རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-08-10 10:31:39     རྩོམ་པ་པོ།   དགེ་འདུན་ཆོས་འཕེལ།    ཀློག་ཐེངས།  

༄༅། །སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།།

མ་ཆགས་པདྨའི་སྤྱན་ལྡན་ལྷ་མིན་གཉེན།།

སྲིད་པས་མཆོད་འོས་བསོད་ནམས་སྟོང་གི་སྐུ།།

ཤིན་ཏུ་རྣམ་དག་གསེར་གྱི་འོད་མངའ་བ།།

མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ།།

གང་དུ་བདག་གི་སྟོན་པ་སྐུ་འཁྲུངས་ཤིང༌།།

གང་དུ་འདྲེན་པས་བྱང་ཆུབ་མཆོག་བརྙེས་ཏེ།།

འཆི་མེད་ལམ་བསྟན་མྱ་ངན་འདས་པ་ཡི།།

རྒྱ་གར་གནས་ཆེན་རྣམས་ལ་ཕྱག་འཚལ་ལོ།།

སངས་རྒྱས་བཅོམ་ལྡན་འདས་རབ་བྱུང་གི་བསྙེན་པར་རྫོགས་ཏེ། དབྱར་བཞི་བཅུ་ལྷག་ཅིག་འཇིག་རྟེན་དུ་འཚོ་ཞིང་བཞུགས་ནས། ལོང་བ་ལྟ་བུའི་སྐྱེ་དགུ་རྣམས་ལ་དམ་པའི་ཆོས་ཀྱི་བཀའ་མཆིད་རྒྱས་པར་མཛད་ཅིང༌། གྱད་ཀྱི་ཡུལ་ཤིང་སཱ་ལ་ཟུང་གི་ཚལ་དུ། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཏེ། ལོ་ཉིས་སྟོང་བཞི་བརྒྱ་བརྒྱད་ཅུ་དང༌། ཉག་མ་དགུ་དག་འདས་སོ། །

དེས་ན་འོ་སྐོལ་ཕྱི་མའི་དུས་སུ་སྐྱེས་པ། བསོད་ནམས་ཆུང་ངུའི་སྐྱེ་བོ། སངས་རྒྱས་ཀྱི་ཞལ་དངོས་སུ་མ་མཐོང་བ་དག་ནི། བདེ་བར་གཤེགས་པའི་གནས་ཆེན་བཞི་པོ་འདི་དག་ལ་ནི་རིགས་ཀྱི་བུ་དང་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོ་བའི་བར་དུ་འགྲོ་བར་བྱ་ཞིང་དྲན་པར་འགྱུར་བར་བྱའོ། །བཞི་གང་ཞེ་ན། འདིར་ནི་བཅོམ་ལྡན་འདས་འཁྲུངས་སོ། །འདིར་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སོ། །འདིར་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་རོ། །འདིར་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་བསྐོར་བ་དང༌། མཆོད་རྟེན་ལ་ཕྱག་འཚལ་བ་དག་འོང་གི། དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཞེས་པ་ནས་ང་ལ་དད་པས་དུས་བྱས་པ་དེ་ཐམས་ཅད་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོའོ། །སོགས་རྒྱས་པར་གསུངས་སོ། །དེ་བཞིན་དུ་མདོ་གཞན་དག་ལས་ཀྱང༌། ང་མྱ་ངན་ལས་འདས་པའི་རྗེས་སུ། དགེ་སློང་གསར་བུ་འགའ་ཞིག་འོང་ནས། ཁྱེད་ཀྱི་སྟོན་པ་ཇི་འདྲ་ཞེས་འདྲི་ན། དེ་དག་ལ་གནས་བཞི་པོ་འདི་དག་བསྟན་པར་བྱ་སྟེ། སོགས་གསུངས་ལ། རྟོག་གེ་འབར་བར་མདོ་དྲངས་པ་ལས་ཀྱང་གནས་བཞི་པོ་འདི་དག་བསྐོར་བས་མཚམས་མེད་པའི་སྡིག་པ་ཡང་འབྱང་བར་གསུངས་སོ།།

དེ་ལྟར་ན་ནི། རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་མངོན་པར་སངས་རྒྱས་པའི་གནས་ཡིན་ལ། ལིམ་བི་ནི་སྐུ་འཁྲུངས་པ། ཝཱ་ར་ཎཱ་སི་ཆོས་འཁོར་བསྐོར་བ། རྩྭ་མཆོག་གྲོང་མྱ་ངན་ལས་འདས་པའི་གནས་ཏེ། མདོ་ལས་གསུངས་པའི་སངས་རྒྱས་ཀྱི་གནས་ཆེན་པོ་བཞི་ནི་དེ་དག་ཡིན་ལ། དེའི་སྟེང་དུ། ནཱ་ལན་ཌཱ་སྐུ་ཚེ་བྱིན་གྱིས་རླབས་པའི་གནས། མཉན་ཡོད་བདུད་བཏུལ་བའི་གནས། ཤང་ཁ་ས་ལྷ་ལས་བབས་པའི་གནས། རྒྱལ་པོའི་ཁབ་དབྱེན་ཟླུམ་པའི་གནས་ཏེ། བརྒྱད་པོ་དེ་ནི་གནས་ཆེན་བརྒྱད་ཅེས་གྲགས་པ་དག་ཡིན་ལ། བདེ་གཤེགས་མཆོད་རྟེན་བརྒྱད་དུ་གྲགས་པ་དག་ཀྱང༌། སྔར་གནས་ཆེན་འདི་དག་ན་བཞུགས་པ་ཡིན་ནོ། །

