་ཀྱཱའི་ལོ་རྒྱུས་ཤིག་གི་ནང་དུ་གསལ།

གོང་དུ་བཤད་པའི་[འགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་མཉེས་ཤིང་ཚིམ་པར་གྱུར་]ཞེས་པ་འདི་/རྣམ་ཐར་དད་པའི་ཆུ་སྐྱེས/་དང་རྫོང་མི་རིགས་ཆོས་ལུགས་ཅུས་དགོན་པ་གསུམ་གྱི་/ལོ་རྒྱུས་ཕྱོགས་བསྒྲིགས་/བྱས་པའི་ནང་དུ་བཤད་ཡོད་པར་མ་ཟད།བཞུད་ཟིན་པའི་མི་རབས་སྔོན་མ་རྣམས་ཀྱི་ཞལ་ལས་རླུང་ལྟར་གྲགས་ཡོད་པ་ཚང་མར་གསལ་ན་ཡང་།དེང་སང་གསར་དུ་བྲིས་པའི་དེབ་འགའ་རེའི་ནང་དུ་[མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་]པར་བསྒྱུར་ཡོད་ཀྱང་།ཞིབ་ཏུ་བཤད་ན་ཡེ་ཤེས་ཀྱི་བདུད་རྩིས་མཉེས་ཤིང་ཚིམ་པ་ཡིན་ན་མཁན་སྤྲུལ་རིམ་བྱོན་རྣམས་དང་རྗེས་འཇུག་དགེ་འདུན་པ་རྣམས་ཀྱིས་ཐོས་བསམ་ལ་བརྟེན་ནས་ལམ་ཉམས་བཞག་དང་རྗེས་ཐོབ་ཀྱི་ཡེ་ཤེས་དང་སྔགས་ནས་གཉིས་སྣང་འཁྲུལ་བའི་བག་ཆགས་གཏན་ནས་སྤོང་བའི་གཉེན་པོར་བདེ་སྟོང་ལྷན་སྐྱེས་ཀྱི་བདེ་བས་ཡུལ་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ས་ཐོབ་དགོས། དེ་ལྟ་བུའི་འཕྲིན་ལས་འབད་མེད་ལྷུན་གྲུབ་ལ་བརྟེན་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་དང་གལ་ཏེ་ཕན་དགོས་ན་ཡེ་ཤེས་ཀྱི་བདུད་རྩི་ཞེ་ན་འགྲིགས་པ་ལས།གཞན་ཚད་ཐུབ་ཀྱི་ཡིག་ཆ་དང་ལུང་གི་ཁུངས་མེད་པ། གདུལ་བྱ་དང་གདུལ་བྱེད་འགྲེལ་མེད་པའི་/མེ་དཔུང་རབ་ཏུ་འབར་བ/་ཞེས་བསྒྱུར་ན་མངོན་སྤྱོད་དྲག་ལས་དང་ནུས་མཐུ་གཞན་གཞོལ་གྱི་ཀུན་སློང་དང་ཡང་ན་རང་ཁྱད་པར་བ་ཞིག་གི་བསམ་བློས་བཅངས་ཡོད་པས།སུས་ཀྱང་ལོ་རྒྱུས་དག་མ་དང་གཞན་གྱི་ལུང་ལ་བསྟུན་ནས་གཟུར་གནས་ཀྱི་སྐད་ཆ་ཤོད་རྒྱུ་ནི་ལོ་རྒྱུས་པ་ཞིག་གི་དྲང་བདེན་གྱི་ལམ་ཉག་གཅིག་ཡིན་པས་ཐུགས་ཉམས་འཇོག་དགོས་པར་འདོད་དོ།།།།

