གནས་མཆོག་ཁ་ཤ་མཐིལ་གྱི་རྟེན་གཙོ་དུས་འཁོར་མཆོད་རྟེན་ མཐོང་གྲོལ་ཆེན་མོའི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-03-14 20:55:43     རྩོམ་པ་པོ།   སྐུ་འབུམ་སངས་རྒྱས་རྒྱ་མཚོ།    ཀློག་ཐེངས།  

གནས་མཆོག་ཁ་ཤ་མཐིལ་གྱི་རྟེན་གཙོ་དུས་འཁོར་མཆོད་རྟེན་མཐོང་གྲོལ་ཆེན་མོའི་ལོ་རྒྱུས་མདོར་བསྡུས།


སྐུ་འབུམ་སངས་རྒྱས་རྒྱ་མཚོ།

kkjj.jpg

དང་བོ། རྒྱལ་བ་ཡང་དགོན་པས་དགོན་པ་བཏབ་པ་དང་རྗེ་གསེར་ཁང་བའི་ཐུགས་བཀོད་ལྟར་དུས་འཁོར་མཆོད་རྟེན་བཞེངས་ཚུལ། 

གཉིས་པ།  རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོས་རབ་གནས་མཛད་ཅིང་དམར་གསུར་གྱི་སྲོལ་ངན་གཅོད་དགོས་པར་གདམས་པ།

གསུམ་པ།  དུས་འཁོར་མཆོད་རྟེན་གྱི་ནང་རྟེན་དུ་བཞུགས་པའི་རྟེན་གསུམ་སྣ་ཚོགས། 

བཞི་བ།  རབ་རྒྱལ་ས་ཁྱི་སྤྱི་ལོ་ ༡༩༥༨ ལོའི་ཁ་ཤ་མཐིལ་གྱི་ཆག་འཇིག 

དང་བོ།   རྒྱལ་བ་ཡང་དགོན་པས་དགོན་པ་བཏབ་པ་དང་རྗེ་གསེར་ཁང་བའི་ཐུགས་བཀོད་ལྟར་དུས་འཁོར་མཆོད་རྟེན་བཞེངས་ཚུལ། 

བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་ལས།   ཁྲི་ཀའི་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་བཤད་པའི་ཐད་དུ།  ལུང་བའི་ཕུར་རྒྱལ་བ་ཡང་དགོན་པའི་སྒྲུབ་གནས་སྔོན་མོ་རྫོང་ཡོད།  འདི་བ་ཡང་ཏིག་ཕྱོགས་ནས་འཁྲུངས།  ཏན་ཏིག་མཐིལ།  ཡང་ཏ་མཐིལ།  ཁ་ཤ་མཐིལ་ཏེ་མཐིལ་གསུམ་དུ་གྲགས་པའི་དགོན་པ་བཏབ།  ཅེས་གསུངས་པ་དང་།  རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་ལས།  གོང་སྐྱ་ཡང་དགོན་ཐུབ་བསྟན་དར་རྒྱས་གླིང་གི་ཉེ་འཁོར་དབྱར་ས་ཞེས་པའི་གྲོང་དང་ཉེ་བའི་ལམ་འོག་ཏུ་མཆོད་རྟེན་ཞིག་ཡོད་པ་རྒྱལ་བ་ཡང་དགོན་པའི་མཆོད་རྟེན་ཡིན་པར་གྲགས།  སྔོན་དུས་གོང་སྐྱ་ཡང་དགོན་ནང་སོ་ཞེས་པའི་དཔོན་པོ་གསེར་ཐམ་འཛིན་པ་ཞིག་ཡོད།  དེའི་ཆོས་སྐྱོང་དམ་ཅན་ཡིན་ཞིང་།  ཕྱིས་མི་རྒྱུད་ཆད་འདུག  ཅེས་སོགས་གསུངས་པ་ལྟར།  རྒྱལ་བ་ཡང་དགོན་པ་སོགས་དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས་མཆོག་ཁ་ཤ་མཐིལ་གྱི་དུས་འཁོར་མཆོད་རྟེན་ནི།  ཙོང་ཁའི་སྐྱེས་རི་དང་མགོན་པོ་བྲག་ནག་གི་ཉིན་ངོས་ཉེ་འདབས་སུ་སའི་དཔྱད་པ་ཕུན་སུམ་ཚོགས་ཤིང་སྟོད་དུ་རི་ཆུ་ནགས་གསུམ་དང་སྨད་དུ་འབྲུ་དྲུག་སྙེ་མ་སོགས་ཀྱིས་ཡོངས་སུ་བརྒྱན་པའི་ཡུལ་ལུང་ཉམས་དགའ་བ་དེར་ལྷུན་ཆགས་པར་གནས་ཡོད།  རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་དགུང་ལོ་རེ་གསུམ་བཞེས་པ་རབ་ཡིད་ཆུ་སྟག་སྤྱི་ལོ་ ༡༨༤༢ ལོར་གཤོང་ཤན་ལྷ་ཆེན་དུ་བཞུགས་པའི་སྐབས་ཤིག་མཚན་ལམ་དུ་ཁ་ཤ་མཐིལ་གྱི་གནས་བདག་འོངས་ནས།  གནས་འདི་ལ་ཁྱོད་ཀྱིས་བདག་པོ་བྱེད་དགོས་ཟེར་བ་རྨིས་ཤིང་།  གནས་འདི་རྒྱལ་བ་ཡང་དགོན་པའི་བཞུགས་གནས་ཡིན།  འདིར་མཆོད་རྟེན་ཞིག་བཞེངས་རྒྱུ་ཡིན་པས།  དེའི་རྒྱུ་མཚན་ཁྱོད་ཀྱིས་གཤོང་ཤན་སྡེ་བའི་རྒན་པོ་སོགས་ལ་བཤད་དགོས་ཞེས་གསུངས་པ་ལྟར་བཤད་པས།  དེ་རྣམས་ཀྱིས་དང་དུ་བླངས།  ལོ་དེའི་ཧོར་ཟླ་བཞི་བའི་ཡར་ཚེས་ནས་ལས་མགོ་བརྩམས་ཤིང་།  