ཆོས་ལུང་སྒྲུབ་ཕུག་མཁའ་སྤྱོད་གྲུབ་པའི་གུར་ཁང་གི་གནས་ཀྱི་མཚམས་སྦྱོར(པར་རིས།)

    སྤེལ་དུས།  2020-05-26 20:28:44         ཀློག་ཐེངས།  

1590497932379023.jpg

༄༅།།སྐུ་ཚེ་འདིར་ཡང་རིགས་པའི་རྩལ་རྫོགས་ཤིང་།།

བཤད་སྒྲུབ་འཁོར་ལོ་གསུམ་གྱི་གཡུ་རལ་གསིག།

ལྷག་བསམ་དག་པའི་མཆེ་སྡེར་ཆེས་རྣོ་བའི།།

ཐུབ་བསྟན་གངས་རི་སྐྱོང་ལ་གསོལ་བ་འདེབས།།

ཞེས་དམ་པ་ཁོང་གི་ཚེ་རབས་རྗེས་འཛིན་གྱི་ཚིགས་སུ་བཅད་པ་འདིས་མདུན་བསུས་ཏེ་གླེང་བར་བྱ་བའི་ཆོས་ལུང་སྒྲུབ་ཕུག་མཁའ་སྤྱོད་གྲུབ་པའི་གུར་ཁང་འདི་ནི་ད་ལྟའི་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ནུབ་བྱང་གི་སྤྱི་ལེ་སུམ་ཅུའི་མཚམས་ཀྱི་བཀྲ་ཤིས་ཆོས་ལུང་གི་མདུན་ངོས་སུ་ཡོད། གནས་འདིའི་ཉེ་སར་འགྲོ་མགོན་ཐར་ཤུལ་རིན་པོ་ཆེ་སྐུ་འཕྲེང་བཞི་བ་༧རྗེ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་འཁྲུངས་སའི་གནས་མཆོག ཆོས་རྗེ་ན་མགོ་དང་། གཡོན་ཕྱོགས་སུ་ལྷ་རི་བཀྲ་ཤིས་འོད་དཀར་ཡོད།

གནས་འདིར་ས་ལ་དགེ་བཅུ་ཚང་བ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་མིག་ལམ་དུ་མངོན་སུམ་དུ་སྣང་ཞིང་། ལྷག་པར་རི་ཁྲོད་འདི་ནི་ཆོས་དུང་དཀར་བོ་གཡས་སུ་འཁྱིལ་བའི་རྟགས་མཚན་གྱི་རི་མོ་མཛེས་པར་བཞད་པའི་སྟེང་ཡོད་ཅིང་། བསིལ་འཇམ་རླུང་བུའི་རྒྱུ་བ་ལྷོད་ཀྱིས་ལྡང་ཞིང་། མེ་ཏོག་སྣ་ཚོགས་ཀྱི་དྲི་བསུང་ཕྱོགས་བཅུར་འཐུལ་བའི་ཉམས་དགའ་བའི་གནས་ཤིག་ཡིན།

རི་ཁྲོད་འདི་ནི་འགྲོ་མགོན་ཀིརྟི་བློ་བཟང་འཕྲིན་ལས་དང་ཤིང་བཟའ་རྡོ་རྗེ་འཆང་གཉིས་ཀྱི་ནང་ཐུགས་སྲས་གཅིག་པུ། ཨ་རིག་དགེ་བཤེས་ཆེན་མོའི་རྣམ་སྤྲུལ་དུ་གྲགས་པའི་མཁས་གྲུབ་ཆེན་པོ།  རྭ་རྒྱའི་དགེ་རྒན་རྡོ་རྗེ་འཆང་ཆེན་མོ་༧རྗེ་བཙུན་བྱམས་པ་བཟང་པོ་མཆོག་གི་ནཱ་རོ་མཁའ་སྤྱོད་མ་ཉམས་སུ་བཞེས་ཏེ་རྟོགས་པ་ཀློང་དུ་བརྡོལ་བའི་གནས་ཡིན་པས་རི་ཁྲོད་གཞན་ལས་ཚན་ཁ་ཆེ་བ་ཞིག་ཡིན།