གཉིས་པ།གནའ་དེང་གི་སྐུ་གསུང་ཐུགས་རྟེན་གྱི་སྐོར་བཤད་པ།

དེ་ཡང་ལྔ་བརྒྱད་ཡར་སྔོན་དུ་ལྷ་ཁང་མཐོང་གྲོལ་གཟི་འབར་གྱི་ནང་དུ་བྱིན་རླབས་ཀྱི་དྲོད་མ་ཡལ་བའི་དབུས་ཀྱི་ཀུན་དགའ་རྭ་བའི་ནང་དུ་མོག་ཀྱཱའི་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་མཆོག་གི་སྐུ་གདུང་བདུད་རྩི་རང་འབབ་ཅན་དང་།དེའི་གཡས་སུ་སྐུ་ཕྲེང་གཉིས་པ་རྒན་ཀྱཱ་དགེ་འདུན་བསྟན་པའི་རྒྱལ་མཚན་གྱི་སྐུ་གདུང་།གཡོན་དུ་སྐུ་ཕྲེང་གསུམ་པ་སྐྱ་ཀྱཱ་དགེ་འདུན་དཔལ་ལྡན་མཆོག་གི་སྐུ་གདུང་།ལོགས་གཡས་སུ་སངས་རྒྱས་ཀྱི་མཛད་རྣམ་དང་བདེ་གསང་འཇིགས་གསུམ།གཡོན་དུ་རྗེ་གཟིགས་པ་ལྔ་ལྡན་དང་མི་ལ་རས་པའི་སྐུ་བརྙན་རྣམས་མཁན་ཆེན་དམ་པས་ཞལ་གཟིགས་གནང་བ་ལྟར་ལོགས་བྲིས་སུ་མཛད་པ་རྣམས་ལ་བདུད་རྩི་རང་བཞིན་དུ་འབབ་པ།སྒོའི་གཡས་གཡོན་དུ་འཇམ་དབྱངས་དང་གསང་བདགཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་གདུགས་དཀར།སྒོའི་ཕྱི་ལོགས་ཀྱི་ཁྱམས་སུ་ཀླུ་དབང་རྒྱལ་བོ་གཙོ་བྱས་པའི་ལྟུང་བཤགས་སོ་ལྔ།གཡོན་དུ་སྒྲོལ་མ་གསུང་འབྱོན་མ་གཙོ་བོའི་ཉེར་གཅིགརྒྱལ་ཆེན་བཞི་སོགས་ཀྱང་ལོགས་བྲིས་ཡིན་པ་ལ་བདུད་རྩི་འབབ་པ་གོང་དང་མཚུངས།

གཞན་ཡང་གཙོས་གསེར་མཁར་ནས་གདན་དྲངས་པའི་གསར་ཟངས་ལས་གྲུབ་པའི་མི་ལའི་སྐུ་བརྙན་ལོ་རྒྱུས་ཅན་ཞིག་དང་རྗེ་བླ་མའི་གསེར་སྐུ་བྱིན་ཅན།གཞན་མཁན་ཆེན་གྱི་ཞྭ་མོ་སྣེ་རིང་དང་རྔོག་ཞྭ།རྣམ་སྦྱར།བཞེས་ཕོར།མཁས་གྲུབ་ཐམས་ཅད་མཁྱེན་པའི་དགང་གཟར་བཅས་བྱིན་རླབས་ཆེ་བའི་སྐུའི་རང་བསྲེལ་དང་།གསུང་འབུམ་གྱི་སྐོར་ལ།རྒྱལ་བའི་བཀའ་རིན་པོ་ཆེ་ཚར་གསུམ་དང་བསྟན་འགྱུར་ཚར་གསུམ།རྗེ་བླ་མ་ཡབ་སྲས་ཀྱི་གསུང་འབུམ།ལྕང་ཀྱཱ་དང་བུ་སྟོན་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པ།འཇམ་དབྱངས་སྡེ་བའི་རྡོ་རྗེ་དང་ཞོག་དོན་ཡོན་མཁས་གྲུབ།གོང་༧་ས་ལྔ་བ་དང་པན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་རྣམས་བཞུགས།