གནས་ཆེན་བཞི་པོ་འདིའི་དོད་ཐུབ་རེ་བྷར་མའི་ཡུལ་དང༌། རྒྱ་གར་ཤར་ན་ཡང་ཡོད་ཅིང༌། དེ་མཚུངས་རྒྱ་གར་ནུབ་དང༌། ཤྱམ་ཡུལ་སོགས་སུ་ཡང་ཡོད་མོད་ཀྱི། རྩ་བའི་གནས་ཆེན་རྣམས་ནི་རྒྱ་གར་དབུས་ཀྱི་འདི་དག་འཁྲུལ་མེད་དེ་ཡིན་པ་ནི། དཔེར་ན་རྡོ་རྗེ་གདན་ལྟ་བུ་གཅིག་ལ་མཚོན་ན་ཡང༌། ལོ་སྟོང་གི་སྔར་བྱོན་པའི་རྒྱའི་བཙུན་པ་ཕཱ་ཧེན་དང༌། ཐང་ཟན་ཙང་དང༌། ཨི་ཙང་རྣམས་ཀྱི་ལམ་ཡིག་དང༌། བོད་ཀྱི་ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱི་ལམ་ཡིག་རྒྱས་པ། བཅོམ་ལྡན་རིག་རལ་གྱི་རྡོ་རྗེ་གདན་རྒྱས་བཤད་རྣམས་དང༌། དེར་མ་ཟད་སྣར་ཐང་དགོན་ན་རྡོ་ནག་ལས་གྲུབ་པའི་རྡོ་རྗེ་གདན་གྱི་གནས་བཀོད་རྒྱ་གར་ནས་གདན་དྲངས་པ་ཞིག་དང་། མཆིམས་ནམ་མཁའ་གྲགས་པའི་ཞལ་བཀོད་བཞིན་ཙན་དན་ལས་བྱས་པའི་རྡོ་རྗེ་གདན་གྱི་བཀོད་པ་རྒྱ་ནག་ནས་གདན་དྲངས་པ་གཅིག་བཅས་བཞུགས་པ། དེ་ཐམས་ཅད་བསྡུར་ཚེ། ཕན་ཚུན་གཅིག་ལ་ངོ་འཕྲོད་དེ། མི་གཅིག་གིས་བྱས་པ་དང་འདྲ་བར་ཡོད་པས་དོགས་པ་ཙམ་ཡང་ག་ལ་འོས།

དེས་ན་འགའ་ཞིག་ནི་ཡུལ་འདིར་དངོས་སུ་བྱོན་ཏེ། ཡུན་རིང་བཞུགས་པའི་སྔོན་གྱི་ལོ་ཙཱ་བ་ཚད་ཐུབ་དེ་དག་གི་གསུང་ལ་རྒྱུས་ཅུང་ཟད་ཀྱང་མེད་པར། ཨ་ཙ་རའི་ངག་སྒྲོས་བསགས་པ་དང༌། གྲུབ་ཐུབ་འགའ་རེ་དག་སྣང་ལ་དེར་བྱོན་ཏེ། ཡ་མཚན་མང་དུ་གཟིགས་པར་གསུངས་པའི་གཏམ་རེ་གཉིས་ལ་ཁུངས་སུ་བྱས་ཏེ་གནས་ཆེན་འདི་རྣམས་དངོས་མ་ཡིན་མིན་གྱི་དོགས་པ་བསྐྱེད་པ་ནི་ཤིན་ཏུ་ཡང་མ་ལེགས་ཏེ། དག་པའི་སྣང་བ་ནི་ལས་དག་ན་མཐོང་བ་ཡིན་པས། སྨོན་པར་བྱ་བ་ཙམ་དུ་འོས་མོད། རང་ཅག་ཕལ་པའི་མཐོང་སྣང་ལ་ཞུ་དག་གཏོང་བའི་རང་ཁུངས་སུ་ག་ལ་རུང༌། སྤྲུལ་པའི་ལུས་ཐོབ་ན། ཁབ་ཀྱི་མིག་ཏུ་ཡང་སངས་རྒྱས་ཀྱི་ཞིང་ཁམས་བགྲོད་ནུས་པས། དེ་འདྲ་བ་ནི་རང་ཅག་གདོས་བཅས་ཤ་ཁྲག་གི་ཕུང་པོ་ཉིན་མཚན་འབྲལ་མེད་དུ་འཁུར་བཞིན་པ་རྣམས་ཀྱིས་བཙལ་བའི་འོས་ཀྱང་མ་ཡིན་ལ་སྨོད་པའི་འོས་ཀྱང་མ་ཡིན་ནོ།།