ལོ་དེར་རྨང་བཏིངས་ནས་གྱང་བརྡུང་བ་སོགས་ས་ལས་བྱས།  ཕྱོགས་ནས་ཤིང་ཆ་མང་བོ་བསྒྲིགས།  དེ་ནས་ཆུ་སྟོད་ཟླ་བའི་ཡར་ཚེས་ལ།  ཁ་ཤ་མཐིལ་གྱི་གནས་དེར་རྗེ་གསེར་ཁང་རིན་པོ་ཆེས་ཞབས་སེན་བཀོད་དེ་གནས་བྱིན་གྱིས་བརླབས།  བསངས་དང་དཀར་གཏོར་གཏོང་བ་གནང་།  མཆོད་རྟེན་གྱི་ཚད་སོགས་ཞལ་བཀོད་ཞིབ་པར་སྩལ།  ཕྱག་རྫས་གང་ཡོད་ཐམས་ཅད་མཆོད་རྟེན་གྱི་ཐེབས་སུ་གནང་།  ཁ་ཤ་མཐིལ་གྱི་མཆོད་རྟེན་གྱི་བུམ་པའི་ནང་དུ་བཞུགས་བགྱིའི་དུས་འཁོར་གྱི་སྐུ་འདྲ་བཞེངས་པར་ཞལ་བཀོད་གནང་།  གཟུངས་གཞུག་སོགས་ཕུན་སུམ་ཚོགས་པར་མཛད།  སྐུ་འདྲ་དེ་དག་སྒྲུབ་པའི་སྐབས་རྣམས་སུ་སྨོན་ལམ་འདེབས་ཚུལ་སོགས་གསུངས།  རྗེ་ཉིད་ཀྱིས་ཀྱང་ཁ་ཤ་མཐིལ་གྱི་མཆོད་རྟེན་གྱི་ས་སྟེགས་ལ་ས་སླེས་པོ་འགའ་ཁུར།  རི་ཁྲོད་པ་རྒན་གཞོན་མང་བོ་དང་།  ལྷ་བཟོ།  ཤིང་བཟོ།  མགར་བ་སོགས་ལ་ཞལ་བཀོད་ཞིབ་པར་གནང་ནས།  དངོས་འབྱོར་གང་དགོས་གྱ་ནོམ་པ་སྩལ་ཏེ།  བསྟན་འགྲོའི་དོན་ལ་དམིགས་པའི་ལྷག་བསམ་རྣམ་དག་དགོས་ཚུལ་སོགས་ཞལ་བཀོད་ཞིབ་པར་གནང་།  ལས་བཟོ་བ་རྣམས་ཀྱིས་ཀྱང་ཐེག་པ་ཁུར་བླངས་བགྱིས་ཏེ།  བླ་མ་ལ་དད་གུས་རྩེ་གཅིག་པའི་སྒོ་ནས།   འབུམ་ཁང་མང་བོ་དང་།  སེང་ཁྲིའི་ཕྱོགས་བཞིར་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་མང་བོ་བཞུགས་པའི་ལྷ་ཁང་ཕུན་སུམ་ཚོགས་པ་རྣམས་དང་།  བུམ་པའི་ནང་དུ་རྟེན་གཙོར་དཔལ་དུས་ཀྱི་འཁོར་ལོའི་སྐུ་བྱིན་རྟེན་མང་བོ་དང་བཅས་པ།  ལོགས་བྲིས་རྣམས་ལ་རྒྱལ་བ་ཙོང་ཁ་བའི་སྐུ་བརྙན་དང་།  རྒྱན་དྲུག་མཆོག་གཉིས།  བདེ་གསང་འཇིགས་གསུམ་སོགས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་མང་བོ་དང་།  བུམ་པའི་ནང་གི་སྟེང་ངོས་ཐམས་ཅད་ཁེབས་པའི་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རས་བྲིས་ཀྱི་དཀྱིལ་འཁོར་ཕྱག་ལེན་ཕྲ་ཞིབ་ཉམས་པ་མེད་པའི་ངོས་དག  ཆོས་འཁོར་ལཉྫ་འབུར་དོད་དུ་ཡོད་པའི་གསེར་ཟངས་ཀྱིས་བཏུམས་ཤིང་།  