འདུ་ཁང་ཆེན་མོའི་དབུས་ཀྱི་གྲལ་མགོར་རྗེ་བླ་མ་གཙོ་བོ་ལ་འཁོར་དག་པ་རྣམ་བརྒྱད།གཡས་སུ་རྗེ་བཙུན་བྱམས་པ་མགོན་པོ་ཐོག་ཚད་ལ་འཁོར་ཉན་ཐོས་གཉིས་དང་བཅས་པ།དེའི་གཡས་སུ་མི་འཁྲུགས་པ་མི་ཚད་ཙམ།གཡོན་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གཙོ་བོའི་སེམས་དཔའ་གཉིས་དང་བཅས།དེའི་གཡོན་དུ་རྗེ་བླ་མའི་སྐུ་མི་ཚད་ཙམ་དང་འོད་དཔག་མེད།སྨན་བླ་སོགས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་བཟོ་བཀོད་ཕུན་སུམ་ཚོགས་པ་རྣམས་བཞུགས།རྒྱ་མཐོང་གི་དབུས་སུ་སྐྱབས་འགྲོ་ཚོགས་ཞིང་དང་གཡས་སུ་སློབ་དཔོན་པདྨ།དེའི་གཡས་སུ་གསང་འདུས།དེའི་གཡས་སུ་འཇིགས་བྱེད་དང་མགོན་ཆོས་རྣམས།རྒྱ་མཐོང་གི་གཡོན་དུ་ཇོ་འབྲོམ་ཡབ་སྲས་དང་།དེའི་གཡོན་དུ་བདེ་མཆོག དེའི་གཡོན་དུ་རྟ་མགྲིན་བཅས་བཞུགས།འོག་ཞོལ་གྱི་གཡས་གཡོན་དང་ལོགས་རྣམས་སུ་བྱམས་མགོན་གཙོ་བོ་ལ་སེམས་དཔའ་བརྒྱད།སྨན་བླ།མི་འཁྲུགས་པ།སེངྒེའི་ང་རོ།ཚེ་དཔག་མེད།འོད་དཔག་མེད།སྒྲོལ་དཀར།གདུགས་དཀར།ཛཾ་དཀར།ཀུན་རིགསྒྲོལ་ལྗང་གཙོ་བོའི་སྒྲོལ་མ་ཉེར་གཅིགསྒྲོལ་དཀར་གཙོ་བོའི་འཇིགས་པ་བརྒྱད་སྐྱོབ།སེང་གདོང་།དྲག་པོ་སུམ་སྒྲིལ།འཇམ་དབྱངས་ནག་པོ།སྤྱན་རས་གཟིགས་ཕྱག་བཞི་བ།ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་བཅས་ཀྱི་གྱན་ཐང་ཕུན་སུམ་ཚོགས་པ་ལ་རིན་པོ་ཆེ་གསེར་གྱིས་སྤྲས་ཤིང་བྱིན་རླབས་ཀྱི་ཚན་ཁ་བླ་ན་མེད་པ་དག་བཞུགས། ཕྱིའི་ཁྱམས་ཀྱི་ངོས་དང་ལོགས་རྣམས་སུ་སྟོན་པའི་མཛད་པ་བཅུ་གཉིས་དང་ཀུན་ཏུ་བཟང་བོ།གནས་བརྟན་བཅུ་དྲུགརྒྱལ་ཆེན་བཞི།སྲིད་པའི་འཁོར་ལོ།རིག་ལྡན་གྱི་གྱན་ཐང་བཅས་བཞུགས།

གཞན་ཡང་རྒྱ་ནག་ནས་སྐྱ་ཀྱཱ་ཚང་གིས་གདན་དྲངས་པའི་བྱམས་མགོན་གྱི་གསེར་སྐུ་བྱོན་ལེགས་ཅན་ཅིག་དང་།བདེ་མཆོག་གི་གསེར་སྐུ་གཅིགལཱ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གནང་བའི་རྒྱུ་གསེར་ལས་གྲུབ་པའི་ཐུབ་སྐུ་ཁྲི་གང་ཅན་ཞིག་དང་དེ་ལས་ཅུང་ཆུང་བའི་ཐུབ་སྐུ་རྡོར་ལྡན་མ།མཁན་ཆེན་རང་ཉིད་ཀྱིས་ལྷ་ས་ནས་གདན་དྲངས་པའི་ཙོང་ཁ་བརྒྱད་ཅུ།རྗེ་བླ་མ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་བཞེངས་པའི་ཙོང་ཁ་བརྒྱད་ཅུ།སྐུ་འབུམ་ནས་སྤྱན་དྲངས་པའི་ཙོང་ཁ་བརྒྱད་ཅུའི་ཐང་ཀ་རྣམས་དང་།འདུ་ཁང་གི་གྲལ་མཇུག་ཏུ་འདོད་ཁམསདབང་མོའི་ཞལ་ཐང་ངོ་མཚར་ཅན་ཞིག་ལ་བདུད་རྩི་འབབ་པ།མགོན་ཁང་གི་ནང་དུ་བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར་དང་ཞལ་ཐང་།མགོན་ཆོས་ལྔའི་ཞལ་ཐང་བཅས་བཞུགས།