དེ་ལ་རྡོ་རྗེ་གདན་ནི་གནས་འདི་ཀུན་གྱི་གཙོ་བོ་ཡིན་པས་ཅུང་ཙམ་ཞིབ་པར་བཤད་ན། དེ་ཡང་གན་དྷོ་ལ་འདི་ཐོག་མར་བྲམ་ཟེ་མོ་ཛ་སའི་བུ་ཐ་ཆུང་གིས་བཞེངས་ཀྱང་ཟེར། ཆོས་རྒྱལ་མྱ་ངན་མེད་ཀྱིས་ཡིན་ཡང་ཟེར། གང་ལྟར་བར་སྐབས་ཞིག་ན་ཤིན་ཏུ་ཉམས་ཆག་ཏུ་གྱུར་པ་ལས། མ་ག་དྷའི་ཁྱིམ་བདག་འཆི་མེད་བྱ་བ་ཞིག་གིས་གསོས་བགྱིས་ཏེ་ད་བར་ལོ་སྟོང་ཕྲག་ཙམ་སོང༌། དེ་ནས་སླར་ཡང་ཉམས་པ་ན། བྷར་མའི་ཡུལ་གྱི་ནང་པ་རྣམས་ནས་ཞིག་གསོས་བགྱིས་ཏེ་ད་བར་ལོ་དྲུག་བརྒྱ་ལྷག་སོང༌། དེ་ནས་སླར་ཡང་རྒྱ་གར་གཞུང་ནས་སྒོར་ཉིས་འབུམ་ལྷག་གི་འགྲོ་སོང་བཏང་ཏེ། ས་བསལ་ཅིང་ཞིག་རལ་བཅོས་ཏེ་ད་ལྟ་ལོ་བཞི་བཅུ་ལྷག་སོང༌། དབུས་ཀྱི་གན་དྷོ་ལའི་རྩེའི་མཆོད་རྟེན་ཆུང་ངུ་དེ་ཀླུ་སྒྲུབ་ཀྱིས་བཞེངས་ཤིང་ནང་དུ་སྟོན་པའི་རིང་བསྲེལ་བྲེ་གང་བཞུགས། ལྷ་ཁང་སྟེང་འགོ་གཉིས་ཡོད་པའི་སྟེང་མ་དེའི་ནང་དུ་རང་རེའི་ལྷ་སའི་ཇོ་བོ་སྔོན་བཞུགས་པར་གྲགས། བསྐོར་ལམ་གྱི་རྡོའི་དྲྭ་མིག་འདི་དག་ཀྱང་ཀླུ་སྒྲུབ་ཀྱིས་བཞེངས། ཀ་བ་དེ་དག་གི་སྟེང་ན་མགོན་པོའི་ཞལ་བརྒྱད་དང་སྒྲོལ་མའི་ཞལ་བརྒྱད་ཡོད་པ་མི་གཅིག་གིས་དེ་ཐམས་ཅད་མཐོང་ན་དངོས་གྲུབ་སྣ་རེ་ཐོབ་ཟེར། དེ་དག་ནི་པད་ཀོར་གྱི་དཀྱིལ་ན་མིའི་གདོང་ལྟ་བུ་ཡོད་པ་དེ་རྣམས་ཡིན། དེ་ལ་སྟོན་པ་སངས་རྒྱས་ནས་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཤིང་ལ་སྤྱན་མི་འཛུམ་པར་བཞུགས་པའི་སྐུ་བརྙན་ནི་བྱང་ཆུབ་ཤིང་གི་ཐད་ཀྱི་མཆོད་རྟེན་ངོས་ན་བཞུགས་པ་དེ་ཡིན་ལ། བདུན་གཉིས་པར་དང་པོ་བཞེངས་པའི་ཤུལ་དུ་ཞབས་རྗེས་ཆ་གཅིག དེ་ནས་གོམ་པ་འདོར་བའི་ཤུལ་ཞབས་གཡས་གཡོན་ཡ་སྤེལ་བ་ལྔ། སླར་ཡང་ཡུད་ཙམ་བཞེངས་སར་ཞབས་རྗེས་ཆ་གཅིག་བཅས་རྡོ་བདུན་གྱི་སྟེང་དུ་ཡོད་པ་ལས་དེང་སང་ཡ་གཉིས་དང་ཆ་གཅིག་སྟེ་གསུམ་ཙམ་ཡོད། དེ་ནས་ཞབས་འཆག་པའི་ཤུལ་བསྐོར་ལམ་བྱང་གི་སྟེགས་རིང་པོའི་སྟེང་ན་པདྨའི་ཕྲེང་བ་བཅུ་གཉིས་ཡོད། བྱང་ངོས་དྲྭ་མིག་གི་ཕྱི་རོལ་ཏུ་མཆོད་རྟེན་ཆུང་ངུ་བུ་ག་ཡོད་པ་དེ་དག་གི་ནང་ན་དགྲ་བཅོམ་མང་པོའི་གདུང་བཞུགས་ཤིང་སྐྲ་སེན་སོགས་དེར་འཕང་ན་ངན་སོང་གི་སྐྱེ་སྒོ་ཁེགས་པར་བཤད། མཆོད་རྟེན་གྱི་ཤར་ཕྱོགས་ར་བའི་འདབས་ན་དབུས་མ་དང་དབྱིབས་འདྲ་བའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་དེ་སྟོན་པ་དང་པོར་བྱོན་སྐབས་དེར་བཞུགས་ཏེ་ཞལ་ནས་འོད་ཟེར་སྤྲོས་ནས་བྱང་ཆུབ་ཤིང་དངོས་མ་མིན་པ་གཞན་རྣམས་སྲེགས་པའི་གནས་ཡིན། དེ་ལ་འོད་ཟེར་འཕྲོ་བའི་གན་དྷོ་ལི་ཟེར། དེ་ལྟར་ཤིང་ཚིག་པ་རྣམས་ཀྱི་སོལ་བ་སྤུངས་པའི་སར་ཨ་ཀར་བྷོ་དྷི་བྱ་བའི་བྱང་ཆུབ་ཤིང་ཞིག་སྐྱེས་པ་ད་ལྟ་བྱང་ངོས་སྐོར་ལམ་གྱི་ཕྱི་ན་ཡོད་པ་དེ་ཡིན། ཤིང་དེའི་རྩར་ས་ཀུ་ལའི་ཁྲོན་པ་ཡོད། དེའི་ཆུ་སྟོན་པས་རྫུ་འཕྲུལ་གྱིས་དངུལ་ཆུར་བྱིན་གྱིས་རླབས་པས་འཐུང་ན་ཕོ་ནད་དྲག་ཟེར། ཁྲོན་པ་མ་བྲུས་ཀྱང་ཁ་ཁྱེར་གསལ་བར་ཡོད། འོན་ཀྱང་ལོ་ཤས་འདིའི་འོག་ཏུ་འདག་ཞལ་བྱས་ཟིན་འདུག མཆོད་རྟེན་དབུས་མའི་ལྷོ་ངོར་ས་སྟེགས་ཤིན་ཏུ་ཡངས་པ་ཞིག་ཡོད་ས་དེར་སྟོན་པའི་བཞུགས་གདན་གྱི་རྩྭ་རྣམས་བོར། དེར་སྔོན་མཆོད་རྟེན་དབུས་ཀྱི་འདི་དང་འདྲ་བའི་ཆེན་པོ་ཞིག་ཡོད་པ་ཡིན། ར་བའི་ཤར་གྱི་དུར་ཁྲོད་ནང་གི་དཀྱིལ་འཁོར་དེ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་རྡོ་ལ་བཞེངས་པའི་དུས་འཁོར་བློས་བསླངས་རྡོ་རྗེ་གདན་དུ་ཡོད་ཅེས་རང་རེའི་ལོ་རྒྱུས་འགའ་ལས་འབྱུང་བ་དེ་ཡིན་ནམ་སྙམ། འདི་ཙམ་ཞིག་ཆག་ལོ་དང་བཅོམ་ལྡན་རིག་རལ་གྱི་གསུང་དང་ལེགས་པར་འབྱོར་བས་ཡིད་ཆེས་པའི་གནས་ཡིན་ལ་གཞན་མང་དུ་བཤད་པར་དཀའ། དེ་ཡང་ཆག་ཆོས་རྗེ་དཔལ་སོགས་བྱོན་སྐབས་གཙུག་ལག་ཁང་འདི་དར་རྒྱས་ཀྱི་སྐབས་ཡིན་ལ། དགེ་སློང་སུམ་བརྒྱ་ཙམ་རེ་རྒྱུན་དུ་དཀོན་གཉེར་གྱི་ཚུལ་དུ་བཞུགས་ཅེས་གསུངས། དེ་ནས་དུས་ཀྱི་རྒུད་པས་གནས་གཞི་རྟེན་དང་བཅས་ལ་མུ་སྟེགས་ཀྱི་ཛོ་ཀི་དག་གི་ལག་པར་ཤོར། མཆོད་རྟེན་གྱི་གསེབ་ཏུ་ཕྱི་རོལ་པའི་ལྷ་ཁང་བརྩིགས། གཙུག་ལག་ཁང་དུ་དབང་ཕྱུག་གི་རྟེན་འཛུགས་པ་དང་ཁྲག་མཆོད་བྱེད་པ་སོགས་མི་འཚམ་པ་དུ་མར་བྱས་པར་དགེ་བསྙེན་དྷརྨ་པཱ་ལ་ནས་ཐུགས་ཀྱི་མ་བཟོད་པར། སླར་ཡང་ནང་པ་རྣམས་ཀྱི་རང་བདག་ཏུ་ཐོབ་པའི་ཆེད་དུ་འབད་པ་ཆེན་པོས་ཁྲིམས་གཏུགས་སོགས་བྱེད་མུས་ལ་སྐུ་གཤེགས། ད་དུང་ཡང་སྔར་རྩོལ་དེ་ཀ་བྱེད་དང་བྱེད་མུས་ལགས་ཀྱང་ད་བར་རེ་འབྲས་གཙང་སྨིན་ཅི་ཡང་མ་བྱུང་བས། རང་རེ་རྒྱལ་ཁབ་ཀུན་གྱི་ནང་པ་སངས་རྒྱས་པ་རྣམས་ལས་དང་འདུན་པ་གཅིག་དྲིལ་གྱི་སྒོ་ནས། རང་ཅག་རྣམས་ཀྱི་ཁོག་པའི་སྙིང་དང་འདྲ་བའི་བྱིན་རླབས་ཀྱི་གནས་ཆེན་ཁྱད་པར་ཅན་འདི་ཉིད་འོས་པའི་བདག་པོ་སངས་རྒྱས་པ་རྣམས་ཀྱི་རང་ལག་ཏུ་ཐོབ་པ་ཞིག་ལ་ཅིས་ཀྱང་འབད་དགོས། རྡོ་རྗེ་གདན་གྱི་ལམ་ཟུར་བྱེ་མ་ལ་རྒྱུ་བའི་ཆུ་བོ་ནེ་རཉ་ཛ་ན་ཏེ་ཆུ་འགྲམ་དེར་སྟོན་པས་ལོ་དྲུག་དཀའ་བ་སྤྱད་ཅིང༌། སྤྱིར་གཱ་ཡའི་ཕྱོགས་འདིར་སངས་རྒྱས་ལོ་བདུན་ཙམ་བཞུགས།