ས་ར་ཚགས་ཉི་ཟླ་དང་བཅས་པ་གསེར་ཟངས་ལས་གྲུབ་པ། བྱིན་རྟེན་མང་བོས་བྱུར་བུར་གཏམས་པའི་ངོ་མཚར་རྨད་དུ་བྱུང་བའི་མཆོད་རྟེན་ཆེན་པོ་ལྷར་བཅས་སྐྱེ་རྒུ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་ས་དམ་པར་བསྐྲུན་པར་མཛད་དོ། །   རྗེ་གསེར་ཁང་རིན་པོ་ཆེ་དགུང་ལོ་རེ་བཞི་བ་ཆུ་ཡོས་སྤྱི་ལོ་ ༡༨༤༣ ལོའི་ལོ་གསར་ཚེས་ནས་བཟུང་སྟེ།  ལྷ་བཟོ།  འབག་བཟོ།  ཤིང་བཟོ།  གསེར་མགར།  གྱོ་བཟོ།  རྩིག་མཁན་སོགས་ཀྱིས་རང་རང་གི་ལས་ཀའི་འགན་ཁུར་ཞིང་།  རི་ཁྲོད་པ་བརྒྱ་ཕྲག་ཙམ་དང་ཕྱོགས་འདུས་ཀྱི་དད་ལྡན་དུ་མས་སྐུ་འདྲ་དང་སྰ་ཙྪ་དཔར།  གཤོང་ཤན་ཚོ་བ་ལྔ་སོགས་རོང་བོའི་ཉིན་ཐུབ་རྣམས་ནས་ཤིང་ཆ་ལེན་པ།  ས་ལས་བྱེད་པ།  རྡོ་ཐལ་དང་གྱོ་མོག་བསྲེགས་པའི་ཤིང་འཐུ་བ་སོགས་གྲོགས་ལྡན་ཡང་ཡང་བགྱིས།  བྱ་ཁྱུང་དགོན་གྱི་གྲྭ་མང་ནས་ཀྱང་།  ས་ལས་དང་གྱོ་མོག་ལེན་པ་སོགས་སྒོ་སྣ་ཚོགས་ནས་ཕན་པ་མང་བོ་བགྱིས།  ལས་མཇུག་མ་རྫོགས་ཙམ་གྱི་སྐབས་ཤིག་ལ་འབབ་ཞོད་ཆེ་བ་དང་།  བུམ་པ་ཧ་ཅང་ལྟོ་ལྡིར་བ་སོགས་ཀྱིས་རྐྱེན་བྱས།  བུམ་པའི་ཕྱོགས་གཅིག་ཞིག་སོང་ཚེ་བྱ་ཁྱུང་གི་བླ་མ་ལས་སྣེ་སོགས་དད་ལྡན་རྣམས་དང་།  གཅན་རོང་གི་དཔོན་པོ་ལེན་འཛུང་སོགས་བསམ་ཤེས་རྣམས་ཀྱིས་མགོ་བཟུང་སྟེ།  དོང་ཙེ་ཁྲོན་པ་ལྔ་བརྒྱ་དང་བཞི་བཅུ་རྩ་དྲུག་ལྷག་ཙམ་བསྡུས་ཏེ།  ཉིན་ཐུབ་ཀྱི་སྡེ་བ་སོ་སོ་ནས་སླར་ཡང་ལས་ཀ་བྱས་ཏེ་བུམ་གདན་ཡན་ཆད་གཞི་ནས་སློང་བའི་གྲོགས་ཏན་བྱས།  དེའི་སྐབས་རི་ཁྲོད་པ་འགའ་ཞིག་ལ་ཞལ་བཀོད་གནང་སྟེ་ཡ་མ་ར་ཛའི་སྔགས་སྒྲུབ་སྦྱིན་སྲེག་བཅས་གནད་དུ་འགྲོ་བ་བགྱིས་པས་དེ་ནས་བཟུང་སྟེ་འགའ་རྐྱེན་བར་ཆད་གང་ཡང་མ་བྱུང་ངོ་། །  རྟེན་མཆོག་འདི་ཉིད་བཞེངས་སྐབས་སྦྱིན་བདག་སོ་སོས་གསེར་དངུལ་ཟངས་ལྕགས་དང་།  དོང་ཙེ།  གོས་ཆེན།  ཧ་སག  རས་ཕྲུག  དར་ཟམ་སོགས་ཕོན་ཆེན་ཕུལ་བ་རྣམས་བསོད་ནམས་ཟད་མི་ཤེས་པའི་གཏེར་དུ་བསྒྲུབས་པ་དང་།  ལས་དཔོན་དང་།  ལས་མི།  ལས་གྲྭར་ཞུགས་པའི་སྐྱེ་བོ་དད་ལྡན་བགྲང་ལས་འདས་པ་ལ་རང་གི་ལས་ཁུར་མཐར་ཕྱིན་ཀྱི་བར་ཇ་མར་ཕྱེ་རྩམ་སོགས་ཡིད་དང་མཐུན་པའི་འཚོ་ཆས་སྦྱར།  