མཁས་གྲུབ་ཆེན་པོ་འདི་ནི་(༡༨༥༠---༡༩༣༢)མགོ་ལོག་ཏུ་སྐུ་འཁྲུངསརྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས།   བསྡུས་ཚད་སོགས་ལ་སྦྱངས་ཤིང་དབུས་ཕྱོགས་སུ་སློབ་གཉེར་ལ་ཕེབས། སེར་བྱེས་གྲྭ་ཚང་ཞུགས་ནས་གཞུང་པོཏ་ལྔ་ལ་སྦྱང་བཀའ་གདམས་གོང་མའི་རྣམ་ཐར་བསྐྱངས།

སྤྱི་ལོ་༡༨༨༤ལ་ཕྱིར་མདོ་སྨད་དུ་ཕེབས་ནས་དཔལ་ལྡན་བཀྲ་ཤིས་འབྱུང་གནས་སུ་འཆད་ཉན་བསྐྱངས། ཀིརྟི་རིན་པོ་ཆེས་ནཱ་རོ་མཁའ་སྤྱོད་མའི་དབང་གི་སྟ་གོན་གྱི་རྨི་ལམ་བརྟག་པར་གདམས་པའི་རྨི་ལམ་ལ་བུད་མེད་ཅིག་གིས་ལྡེ་མིག་མང་བོ་སྦྱིན་པར་རྨིས་པ་ཁོང་ལ་ཞུས་པར་ཐུགས་དགྱེས་ཏེ་མཁའ་འགྲོས་གསང་རྒྱ་ཁྲོལ་བ་ཡིན་པས་གསེར་ཆོས་ཟབ་མོ་འདི་སྤེལ་ཅི་ཐུབ་བྱོས་གསུང་། དབང་གྲལ་དུ་གཅེན་གཅུང་གཉིས་ཀ་ཤམ་རལ་བའི་བུ་གར་རུས་རྒྱན་ཁྲོ་ལོ་ལོ་བཅས་ཕེབས་པས་ཀིརྟི་རིན་པོ་ཆེས་ང་ཁྲི་ཁར་སྡོད་མི་ཚུགས་འདྲ་བྱུང་གསུང་།

༡༨༨༩རྙེ་བློ་བཟང་ཆོས་ཀྱི་ཉི་མས་ཀླུ་ཚང་དགོན་པའི་དགེ་རྒན་ལ་ཞུས།  ལམ་ཁྲིད་ཚར་དྲུག་ཅུས་མཚོན་པའི་གསུང་ཆོས་མང་བོ་བསྩལ།  ཁོང་དབུས་སུ་བཞུགས་དུས་སེར་བྱེས་གྲྭ་ཚང་གི་བཤེས་གཉེན་ཆེན་མོ་རྒྱལ་མཚན་ཐོགས་མེད་ཀྱིས་རང་ཡུལ་ཕྱོགས་སུ་དགོན་པ་ཞིག་འདེབས་དགོས་པའི་བསྐུལ་མའི་ཚུལ་གྱི་མ་འོངས་ལུང་བསྟན་བཞིན་སྤྱི་ལོ་༡༩༡༩ལ་རྨ་ཆུའི་བྱང་རྒྱུད་དུ་ཆིབས་ཁ་བསྒྱུར་ནས་ཆོས་ལུང་སྒྲུབ་ཕུག་འདིར་ཕེབས། 

ཁོང་གིས་སྒྲུབ་ཕུག་རྟེན་དང་བརྟེན་པའི་ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་མཁའ་སྤྱོད་དག་པའི་ཕོ་བྲང་དཔའ་བོ་དཔའ་མོའི་ཚོགས་ཀྱི་འདུ་གནས། མཁའ་འགྲོ་བྱེ་བའི་བྲོ་ར་སོགས་ལྷུན་གྱིས་གྲུབ་པའི་གནས་ངོ་མཚར་བ་ཞིག་ཏུ་གཟིགས་ནས་ནཱ་རོ་མཁའ་སྤྱོད་མའི་ཉམས་བཞེས་མཛད།