གཱ་ཡའི་གྲོང་ཁྱེར་གྱི་བྱང་ངོས་ནས་མཐོང་བའི་རི་དེ་རྣམས་གཱ་ཡ་ཤིརྵ་སྟེ་གཱ་ཡ་གོ་རི་བྱ་བ་དེ་ཡིན། རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་མེ་ལི་བདུན་ཙམ་སོང་ན་དུརྒཱ་ཤྲཱི་བྱ་བ་ད་ལྟའི་དུར་ཁྲོད་བསིལ་བ་ཚལ་དེ་ཡོད། ཤི་ལི་གུ་རི་ནས་རྡོ་རྗེ་གདན་དུ་འོངས་པའི་ལམ་དུ་གངྒཱ་བརྒལ་མ་ཐག་པ་ཊ་ཎ་ལ་སླེབས། དེ་ནི་ཆོས་རྒྱལ་ཨ་ཤྭགམྱ་ངན་མེད་ཅེས་བྱ་བ་འཛམ་བུའི་གླིང་དུ་མཆོད་རྟེན་བཞེངས་མཁན་དེའི་རྒྱལ་ས་ཡིན། སྔོན་གྲོང་ཁྱེར་པ་ཊ་ལི་པུ་ཊ་ཞེས་ཟེར་ཞིང་བོད་སྐད་དུ་སྐྱ་ནར་བུའི་གྲོང་ཁྱེར་བྱ་བ་དེ་ཡིན། རྒྱལ་པོ་མྱ་ངན་མེད་ཀྱི་ཕོ་བྲང་གི་ཤུལ་དང་གཞན་ཡང་གྲོང་ཁྱེར་གྱི་མུ་སིམ་ཁང་འགྲེམས་སྟོན་ཁངགི་ནང་དུ་སྔོན་གྱི་སྐུ་བརྙན་ངོ་མཚར་ཅན་མང་པོ་དང༌། མྱ་ངན་མེད་ཀྱི་བཙུན་མོའི་འདྲ་བརྙན་ཡིན་ནམ་ཟེར་བའི་རྡོ་སྐུ་ཤེལ་ལྟར་འཚེར་བ་ཞིག་ཀྱང་ཡོད། པ་ཊ་ན་ནས་ར་ཇི་གི་ལི་ལ་འགྲོ་བའི་ལམ་དུ་བི་ཧར་ཤ་རའི་ཧཕི་ཟེར་བའི་གྲུ་ཟན་ལ་སླེབས་ཅིང༌། དེ་ནས་ནུབ་ཏུ་བལྟས་ན་བྲག་རི་ལེབ་མོ་ཞིག་མཐོང་བ་དེ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གི་ཤུལ་ཡིན་ཟེར། སྔོན་གཙུག་ལག་ཁང་དེ་རྒྱ་གར་ན་གྲགས་པ་ཞིག་ཡིན་ཅིང་རང་རེ་བོད་ཀྱི་བསམ་ཡས་ཀྱང་དེ་ལ་དཔེ་བྱས་ཏེ་བཞེངས་པ་ཡིན། ས་འདི་ཡིན་ཟེར་བ་ཙམ་ལས་གནས་ཀྱི་ཤུལ་ལ་སོགས་པ་ནི་མི་སྣང༌། རི་འདི་ནི་ན་རོ་པའི་བཞུགས་གནས་ཕུ་ལ་ཧ་རི་བྱ་བ་དེ་ཡིན་པར་ཐེ་ཚོམ་མི་འདུག་སྟེ། ཆག་ལོའི་རྣམ་ཐར་དུ་ན་ལནྡཱའི་བྱང་ངོས་ཚ་འབོག་གཅིག་གི་ས་ན་རི་དེ་ཡོད་གསུངས་ཤིང༌། ན་ལནྡཱའི་བྱང་ན་རི་འདི་གཅིག་པུ་མ་གཏོགས་ཡེ་མེད་ལ། རིའི་དབྱིབས་ཀྱང་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟར་ཡོད་པས་མི་ལའི་རྣམ་ཐར་དང་ཡང་འགྲིག དེ་ནས་ན་ལནྡཱའི་གྲུ་ཟན་ལ་སླེབས།