གསུང་རྟེན་གྱི་སྐོར།བཀའ་བསྟན་ཚར་གཉིས་རེ་དང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ།པན་ཆེན་བློ་བཟང་ཆོས་རྒྱན་དང་བློ་བཟང་ཡེ་ཤེས།དཔལ་ལྡན་ཡེ་ཤེས་སོགས་ཀྱི་གསུང་འབུམ།ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པ་དང་འཇིག་མེད་དབང་བོ།གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་འབུམ།རྙིང་མའི་རྒྱུད་འབུམ་སོགས་བགྲང་གིས་མི་ལངས་པ་བཞུགས།འདི་ནི་ལྔ་བརྒྱད་ཡར་སྔོན་དུ་བཞུགས་པའི་སྐོར་མདོ་ཙམ་བཤད་པ་ཡིན་ལ།

༡༩༨༡་ལོར་བསྟན་པ་བསྐྱར་དར་ནས་བཞེངས་པའི་སྐུ་གསུང་ཐུགས་རྟེན་གྱི་རིམ་པ་ནི།ལྷ་ཁང་མཐོང་གྲོལ་བཀྲ་ཤིས་གཟི་འབར་གྱི་ནང་གི་དབུས་སུ་ཕྱག་མཛོད་ཆེན་མོ་ཨ་ཁུ་འཇམ་དབྱངས་རྒྱལ་མཚན་གྱིས་མཐུན་རྐྱེན་སྦྱར་ཏེ་སྟོན་པ་ལོངས་སྐུའི་རྣམ་པ་ཅན་ལ་སེམས་དཔའ་གཉིས་དང་བཅས་པ་ལ་རིན་པོ་ཆེའི་ཕྲ་རྒྱན་དུ་མས་སྤྲས་པའི་སྨན་སྐུ་བྱོན་ལེགས་ཅན།གཡས་སུ་རྗེ་བླ་མ་ཡབ་སྲས་གསུམ་དང་།རྒྱལ་དབང་རྣམ་གཉིས།ཇོ་བོ་དང་མི་ལ་རས་པ།དེའི་གཡས་སུ་འཇིགས་བྱེད་གཙོ་བོ་ལ་མགོན་ཆོས་ལྔ་མགོན་དཀར་དང་བཅས།གཡོན་དུ་སྟོན་པ་ཐུབ་པའི་དབང་བོ་ལ་རིགས་གསུམ་མགོན་པོ་དང་ཚེ་ལྷ་རྣམ་གསུམ།དེའི་གཡོན་དུ་རྡོ་རྗེ་འཆང་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་སྐུ་བརྙན།གཡས་ལོགས་སུ་ཐུགས་རྗེ་ཆེན་པོ་དང་སྒྲོལ་ལྗང་།གཡོན་ལོགས་སུ་བྱམས་པ་དང་འོད་དཔག་མེད་ཀྱི་ཞིང་བཀོད་རྣམས་ལྷའི་བཟོ་བོ་བི་ཤྭ་ཀརྨ་དང་འདྲ་བའི་ཨ་མདོ་བྱམས་པ་མཆོག་གིས་བཞེངས་པ་རྣམས་བཞུགས།གསུང་རྟེན་བཀའ་བསྟན་གཉིས་དང་རྗེ་ཡབ་སྲས་ཀྱི་གསུང་འབུམ།ཀུན་མཁྱེན་འཇམ་པའི་དབྱངས་ཀྱི་གསུང་འབུམ།རྗེ་ཕ་བོང་ཁ་བའི་གསུང་འབུམ།ཁྲི་བྱང་རྡོ་རྗེ་འཆང་གི་གསུང་འབུམ།ཐུའུ་བཀན་གསུང་འབུམ་བཅས་བཞུགས།