སྐུ་མཚམས་ལ་བཞུགས་པས་ཡི་དམ་རྡོ་རྗེ་རྣམ་འབྱོར་མའི་ཞལ་ཡང་ཡང་གཟིགས་པ་དང་། ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་དམ་པ་ཁོང་གི་སྒྲུབ་གནས་ཆོས་ལུང་སྒྲུབ་ཕུག་མཁའ་སྤྱོད་གྲུབ་པའི་གུར་ཁང་ལ་འཇའ་འོད་ཀྱིས་གུར་ཕུབས་པ། ཉི་མའི་འོད་ཀྱི་སྣང་ལ་དམར་མདངས་ཆགས་པས་ས་གཞི་ཐམས་ཅད་ཀྱི་ཁ་དོག་དམར་བོར་བསྒྱུར་བ་ལ་སོགས་པ་ངོ་མཚར་བའི་རྟགས་མཚན་དུ་མ་ཤར་བ། དེར་གནས་ཀྱི་སྐྱེ་བོ་མཆོག་དམན་བར་མ་མཐའ་དག་གིས་མཐོང་བ་སོགས་ཀྱིས་དད་པའི་སྤུ་ལོང་དབང་མེད་དུ་གཡོ་བར་མཛད།

ཁོང་རིན་པོ་ཆེས་གནས་འདིར་གདུལ་བྱ་འཁོར་གྱི་གཙོ་བོ་རེ་ཟུང་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་བཅས་ཀྱིས་གདུལ་བྱའི་ཡིད་ཀྱི་འཛིན་མ་ཅིར་ཡང་བརླན་པར་བྱས། དེ་དག་གི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་པ་སོགས་རྣམ་པར་དཀར་བའི་ལས་ཀྱི་མཐའ་ལ་གཅིག་ཏུ་གཞོལ་བར་བྱས། 

དེ་ནས་དགོན་ས་རྩད་གཅོད་དང་མཚན་རྟགས་གསོལ་འདེབས་སོགས་ཀྱིས་མཐར་བསང་བས་བསང་ཁར་ཁ་བཏགས་ཕུལ་བ་ཕོ་རོག་ཞིག་གིས་བླངས་ཏེ་ད་ལྟའི་དགོན་པའི་མདུན་གྱི་བྲག་ཐོའི་སྟེང་དུ་བཞག་པས་བྲག་དམར་བཀྲ་ཤིས་ཟེར་བའི་ས་ཆ་འདིར་དགོན་སར་གཟིགས་ཏེ་དགོན་པ་བཏབ་ནས་རྭ་རྒྱའི་ཕྱག་ལེན་ཅི་ལྟ་བ་བཞིན་བཙུགས། སྐལ་ལྡན་གྱི་གདུལ་བྱ་མང་བོ་ལ་དབང་ལུང་མན་ངག་བཤད་ཁྲིད་སོགས་ཀྱིས་སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད།

དེ་བས་གནས་འདི་ནི་བླ་མ་རྡོ་རྗེ་འཆང་དང་ཡི་དམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་འབྲེལ་བ་ཡོད་པ་དག་གི་སྐྱ་སེར་ཕོ་མོ་གང་ཡིན་ཀྱང་གནས་འདི་མཐོང་བ་ཙམ་གྱིས་ཡིད་ཀྱི་དད་པའི་དབང་མེད་དུ་འཕེལ་བར་བྱེད། དེར་མ་ཟད་དུས་ངན་གྱི་གདུག་རྩུབ་ལས་མི་བསྲུན་སྐྱེ་བོ་འགས་གང་སར་གཙེས་ནའང་། མཁའ་སྤྱོད་གྲུབ་པའི་གུར་ཁང་གི་བཀོད་པ་གནོད་རྐྱེན་གྱི་དྲི་མས་ཅུང་ཟད་ཀྱང་མ་བགོས་པར་སྔོན་བཞིན་བྱིན་རླབས་ཀྱི་ཚན་ཁ་དང་བཅས་ཏེ་ཕྱི་རབས་ཀྱི་གདུལ་བྱ་དག་གི་བསོད་ནམས་ཀྱི་ཞིང་དུ་བཞུགས། 