མགོ་མཇུག་བར་གསུམ་གྱི་དགའ་སྟོན་འབུལ་བ་སོགས་ཀྱང་གཞན་གྱིས་བློར་མི་ཤོང་བའི་ཚོད་ཙམ་བགྱིས། ཤིང་སྤྲུལ་ལོར་རྗེ་གསེར་ཁང་རིན་པོ་ཆེ་ཁ་ཤ་མཐིལ་དུ་ཕེབས་ཏེ་སླར་ཡང་ཞིག་གསོ་དགོས་པའི་ཞལ་བཀོད་གནང་བ་ལྟར།  ཡུལ་མི་མཐའ་དག་གིས་དད་གུས་ཆེན་པོས་དང་དུ་བླངས།  ལོ་དེ་དག་གི་རིང་ལ་དགུན་ཟླ་གསུམ་མ་གཏོགས་བར་མཚམས་མེད་པར་ལས་ཀ་བྱས་ནས་རབ་ཡིད་ཤིང་སྤྲུལ་ལོའི་ཧོར་ཟླ་བརྒྱད་པའི་ཡར་ཚེས་གཟའ་སྐར་བཟང་བོར་རྗེ་ཉིད་ཀྱི་ཐུགས་སྨོན་བཞིན་དུ་ལེགས་གྲུབ་བྱུང་བ་དང་།  ལོ་དེར་རྗེ་ཉིད་གཙན་ཚ་སྲིབ་ལྟའི་དོ་ཀྱ་གསེར་སླས་དབེན་པའི་དགའ་ཚལ་དུ་བཞུགས་སྐབས་ཁ་ཤ་མཐིལ་གྱི་མཆོད་རྟེན་རབ་གནས་ཀྱི་ཕྱིར་དུ་སྤྱན་དྲངས་པ་ལྟར་ཕེབས།  རྒྱལ་ཕུར་འཛོམས་པའི་འགྲུབ་སྤྱོར་གྱི་ཉིན་ནས་མགོ་བརྩམས་ཏེ།   ཉིན་གསུམ་གྱི་རིང་ལ་སྔ་དྲོ་རབ་གནས་བསྡུས་པ་ཚར་རེ་དང་། ཕྱི་དྲོ་ཆོས་སྐྱོང་རྣམས་ཀྱི་བསྐང་བཤགས་དང་འཕྲིན་བཅོལ་རྒྱས་པར་གནང་།  མཇུག་གི་ཉིན་བྲག་བྱ་ཁྱུང་དང་།   རོང་བོ་ཉིན་ཐུབ་བཅུའི་སེར་སྐྱ་དེར་འཁོད་མཐའ་དག་ལ་དགའ་སྟོན་རྒྱས་པར་བྱས།   ཁོང་གི་གསུང་ལས།  མཆོད་རྟེན་འདི་ལ་འཇིམ་པ་སྦར་གང་ཡན་ཆད་ཀྱི་འབྲེལ་ཐོགས་པ་ཐམས་ཅད་མ་འོངས་པ་ན་བྱང་ཤམ་བྷ་ལར་སྐྱེ་ཐག་ཆོད་ཡིན་ཞེས་གསུངས་ནས།  དེར་འཁོད་མཐའ་དག་ལ་དགའ་སྤྲོ་བསྐྱེད་དེ་ཕན་བདེའི་ལམ་བཟང་ལ་བཀོད་དོ། །  ༼རྗེ་གསེར་ཁང་བའི་རྣམ་ཐར་ལས།  ཆུ་ཡོས་ལོའི་སྟོན་ཁར་ཁ་ཤ་མཐིལ་གྱི་མཆོད་རྟེན་གྲུབ་པར་གསུང་བ་ནི་མཆོད་རྟེན་གྱི་རྨང་བཏིངས་ནས་བུམ་པ་བར་དུ་གྲུབ་ཡོད་པ་སྐབས་དེར་འབབ་ཞོད་ཆེ་བས་བུམ་པ་འཐོར་ཞིག་ཏུ་སོང་བ་སླར་ཡང་བུམ་གདན་ཡན་ཆད་གཞི་ནས་རྩིག་སྐབས་ལས་མི་ཡོངས་ལ་བདག་རྐྱེན་དང་དགའ་སྟོན་བྱས་པ་དེར་དགོངས་པ་ཨེ་ཡིན་ནམ་སྙམ་པ་དང་།  ཁོང་གི་རྣམ་ཐར་དང་ཁ་ཤ་མཐིལ་གྱི་མཆོད་རྟེན་དཀར་ཆག་གཉིས་ཀའི་ཚིག་རིས་དང་བརྗོད་བྱ་ལ་བརྟགས་ན་དེ་ལྟར་ཡིན་སྙམ་པ་ནི་ཕྲན་གྱི་དྲན་ཚུལ་ལོ། ། ༽