འདུ་ཁང་ཆེན་པོའི་དབུས་གྲལ་དུ་འཇམ་དབྱངས་བློ་བརྟན་གྱིས་མ་དངུལ་ཕུལ་ཏེ་རྗེ་བླ་མའི་ཞིངབཀོད་འབག་གཟུགས་ཁྱད་པར་འཕགས་པ།དེའི་གཡས་སུ་ཨ་ཁུ་ཕྱག་འཚལ་བའམ་འདུལ་འཛིན་ཆེན་པོ་འཇམ་དབྱངས་བཟོད་པ་དང་འཇམ་དབྱངས་གཟུངས་མཆོག་གཉིས་ཀྱིས་མཐུན་རྐྱེན་སྦྱར་ཏེ་བྱམས་པ་ཆོས་འཁོར་མ་ཐོག་ཚད་ཅན་ལ་འཁོར་གཉིས་དང་རྒྱལ་དབང་ཡབ་སྲས་གཉིས།དེའིགཡོན་དུ་ཨ་ཁུ་འཇམ་དབྱངས་ཀྱིས་སྤྱིན་བདག་མཛད་དེ་སྨན་བླ་བདེ་གཤེགས་བརྒྱད།གཡོན་དུ་དགེ་དམ་པ་འཇམ་དབྱངས་ཆོས་མཆོག་དང་འཇམ་དབྱངས་སྐལ་ལྡན་གཉིས་ཀྱིས་མཐུན་རྐྱེན་སྦྱར་ཏེ་འཇམ་པའི་དབྱངས་ཐོག་ཚད་ལ་སེམས་དཔའ་གཉིས་དང་བཅས་པ།དེའིགཡོན་སྤྱན་རས་གཟིགས་ཕྱག་བཞི་བ་གཙོ་བའི་མཁན་སློབ་ཆོས་གསུམ།རྒྱ་མཐོང་གི་དབུས་སུ་འཇམ་དབྱངས་དམ་ཆོས་དང་ཕྱག་མཛོད་པ་འཇམ་དབྱངས་རྒྱལ་མཚན་གཉིས་ཀྱིས་སྐུ་ཕྲེང་ལྔ་རིན་པོ་ཆེ་མཆོག་སྐུ་གདུང་མཆོད་རྟེན།གཡས་སུ་འཇམ་དབྱངས་མཐུ་སྟོབས་དང་བསྟན་འཛིན་རྒྱ་མཚོ་དགེ་སློབ་གཉིས་མ་དངུལ་ཕུལ་ཏེ་ཐུབ་དབང་གཙོ་བོ་ལ་གནས་བརྟན་བཅུ་དྲུག་བྲག་རིས་མ།གཡོན་དུ་ཕྲན་ཆུང་རང་གིས་འགྲོ་སོང་བཏང་སྟེ་དཔལ་ལྡན་ཨ་ཏི་ཤ་གཙོ་བོ་ལ་རྒྱན་དྲུག་མཆོག་གཉིས་དང་བཅས་པ། འདུ་ཁང་གི་གཡས་ལོགས་སུ་གསང་འདུས་དང་འཇིགས་བྱེད། ཀུན་རིག སངས་རྒྱས་ཀྱི་མཛད་རྣམ།མགོན་པོ། ཆོས་རྒྱལ། གཡོན་ལོགས་སུ་བདེ་མཆོག་དང་དུས་འཁོར།མངོན་བྱང་། རྗེ་འཁྲུངས་རབས། ལྷ་མོ། ཆོས་སྐྱོང་། ཕྱིའི་ཁྱམས་སུ་རྒྱལ་ཆེན་བཞི་དང་རིག་ལྡན།མི་ལ་རས་པ། སྲིད་པའི་འཁོར་ལོ། ༢༠༡༨་ལོར་རྒྱ་མཐོང་གོང་མའི་ནང་དུ་མཆོག་སྤྲུལ་རིན་པོ་ཆེ་དང་འཇམ་དབྱངས་གཟུངས་མཆོགདེ་མིན་ཐེམ་ཆེན་གྱི་རྟ་མགྲིན་སོགས་ཀྱིས་མཐུན་རྐྱེན་སྦྱར་ཏེ་འཇམ་དབྱངས་བླ་མ་དང་མཁན་ཆེན་སོགས་སྐུ་ཕྲེང་ལྔ།བདེ་གསང་འཇིགས་གསུམ་དང་མགོན་ཆོས་ལྔའི་སྐུ་བརྙན་ཤིང་གིས་བརྐོས་བྱོན་ལེགས་ཤིང་བྱིན་རླབས་ཀྱི་མཚན་ཁ་འབར་བ།༢༠༡༩་ལོར་འཇམ་དབྱངས་དམ་ཆོས་ཀྱིས་འགྲོ་གྲོན་དམངས་སྒོར་ཁྲི་ཕྲག་དྲུག་ཅུ་ལྷག་བཏང་སྟེ་རྗེ་སྟོང་སྐུ་རྒྱུ་ཟངས་ལས་གྲུབ་པའི་བྱོན་ལེགས་ཅན་རྣམས་བསོད་ནམས་ཀྱི་ཞིང་དུ་བཞུགས།