རྭ་རྒྱའི་དགེ་རྒན་སྐུ་འཕྲེང་བར་བ་སྒྲུབ་ཕུག་དེར་བཞུགས་པ་རྣམ་ཐར་དང་ལོ་རྒྱུས་ངག་རྒྱུན་སོགས་ན་གསལ་ཁ་ཅན་རེ་མེད་པས་འབྲིར་མ་སྤོབས་ལ། རྭ་རྒྱའི་དགེ་རྒན་སྐུ་འཕྲེང་གསུམ་པ་རྗེ་བསྟན་འཛིན་ཀུན་ཁྱབ་འཇིགས་མེད་ཡེ་ཤེས་དབང་ཕྱུག་མཆོག་རང་དགོན་གྱི་གྲྭ་རྒན་པ་རེ་ཟུང་དང་མཉམ་དུ་༢༠༠༢ལོའི་ཟླ་༡ཚེས་༢༤ནས་ཟླ་གཅིག་དང་ཉིན་གཅིག་གི་རིང་ལ་བླ་མ་རྒྱལ་ཡུམ་མཁའ་སྤྱོད་དབང་མོའི་བསྙེན་པ་སྦྱིན་སྲེག་ཁ་སྐོང་དང་བཅས་པ་གནང་།

དེ་བས་ཆོས་ལུང་སྒྲུབ་ཕུག་མཁའ་སྤྱོད་གྲུབ་པའི་གུར་ཁང་འདི་ནི་ཞྭ་སེར་བསྟན་པའི་ཅོན་པན་འཆང་བའི་རིང་ལུགས་འཛིན་པ་དག་གི་སྒྲུབ་གནས་ངོ་མཚར་བ་ཞིག་ཏུ་གྱུར་ཅིང་། ད་ལྟ་ཐར་ཤུལ་བཤད་སྒྲུབ་རབ་བརྟན་གླིང་གིས་དོ་དམ་དང་བདག་གཉེར་བྱེད་ཀྱིན་ཡོད།

བཀྲ་ཤིས་རི་མོའི་མཛེས་པ་གཡང་དུ་ཆགས།།

མེ་ཏོག་སྣ་བརྒྱའི་གང་བུ་མཆོད་པར་སྤྲོ།།

མཁའ་འགྲོ་བྱེ་བའི་བྲོ་ར་ལྟ་ན་སྡུག།

དམ་པ་གང་གི་རྣམ་ཐར་བརྗོད་ལས་འདས།།

ངག་རྒྱུན་དྭངས་གསལ་ཆུ་མོའི་རླབས་ཕྲེང་མཛེས།།

དོན་གྱི་བྱུང་བ་ཉ་མོ་གཤོག་དྲུག་རྩེན།།

སྔོན་བྱུང་གཏམ་གྱི་བརྗོད་པ་ཡི་གེའི་ཆབ།།

བདག་མགྲིན་ངག་གི་ཡུར་བ་འདི་ནས་བཞུར།།

ཞེས་མདོ་སྨད་ཀླུ་ཚང་དགོན་གྱི་དོ་དམ་ཁང་གི་འགན་གཙོ་ཟུར་བ་རུ་མང་ཨ་ཁུ་འཇམ་དབྱངས་ཀྱི་བཀའ་ངོ་བཟློག་མ་ནུས་པར་དབུས་གཞུང་ཐར་ཤུལ་དགོན་གྱི་གྲལ་མཐའ་བ་ཤེས་རབ་བསྟན་དར་གྱིས་སྙོམས་ལས་སུ་མ་བཞག་པར་སྐབས་ཐོག་དེར་བྲིས་པ་ལགས།

༢༠༢༠ ལོའི་ཤོལ་ཟླ་༤ ཚེས་ ༡ལ།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།