གཉིས་པ།  རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོས་རབ་གནས་མཛད་ཅིང་དམར་གསུར་གྱི་སྲོལ་ངན་གཅོད་དགོས་པར་གདམས་པ།

རབ་ཚེས་མེ་བྱ་སྤྱི་ལོ་ ༡༨༩༧ ལོའི་སྐབས་སྔ་ཕྱི་ལ་བྱ་ཁྱུང་སྐུ་གཞོགས་བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུས་བཀོད་ཁྱབ་མཛད་དེ་རོང་བོ་ཉིན་ཐུབ་བཅུས་ཁ་ཤ་མཐིལ་གྱི་དུས་འཁོར་མཆོད་རྟེན་ཞིག་གསོས་མཛད་པ་གྲུབ་འཕྲལ།  སྐུ་གཞོགས་བདེ་ཡངས་རིན་པོ་ཆེ་དང་།  རོང་བོ་ནང་སོ་སོགས་དཔོན་ཆེ་ཆུང་ཐུན་མོང་ནས་རྗེ་ཞྭ་དམར་རིན་པོ་ཆེ་དགེའདུན་བསྟན་འཛིན་རྒྱ་མཚོ་མཆོད་རྟེན་གྱི་རབ་གནས་ལ་གདན་འདྲེན་ནན་ཆེ་བར་བརྟེན་བརྒྱད་པའི་ཚེས་ལྔ་ལ་སྐུ་མཚམས་གྲོལ་ཏེ།   ཚེས་དགུ་ལ་ཁ་ཤ་མཐིལ་དུ་ཆིབས་བསྒྱུར་མཛད་ཅིང་། རྗེ་ཉིད་ཀྱིས་གཙོས་དཔོན་སློབ་བཅུ་གསུམ་གྱིས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒོ་ནས་རབ་གནས་ཆོ་ག་བཀྲ་ཤིས་སྙེ་མ་རྒྱས་པའི་སྦྱིན་སྲེག་བཅས་གནང་ཞིང་།  ཆོས་སྐྱོང་བསྒོ་བའི་མཇུག་ཏུ་བཀྲ་ཤིས་གཡང་ཆགས་མ་གསུངས་ཤིང་ལྷ་གཉན་ཆེན་པོར་འཕྲིན་བཅོལ་དང་།  ནང་སོ་བླ་མ་བཀྲ་ཤིས་སོགས་ལ་ཡོན་བདག་བསྒོ་བ་གནང་།   དངོས་འབུལ་སྤུས་གཙང་བཅས་མཚམས་རིང་བཀའ་བཅུ་བློ་བཟང་ནོར་བུ་ནས་མཎྟལ་བཤད་པ་ཞུས་པའི་ཕྱིར་ཕེབས་སུ།  རབ་གནས་ཀྱི་བཤད་པ་གནད་དྲིལ་བསླབ་སྟོན་བཅས་དང་།  ཁྱད་པར་དེང་སང་སྙིགས་མའི་དབང་གིས་ར་ལུག་སོགས་གསོན་པོར་མེར་བསྲེག་པའི་སྲོལ་ངན་འདི་ཚོར་ཡང་འདུག་ཟེར་བས།  དེ་ནི་རང་ཉིད་ཕྱི་མར་དམྱལ་བའི་མེར་བསྲེག་པའི་རྒྱུ་ཕུལ་དུ་ཕྱིན་པ་ཕྱི་རོལ་པའི་ལུགས་གཏན་ནས་མི་རུང་བ་ཞིག་ཡིན་པས།  ནང་སོ་ཆེན་པོས་ལྟ་རྟོག་གང་དྲག་སྒོ་ནས་གཏན་ཆོད་ཅིག་བྱུང་ན་ཁྱེད་རང་གི་ཚེ་སྒྲུབ་དང་རིམ་གྲོ་ཡང་དེ་ལས་ལྷག་མེད་ཚུལ་སོགས་ཀྱི་བཀའ་ནན་སྩལ།  རབ་རྒྱལ་ས་ཡོས་སྤྱི་ལོ ་༡༩༣༩ ལོར་ལྡེ་ཚའི་ནང་སོ་རྒན་པ་ཚང་གིས་ཁ་ཤ་མཐིལ་གྱི་མཆོད་རྟེན་བསྐྱར་བཞེངས་གནང་བ་སོགས་ནང་སོ་རིམ་བྱོན་དང་ཉེ་འཁོར་གྱི་གྲོང་སྡེ་སོ་སོས་ཡུལ་དུས་དང་བསྟུན་པས་ཞིག་གསོ་དང་ཞལ་འདེབས་ལན་མང་ཕུལ། 