རྐང་ཐང་ལ་ཅུང་ཟད་སོང་ན་སྔོན་གྱི་དགོན་ཤུལ་རྒྱ་ཆེན་པོ་ཡོད། ན་ལནྡཱ་ནི་སྔོན་རྒྱ་གར་གྱི་ཆོས་སྡེ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཞིང༌། རྒྱ་ནག་གི་བཙུན་པ་ཐང་ཟན་ཙང་ཕེབས་པའི་དུས་དགེ་སློང་ཁྲི་ཕྲག་ཙམ་བཞུགས་ཞེས་ཟེར། ཨརྱ་དེ་བ། ཞི་བ་འཚོ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ལ་སོགས་པའི་སྔོན་གྱི་པཎ་ཌི་ཏ་ཆེན་པོ་དེ་ཐམས་ཅད་ཀྱང་དགོན་པ་འདི་ནས་ཕེབས་པ་ཤ་སྟག་ཡིན། བོད་དང་རྒྱ་ནག་ཏུ་དམ་པའི་ཆོས་དར་བ་ཡང་དགོན་པ་འདི་ནས་བྱུང་བ་ཡིན། ན་ལནྡཱ་ནས་ར་ཇི་གི་རི་ལ་སླེབས། དེ་ནི་རྒྱལ་པོའི་ཁབ་ཡིན་ཞིང་དེར་རིས་བསྐོར་བའི་དབུས་ཀྱི་ཐང་དེ་ཐམས་ཅད་སྔོན་གྲོང་ཁྱེར་ཆགས་པའི་ཤུལ་ཡིན། བྷར་མའི་དྷརྨ་སཱ་ལ་དང་ཉེ་བ་ན་སྔོན་གྱི་རྡོ་མཁར་ཆེན་པོ་ཞིག་ཡོད་པ་དེ་རྒྱལ་པོའི་ཁབ་གསར་པ་བྱ་བ་རྒྱལ་པོ་ཨ་ཇ་ཏ་ཤ་ཏྲུམ་སྐྱེས་དགྲའི་ཕོ་བྲང་གི་ཤུལ་ཡིན། ཆུ་ཚན་གྱི་གནས་དེ་ཆུ་དྲོན་གྱི་ཀུན་དགའ་ར་བའི་ཤུལ་དང༌། ཆུ་ཚན་ཡོད་སའི་རི་དེ་རྒྱལ་པོའི་ཁབ་ཀྱི་རི་ལྔའི་ནང་གི་བཻ་པཱུ་ལ་རི་ངོས་ཡངས་བྱ་བ་དེ་ཡིན་ཞིང་འོད་སྲུང་ལ་སོགས་དགྲ་བཅོམ་ལྔ་བརྒྱས་བཀའ་བསྡུ་དང་པོ་མཛད་པའི་བྲག་ཕུག་ཀྱང་ཆུ་ཚན་གྱི་ཐག་ཉེ་ལ་ཡོད། ཆུ་ཚན་གྱི་རི་དེའི་ཁ་ཐུག་བྱང་ངོས་ན་ཡོད་པའི་རི་དེ་བི་རི་སྐྱ་བསང་ཞེས་བྱ་བ་དེ་ཡིན་ཞིང་རི་འདི་གཉིས་ཀྱི་མཚམས་དེར་སྔོན་གྱི་གྲོང་ཁྱེར་གྱི་རྒྱལ་སྒོ་ཡོད་པའི་རྩིག་ཤུལ་ཀྱང་ཡོད། ཆུ་ཚན་གྱི་ཐད་ནས་འོངས་པའི་ཆུ་འགྲམ་བྱང་ཕྱོགས་ས་འབུར་མཐོ་བའི་ཕྱོགས་ཞིག་ཡོད་ས་དེ་བེ་ལུ་བ་ནའོད་མའི་ཚལ་གྱི་ཤུལ་ཡིན་ཞིང༌། དེར་སྟོན་པ་ལོ་ཤས་བཞུགས། རིའི་ནང་ཕྱོགས་ཀྱི་ཐང་གི་གཡས་གཡོན་ནས་འོངས་པའི་ལྷོ་ཕྱོགས་ཀྱི་ཆུ་ཕྲན་དེ་བརྒྱུད་དེ་ཡར་སོང་ན་ནག་པོ་བརྩིགས་པའི་རི་ཡོད་ཅིང་དེའི་མདུན་གྱི་ཐང་གི་ནགས་ཚལ་དེ་ཤི་ཏ་བ་ན་བྱ་བ་མདོ་ལས་གསུངས་པའི་བསིལ་བ་ཚལ་ཡིན། སྟོན་པ་གཱ་ཡ་མགོ་རི་ནས་རྒྱལ་པོའི་ཁབ་ཏུ་བྱོན་པའི་སྐབས་བསིལ་བ་ཚལ་དེར་ཞག་གཅིག་བཞུགས་ཤིང་རྒྱལ་པོ་གཟུགས་ཅན་སྙིང་པོ་བིམ་བི་ས་རའོངས་ནས་ཐོག་མར་མཇལ། རྒྱལ་པོའི་ཁབ་ཀྱི་བྱང་ངོས་ལ་གི་རྫ་ཀུ་ཊི་བྱ་བ་བྱ་རྒོད་ཕུང་པོའི་རི་བོ་ཡོད་ཅིང༌། དེ་ནི་སྟོན་པས་ཡུམ་མདོ་གསུངས་པའི་གནས་ཡིན། བྱ་རྒོད་ཕུང་པོའི་རི་མདུན་གྱི་ཐང་དུ་སུ་མ་ག་དྷིམ་ག་དྷ་བཟང་མོའི་རྫིང་བུའི་ཤུལ་ཡོད་ཅིང་དེ་ནས་མར་འབབ་པའི་ཆུ་བོ་དེ་ལ་ས་ར་སྭ་སྟིདབྱངས་ཅན་མའི་ཆུ་ཞེས་གྲགས་སོ།།