གསུང་འབུམ་གྱི་སྐོར།བཀའ་བསྟན་ཚར་གཉིས་རེ་དང་རྗེ་ཡབ་སྲས་ཀྱི་གསུང་འབུམ།ཉམས་མེད་དྭགས་པོའི་གསུང་འབུམ།ཨ་ཀྱཱ་ཡོངས་འཛིན་གསུང་འབུམ།རྙིང་མའི་རྒྱུད་སོགས་བཞུགས་སོ། །

ཆོས་ཐོག་གི་རིམ་པ་ནི།མཁན་ཆེན་གྱི་རིང་ལ་ཆོ་འཕྲུལ་སྨོན་ལམ་ཚེས་བརྒྱད་ནས་བཅོ་ལྔའི་བར།དགའ་ལྡན་ལྔ་མཆོད་ཆེན་མོ་ཚེས་ཉེར་བཞི་ནས་ཉེར་དགུ་བར།ཡར་ངོ་མར་ངོའི་དུས་འབྲེལ་གྱི་གསོ་སྦྱོང་།ཟླ་འབྲེལ་གྱི་དུས་བཟང་སྟེ་ཚེས་བརྒྱད་ལ་སྨན་བླ།བཅུ་ལ་བླ་མཆོད།བཅོ་ལྔ་ལ་གསང་འདུས།ཉེར་ལྔ་ལ་བདེ་མཆོགཉེར་དགུར་འཇིགས་ཟ་མ་ཏོག་་དང་མགོན་ཆོས་ལྔའི་མཇུག་ཏུ་དྲུག་ཅུ་བ།རྒན་ཀྱཱ་ཚང་གིས་རྩོད་གྲྭ་བཙུགས་ཏེ་དབྱར་དགུན་སྟོན་དཔྱིད་ཀྱི་རྩོད་པ་དང་ཕྱག་བཞེས་དཔལ་ལྡ་འབྲས་སྤུངས་ལྟར་དང་གཞན་ཡང་ལྕགས་མཁར་དང་རྟ་མགྲིན།སྐྱ་ཀྱཱ་ཚང་གི་རིང་ལ་ལྕམ་སྲིང་གི་གཏོར་སྒྲུབ་ གཉིས་པའི་ཚེས་བཞི་ནས་བཅུ་གཅིག་བར།འདུས་པའི་སྒྲུབ་མཆོད་དཔལ་ལྡན་སྨད་རྒྱུད་ཀྱི་ཕྱག་ལེན་བཞིན་གསུམ་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར།རྡོ་རྗེ་འཆང་བཀའ་ཀྱཱ་རྗེས་མ་ཚང་གི་རིང་ལ་ཀུན་རིག་གི་སྒྲུབ་མཆོད་གསེ་ལེགས་དགོན་པ་ལྟར་གཉིས་པའི་ཚེས་ཉེར་བཞི་ནས་གསུམ་པའི་ཚེས་གཅིག་བར། བཞི་བའི་མཆོད་པ་དྷཱི་ཚ་ལྟར་བཞི་བའི་ཚེས་བཅུ་གསུམ་ནས་བཅོ་ལྔའི་བར། སེང་གདོང་གཏོར་སྒྲུབ་དགུ་བའི་ཚེས་བཞི་ནས་ཚེས་དགུའི་བར། མགོན་པོ་གཏོར་སྒྲུབ་བཅུ་གཉིས་པའི་ཚེས་བདུན་ནས་བཅུ་གསུམ་བར།བོད་ལོ་ལྕགས་མཁར་ཚེས་ཉེར་གསུམ་ནས་ཉེར་དགུའི་བར་བཙུགས་པ་རྣམས་ལས་རེ་གཉིས་ཙམ་མ་གཏོགས་ད་ལྟའི་བར་དུ་སྙན་ནས་སྙན་དང་ཕྱག་ནས་ཕྱག་ཏུ་བརྒྱུད་པའི་ལུགས་བཟང་མ་ཉམས་པར་ལག་ལེན་དུ་གནངས་དང་གནང་བཞིན་པ་འདི་ལགས་སོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།