གསུམ་པ།  དུས་འཁོར་མཆོད་རྟེན་གྱི་ནང་རྟེན་དུ་བཞུགས་པའི་རྟེན་གསུམ་སྣ་ཚོགས། 

དུས་འཁོར་མཆོད་རྟེན་ཆེན་མོའི་སྲོག་ཤིང་གི་ནང་རྟེན་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་འཁྲུལ་མེད་བཅུ་གསུམ།  ༼འདི་ཤེལ་བུམ་མཛུབ་ཆུང་འདྲ་བ་ཞིག་གི་ནང་དུ་བླུགས་ཡོད་པར་བཤད།༽  སྲོག་ཤིང་གི་ངོས་རྣམས་སུ་གསེར་གྱིས་བྲིས་པའི་གཙུག་ཏོར་སྡེ་བཞིའི་གཟུངས་སྔགས་ཚར་མང་བོ།  ཆོས་འཁོར་ནང་དུ་རྗེ་བཙུན་སྒྲོལ་མའི་སྐུ་འབུམ་ཐེར་གཅིག  གསེར་གྱིས་བྲིས་པའི་འཕགས་པ་བརྒྱད་སྟོང་བ།  གསེར་འོད་དམ་པའི་མདོ་སྡེ་སོགས་བཞུགས།  ཤོད་ཀྱི་མདུན་ངོས་ཀྱི་ལྷ་ཁང་དུ་བཞུགས་པའི་སྨན་སྐུའི་གཙོ་བོ་རྡོར་དབྱིངས།  རྣམ་སྣང་མངོན་བྱང་།  ཆོས་དབྱིངས་གསུང་གི་དབང་ཕྱུག་རྣམས་མི་ཚད་ལས་ལྷག་པ། དེ་རྣམས་ཀྱི་འཁོར་དུའང་སྐུ་བརྙན་མང་དུ་བཞུགས།  ལྷ་ཁང་དེའི་ལྡེབས་བྲིས་ལ།  ཟབ་མོ་ལྟ་བརྒྱུད།  རྒྱ་ཆེན་སྤྱོད་བརྒྱུད།  ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་རྣམས་དང་།  མཛད་པ་བཅུ་གཉིས།  མགོན་ཆོས་ལྷ་གསུམ་བཅས་ཀྱི་སྐུ་བརྙན་རྣམས་བཞུགས།  གདུང་མའི་ངོས་སུ་ལཉྫའི་ཡི་གེར་བྲིས་པའི་གཟུངས་སྔགས་མང་བོ་བཞུགས།  གཡས་ཕྱོགས་ཀྱི་ལྷ་ཁང་དུ་བཞུགས་པའི་སྨན་སྐུའི་གཙོ་བོ་ཐུབ་དབང་དམ་ཚིག་གསུམ་བཀོད་སྔ་མའི་གཙོ་སྐུ་དང་ཚད་མཉམ་པ།  དེའི་གཡས་གཡོན་རྣམས་སུ་གཙུག་ཏོར་རྣམ་རྒྱལ་སོགས་སྐུ་བརྙན་མང་དུ་བཞུགས།  སྟེང་གི་བང་རིམ་གྱི་ལྷ་ཁང་ཆུང་ངུ་རྣམས་སུ་བཞུགས་པའི་སྨན་སྐུ་ལ།  རྗེ་ཙོང་ཁ་པ།  སྨན་བླ་བདེ་གཤེགས་མཆེད་བརྒྱད།  ལྟུང་བཤགས་ཀྱི་ལྷ་སོ་ལྔ་སོགས་བཞུགས།  བུམ་པའི་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་སྨན་སྐུ་རྗེ་གསེར་ཁང་བའི་ཞལ་བཀོད་མ་དང་ལྡེབས་བྲིས་ལ་རྒྱལ་བ་རྡོ་རྗེ་འཆང་དང་།  བདེ་གསང་འཇིགས་གསུམ།  དགྱེས་རྡོར།  རྒྱན་དྲུག་མཆོག་གཉིས།  རྗེ་ཙོང་ཁ་པ་སོགས་བླ་བརྒྱུད་རྣམས་རགས་བསྡུས།  གུར་གྱི་མགོན་པོ་དང་།  ཆོས་རྒྱལ་ཕྱི་ནང་གསང་གསུམ་སོགས་བཞུགས་པའི་སྟེང་དུ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བླ་བྲེས་ཀྱི་ཚུལ་དུ་བཀྲམ་པ་བཞུགས།  མཆོད་རྟེན་ལས་ལོགས་སུ་བཞུགས་པའི་ལྷ་ཁང་ནང་དུ་སྨན་སྐུའི་གཙོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་།  རྡོ་རྗེ་རྣམ་པར་འཇོམས་པ་གཉིས་སྔར་གྱི་གཙོ་བོ་རྣམས་དང་ཚད་མཉམ་པ།  ཐུགས་རྗེ་ཆེན་པོའི་གཡས་གཡོན་དུའང་སྐུ་བརྙན་མང་བོ་བཞུགས།  ཆོས་འཁོར་རིམ་པ་བཅུ་གསུམ་ཟངས་སེར་གྱིས་བཏུམས་པ་ལ་སྟེང་ནས་རིམ་པ་བཞིན་བླ་མ་རྣམས་ཀྱི་མཚན་སྔགས་དང་།  རྒྱུད་སྡེ་བཞིའི་ལྷ་རྣམས་ཀྱི་རིགས་སོ་སོའི་གཟུངས་སྔགས་རྣམས་ལཉྫ་ནའི་ཡི་གེ་འབུར་དུ་དོད་པ་བཞུགས།  ཟ་ར་ཚགས་དང་།  ཉི་ཟླ་ནོར་བུ་རྣམས་གསེར་ཟངས་ལས་བསྐྲུན་ཏོ། །  ཤོད་ཀྱི་ལྷ་ཁང་དག་གི་བར་མཚམས་སུ་འབུམ་ཁང་ཆེ་བ་བཞི་དང་།  ཆུང་བ་དགུ་བཞུགས་པའི་ནང་དུ་སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་བརྙན་མང་དུ་བཞུགས།  ཡང་འབུམ་ཁང་ཆེ་བ་གསུམ་གྱི་རེ་རེའི་ནང་དུ་འབུམ་ཁང་བཅོ་བརྒྱད་རེ།  ཆུང་བ་དགུ་རེ་རེའི་ནང་དུ་འབུམ་ཐེར་ལྔ་རེ།  ཆེ་བ་གཅིག་གི་ནང་དུ་སྰཙྪ་འབུམ་ཐེར་བཅུ་བཅས་བསྡོམས་པའི་བྱེ་ཆེན་གཅིག་དང་འབུམ་ཐེར་དགུ་བཞུགས་སོ། །  མཁས་བཙུན་བཟང་གསུམ་གྱི་ཚེ་བློས་བཏང་གི་བྱ་བྲལ་བ་དུ་མས་གཙོས་ཕྱོགས་འདུས་ཀྱི་དད་ལྡན་བགྲང་ལས་འདས་པའི་དད་པས་ཀུན་ནས་བསླངས་ཏེ་ཟླ་བ་མང་བོའི་རིང་ལ་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་ནས་ལེགས་པར་བསྐྲུན་པས་ངོ་མཚར་བའི་གནས་སོ། །  འབུམ་ཁང་ཆེ་ཆུང་ཐམས་ཅད་ཀྱི་ནང་དུའང་སྲོག་ཤིང་དང་།  ཚོགས་བདག  གནོད་སྦྱིན་འཁོར་ལོ།  གཏེར་བུམ་བཅས་ཚད་དང་ལྡན་པར་བཞུགས་སོ། ། 