ག་ཡ་ནས་ཝཱ་ར་ཎཱ་སི་ལ་འགྲོ། དེང་སང་གི་བི་ན་རེ་སི་ཞེས་ཟེར། གྲོང་ཁྱེར་དེ་ནི་རྒྱ་གར་གྲོང་ཁྱེར་ཀུན་གྱི་རྙིང་ཤོས་སུ་གྲགས་ཤིང་བི་ཤྭ་ན་ཐ་བྱ་བའི་ཕྱི་རོལ་པའི་ལྷ་ཁང་གྲགས་ཅན་དེ་ཡང་དེ་ན་ཡོད། གྲོང་ཁྱེར་ནས་རི་ལི་ལ་ཞུགས་ཏེ་ཅུང་ཟད་སོང་ན་སྭ་ར་ནཱ་ཐ་ལ་སླེབས། དེ་ནི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་བྱ་བ་སྟོན་པས་དང་པོར་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཡིན། དེར་སྔོན་གྱི་དགོན་ཆེན་ཆགས་པའི་ཤུལ་དང་ཆོས་འཁོར་བསྐོར་བའི་ས་མིག་དེར་མཆོད་རྟེན་ཆུང་ངུ་རྡོའི་དྲ་མིག་གིས་བསྐོར་བ་ཞིག་དང་དེའི་མདུན་ན་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་ད་ལྟའི་ལོ་བརྒྱ་ཕྲག་ཙམ་གྱི་སྔོན་ལ་ཝཱ་ར་ཎཱ་སིའི་བློན་པོ་སྡིག་ཅན་གྱིས་བཤིག་སྟེ་ཁང་རྡོ་ལ་འཁྱེར་བ་དེའི་ཤུལ་ཡོད། དེ་དང་ཉེ་བ་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ཆག་གྲུམ་ཞིག་ཡོད་པ་དེའི་སྟེང་གི་ཡི་གེ་དེ་རྣམས་ལོ་ཉིས་སྟོང་ལྷག་པའི་སྔོན་གྱི་རྒྱ་གར་གྱི་ཡི་གེ་ཡིན། ཚུར་ངོས་སུ་རྡོའི་མཆོད་རྟེན་ཤིན་ཏུ་ཆེན་པོ་ཞིག་ཡོད་པ་དེ་དྷརྨ་ཀའི་མཆོད་རྟེན་བྱ་བ་ཡིན་ཅིང་གུབྟའི་རྒྱལ་བརྒྱུད་ཀྱི་སྐབས་སུ་བཞེངས། གྲུ་ཟན་ནས་ཡར་འོངས་པའི་ལམ་ཟུར་གྱི་མཆོད་རྟེན་ཞིག་པོ་དེ་ཅཽ་ཀན་དིའི་མཆོད་རྟེན་བྱ། འཁོར་ལྔ་སྡེས་སྟོན་པ་དང་པོར་མཇལ་བའི་ས་ཡིན་ཟེར་ཞིང་རྩེའི་ཁང་བུ་དེ་ནི་ཀླ་ཀློ་རྣམས་ཀྱིས་བྱས། དེ་ཡང་རང་རེའི་ཡུལ་དུ་བུ་སྟོན་བཞུགས་པའི་དུས་ཙམ་ནས་ཡུལ་དབུས་སུ་བསྟན་པ་ལྷག་མེད་དུ་ཞིག་སྟེ་ལོ་འདི་སྙེད་སོང་ཞིང༌། དེ་དག་གི་སྐབས་སུ་སྤྱིར་རྒྱ་གར་ན་བོདྷི་གཱ་ཡ་ཙམ་ལས་གནས་གཞན་རྣམས་གར་ཡོད་ཀྱི་མིང་ཙམ་ཡང་མི་ཤེས་ཤིང༌། བྱེ་བྲག་ཏུ་ཕྱོགས་འདིར་ཡང་ལོ་དྲུག་ཅུ་ཙམ་གྱི་སྔོན་དུ་མུ་སྟེགས་གཅེར་བུ་བའི་ལྷ་ཁང་ཞིག་ལས་གཞན་ཅི་ཡང་མེད་ཅིང༌། ད་ལྟའི་དགོན་ཤུལ་འདི་དག་ཀྱང་ཕག་འཚོའི་བའི་ཞིང་དུ་བྱས་ཏེ། ཐ་ན་ཆོས་འཁོར་སྐོར་བའི་གནས་ཡིན་པ་ཙམ་ཡང་ཤེས་དཀའ་བར་གྱུར་པ་ན། ལྷོ་ཕྱོགས་སིངྒ་ལའི་གླིང་ནས་སྐྱེས་བུ་སྙིང་སྟོབས་ཀྱི་བདག་ཉིད་ཆེན་པོ་དགེ་བསྙེན་དྷརྨཱ་པཱ་ལ་བྱ་བ་བྱོན་ཏེ། ལུས་སྲོག་ལོངས་སྤྱོད་ལ་མ་ལྟོས་པའི་དཀའ་བ་བརྒྱ་ཕྲག་གི་སྒོ་ནས། དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ཚལ་འདིར་གཙུག་ལག་ཁང་དང་མ་ཧཱ་བོ་དྷིའི་ཆོས་ཚོགས་བཙུགས། སིངྒ་ལའི་གླིང་ནས་འདུལ་ཆོག་སྡེ་གསུམ་ཚང་བའི་དགེ་འདུན་སྤྱན་དྲངས་ཏེ། སླར་ཡུལ་དབུས་མ་ག་དྷ་ན་ཤཱཀྱའི་དགེ་སློང་སྣམ་སྦྱར་གྱི་རྒྱལ་མཚན་གྱོན་པ་རྣམས་མིག་གིས་མཐོང་བར་གྱུར་ཅིང༌། དེ་མཚུངས་རྡོ་རྗེ་གདན། ཀ་ལི་ཀ་ཏ། ཕྱི་གླིང་གི་རྒྱལ་ས་ལོན་ཌོན་རྣམས་སུ་ཡང་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཙུགས་ཏེ། སླར་ཡང་རྒྱ་གར་དུ་བསྟན་པ་ཕྱི་དར་གྱི་མགོ་བརྩམས་སོ།།

དེ་ལྟ་བུའི་བདག་ཉིད་ཆེན་པོ་དེས་རང་གིས་ཁུར་དུ་བྱས་པའི་བྱ་བ་དག་མཐར་ཕྱིན་པར་བྱས་ཤིང༌། དུས་ཀྱི་མཇུག་ཏུ་རང་ཉིད་ཀྱང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་གཙུག་ལག་ཁང་འདི་ཉིད་དུ་བཞུགས་ཤིང་འཁོར་ལོ་གཉིས་ཀྱི་བྱ་བ་ལ་བརྩོན་བཞིན་པའི་ངང་ནས་སྐུ་ཚེའི་འདུ་བྱེད་རྫོགས་ཏེ་ད་ལྟའི་མེ་གླང་འདི་བར་ལོ་ངོ་ལྔ་སོང༌། དེས་བཞེངས་པའི་མུ་ལ་དྷ་ཀཱུ་ཊའི་གཙུག་ལག་ཁང་འདིར་སངས་རྒྱས་ཀྱི་སྐུ་རུས་ཚན་པ་གཉིས་ཡོད་པའི་གཅིག་ནི་རྡོ་འཇོག་ཡུལ་གྱི་མཆོད་རྟེན་རྙིང་པ་ཞིག་ལས་ཐོབ་ཅིང༌། གཅིག་ནི་ལྷོ་ཕྱོགས་དཔལ་གྱི་རི་ནས་རྙེད་པ་སྟེ་རིན་པོ་ཆེའི་གའུ་དང་རྡོ་སྒྲོམ་དུ་བཅུག་པའི་ཕྱི་ལ་འདི་སངས་རྒྱས་ཀྱི་སྐུ་རུས་ཡིན་ནོ་བྱ་བའི་ལོ་ཉིས་སྟོང་གྀ་སྔོན་དུས་ཀྱི་ཡི་གེ་བཏབ་པ་བཅས་རྙེད་པས་ཤིན་ཏུ་འཁྲུལ་མེད་ཡིན་ནོ།། སྐུ་རུས་དེ་རྒྱུན་དུ་སྟོན་པའི་སྐུ་བརྙན་གྱི་བཞུགས་ཁྲིའི་ནང་དུ་བཞུགས་ཤིང༌། ལོ་རེ་བཞིན་ཕྱི་གླིང་གི་ཟླ་བ་བཅུ་གཅིག་པའི་ནང་འཆར་ཅན་གྱི་ཚེས་བཅོ་ལྔའི་ཟླ་བ་ཉ་གང་བ་ན་ཕྱི་རོལ་དུ་སྤྱན་དྲངས་ཏེ་དངོས་སུ་མཇལ་ཐུབ་ཅིང༌། ཕྱོགས་ཀྱི་གནས་སྐོར་བ་རྣམས་སྡོད་སའི་མགྲོན་ཁང་གི་ཁྱིམ་བདག་ཆེན་པོ་འབྱིར་ལུས་བརྒྱབ་པ་དང༌། གཞན་སིངྒ་ལ་དང་བྷར་མའི་དྷརྨ་སཱ་ལ་བཅས་ཡོད་དོ།། སཱ་ར་ནཱ་ཐའི་གྲུ་ཟན་ནས་ཊི་ཀ་བླངས་ཏེ་ཏ་སིལ་དེ་བོ་རི་ཡ་བར་དང༌། དེ་ནས་མོ་ཊར་ནས་ཀུ་ཤི་ན་གར་ལ་སླེབས། དེ་ནི་རྩ་མཆོག་གྲོང་ཡིན་ཅིང་དེང་སང་མིང་ལ་མ་ཐ་ཀུ་ཝར་ཟེར། རྒྱ་གར་ཤར་ཕྱོགས་ན་ཡང་རྩ་མཆོག་གྲོང་སོགས་ཡོད་ཅིང༌། ནུབ་ཕྱོགས་ཨ་ཕ་ཀ་ནི་ས་ཏན་དུ་ཡང་སྐུ་འཁྲུངས་པ། ཆོས་འཁོར་བསྐོར་བ། མྱ་ངན་འདས་པའི་གནས་ཐམས་ཅད་ཡོད་ཅིང༌། དེ་བཞིན་ཡུལ་གྲུ་གཞན་མང་པོར་ཡང་ཡོད་མོད། སྟོན་པ་རང་ཉིད་གདུལ་བྱ་ཐུན་མོང་གི་ངོར་མྱ་ངན་ལས་འདས་པའི་གནས་ནི་ཡུལ་དབུས་འདི་ཉིད་འཁྲུལ་མེད་ཡིན་ནོ།།