བཞི་བ།  རབ་རྒྱལ་ས་ཁྱི་སྤྱི་ལོ་ ༡༩༥༨ ལོའི་ཁ་ཤ་མཐིལ་གྱི་ཆག་འཇིག 

རབ་རྒྱལ་ས་ཁྱི་སྤྱི་ལོ་ ༡༩༥༨ ལོའི་ཡར་སྔོན་དུ་སྔོན་རྗེ་གསེར་ཁང་བའི་ཐུགས་བཀོད་ལྟར་ཁང་བརྩེགས་ཀྱི་རྣམ་པར་བཞེངས་པའི་དུས་འཁོར་མཆོད་རྟེན་ཆེ་ལེགས་དང་།  དེའི་ཕྱོགས་བཞིར་ལྷ་ཁང་མི་འདྲ་བ་རེ་དང་།  འབུམ་ཁང་མང་བོ་བཞེངས་ཡོད།  ཡུལ་ལྷའི་ཕོ་བྲང་གི་ལྷ་ཁང་གྱན་གསུམ།  མགོན་ཁང་གྱན་གསུམ།  འགྲུལ་ཁང་བདེ་ཁང་གྱན་ལྔ།  ཇ་ཁང་བཅས་ཡོད།  ང་བརྒྱད་ལོར་ལྡེ་ཚ་མར་ཁ་དགོན་པའི་ཨ་ཁུ་མ་ཅིག་སྐྱབས་ཞེས་པ་ཁ་ཤ་མཐིལ་གྱི་དཀོན་གཉེར་དང་།  ཇོ་ཤར་རམ་སྐྱོ་ཤར་གྲོང་སྡེའི་ཨོ་རྒྱན་རྣ་ཡོན་ཁ་ཤ་མཐིལ་གྱི་ར་རྫི་ཡིན་ཟེར།  སྔོན་ཆད་ལྡེ་ཚ་ནང་སོ་དང་བྱ་ཁྱུང་དགོན་གཉིས་ཀས་བདག་སྐྱོང་དང་ཁ་འཛིན་མཛད།  བསྟན་པ་ཡང་དར་སྐབས་ནས་བཟུང་བྱ་ཁྱུང་དགོན་པས་ཁ་འཛིན་དང་བདག་སྐྱོང་བྱེད་བཞིན་ཡོད།  སྤྱི་ལོ་ ༡༩༥༨ ལོར་རྫོང་གིས་ཡུལ་ཚོར་བཀའ་ཕབ།  ཡུལ་ཚོའི་མགོ་ཁྲིད་པས་གྲོང་སྡེ་སོ་སོའི་སྡེ་དཔོན་ལ་བཀའ་ཕབ་པ་དང་།  སྡེ་དཔོན་གྱི་སྣེ་ཁྲིད་པའི་མང་ཚོགས་ཀྱིས་དཀའ་ལས་དཀའ་ཚེགས་ཆེན་པོ་མྱོང་མི་དགོས་པར་ཁ་ཤ་མཐིལ་གྱི་དུས་འཁོར་མཆོད་རྟེན་དང་།  མགོན་ཁང་།  ཡུལ་ལྷའི་ཕོ་བྲང་སོགས་གཏོར་བཤིག་བྱེད་སྐབས་ཀ་བ་རེ་ཟུང་བཅད་གཏུབ་བྱས་ཏེ་ཁང་བ་ཡོངས་རྫོགས་དུས་གཅིག་ལ་འགྱེལ་དུ་བཅུག  མང་ཚོགས་ཀྱིས་གང་འདོད་གང་མཁོ་ལྟར་ཤིང་ཆ་ཡོངས་རྫོགས་གཤོང་ཤན་གྲོང་བརྡལ་དུ་ཁྱེར།  དེར་ཚོང་ཁང་དང་མཉམ་ལས་ཁང་གི་ཁང་བ་འཕུབ་བསྐྱེད་བྱས།  ཤིང་ཆ་ལྷག་རོ་རྣམས་ར་རྫི་ཟོག་རྫི་འགས་འབུད་ཤིང་བྱས།  ཐ་ན་རྡོ་དང་གྱོ་མོག་སོགས་གཤོང་ཤན་དུ་དྲུད་དེ་ཞིང་ཕྱུགས་ཐོན་སྐྱེད་རུ་ཁག་གི་ཁང་བ་བསྐྲུན།  ང་བརྒྱད་ལོར་དུས་འཁོར་མཆོད་རྟེན་གྱི་དབུ་ནས་གཏོར་བཤིག་བྱས་ཏེ་ཕྱེད་ཀ་ཙམ་ལྷག་ཡོད་ཟེར།  མཆོད་རྟེན་ཞིག་རོའི་གྲུ་ཁར་ཕྱུགས་རྫི་འགས་སྡོད་གནས་བྱས་པ་དང་།  འོག་ཁང་ཡོངས་རྫོགས་ཕྱུགས་ཁང་བྱས་ཏེ་ལོ་མང་འགོར་ཟེར།  དེའི་རྗེས་སུ་མཆོད་རྟེན་རྨང་ནས་བཤིག་སྟེ་ཡོད་ཚད་ཤུལ་མེད་དུ་བཏང་ངོ་། །  ཞེས་པ་འདི་ནི་རྗེ་གསེར་ཁང་བའི་རྣམ་ཐར་དང་།  ཁ་ཤ་མཐིལ་གྱི་དུས་འཁོར་མཆོད་རྟེན་གྱི་དཀར་ཆག་གསར་རྙིང་གཉིས།  རྗེ་ཞྭ་དམར་བའི་རྣམ་ཐར།  གཤོང་ཤན་དང་ཇོ་ཤར་སྡེ་བའི་རྒན་རབས་འགའི་ངག་རྒྱུན་སོགས་ལ་ཁུངས་བཅོལ་ཏེ་རབ་གནས་ས་ཕག་ལོའི་ཧོར་ཟླ་གཉིས་པའི་ཚེས་ཉེར་དྲུག  སྤྱི་ལོ་༢༠༡༩ལོའི་ཧོར་ཟླ་༤ཚེས་༡་ཉིན་སངས་རྒྱས་རྒྱ་མཚོས་སྐུ་འབུམ་དུ་བྲིས་པའོ། །

མཆན།  རྗེ་གསེར་ཁང་བའི་དངོས་སློབ་དང་རྙེ་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ཡིག་མཛད་མྱོང་བའི་དགེ་སློང་འཇམ་དཔལ་བསྟན་འཛིན་གྱིས་བརྩམས་པའི་གནས་མཆོག་ཁ་ཤ་མཐིལ་གྱི་རྟེན་གཙོ་དུས་འཁོར་མཆོད་རྟེན་གྱི་དཀར་ཆག་གསར་རྙིང་གཉིས་དང་།  འབུལ་ཐོ་རྙིང་བ་བཅས་ཀྱི་དཀར་ཆག་རྗེས་སུ་དཔེ་སྐྲུན་སྐབས་ཆ་ཚང་འགོད་རྒྱུ་ཡིན་པས་དེ་དུས་སུ་གཟིགས་པར་འཚལ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།