བྷར་མས་བཞེངས་པའི་གསེར་གྱི་མཆོད་རྟེན་གྱི་ཤར་མེ་ལི་གཅིག་ལྷག་ཙམ་ན་མཆོད་རྟེན་ཞིག་པོ་ཨ་མྲའི་སྡོང་པོ་སྐྱེས་པ་ཞིག་ཡོད་པ་དེ་མུ་ཀུ་ཊ་བྷན་དྷ་ན་བྱ་བའི་མཆོད་རྟེན་དེ་སྐུ་གདུང་ཞུགས་ལ་བཞུས་པའི་གནས་ཡིན་ཅིང་དེང་སང་གི་མིང་ལ་རམ་བྷར་ཞེས་ཟེར། དེ་གྱད་ཀྱིས་དབུ་རྒྱན་བཅིང་བའི་མཆོད་རྟེན་ཞེས་མདོ་ལས་འབྱུང་བ་དེ་ལགས། རྩ་མཆོག་གྲོང་ནས་མོ་ཊར་ལས་གོ་རག་བུར་ལ་འགྲོ། གྲོང་ཁྱེར་དེའི་མཐའ་ན་གོ་རག་ན་ཐ་ཕན་བྱ་བའི་ལྷ་ཁང་ཞིག་ཡོད་པ་དེ་གྲུབ་ཐོབ་བརྒྱད་ཅུའི་ནང་གི་གོ་རཀྵའི་བཞུགས་གནས་ཡིན་ཟེར་ཞིང༌། གྲུབ་ཆེན་དེའི་ཆོས་བརྒྱུད་ཕྱི་རོལ་པའི་ལུགས་དང་བསྲེས་ནས་འཛིན་པ་རྣ་བ་ལ་ཨ་ལོང་ཆེན་པོ་བཏགས་པའི་སྡེ་ཚན་དེ་དག་ཡིན་ཅིང་ད་དུང་གྲུབ་ཆེན་དེའི་དོ་ཧ་ཡང་འདོན་པར་བྱེད། གོ་རག་བུར་ནས་རི་ལིར་ཞུགས་ནས་ནོ་ཏན་བ་དང་དེ་ནས་མེ་ལི་བདུན་བརྒྱད་ཙམ་སོང་བས་ལིམ་བི་ནི་ལ་སླེབས། དེང་སང་མིང་ལ་རུ་མན་དེ་ཞེས་ཟེར། དེ་ནི་སྟོན་པ་སྐུ་འཁྲུངས་པའི་གནས་ཡིན། དེར་སྒྱུ་འཕྲུལ་མའི་སྐུ་བརྙན་དང༌། ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ལ་རྒྱལ་པོ་ཁྲི་ལོ་ཉེར་གཅིག་པར་ཕྱོགས་དེར་སླེབས་ནས། ཕྱོགས་འདིར་སངས་རྒྱས་འཁྲུངས་སོ།། ཞེས་རྡོ་རིང་བསླང་བ་ཡིན་བྱ་བའི་ཡི་གེ་ཅན་ཡོད། ལིམ་བི་ནིའི་ནུབ་ཕྱོགས་མེ་ལི་ལྔ་དྲུག་ཙམ་ན་ཀ་པིལ་བསྟུསེར་སྐྱའི་གྲོང་ཁྱེར་གྱི་ཤུལ་ཡོད་ཅིང་དེང་སང་གི་མིང་ལ་ཏི་ལོ་ར་ཀོ་ཊི་ཟེར། དེ་ནས་མེ་ལི་གཅིག་ཙམ་ན་དིག་ལི་བ་བྱ་བར་སངས་རྒྱས་འཁོར་བ་འཇིག་གི་ཁྲོན་པ་སྔོན་གྱི་ཁ་བྱང་བཏབ་པ་ཡོད།

དེ་ནས་སྔར་གྱི་རི་ལི་ནས་ཕ་རན་ད་དང་དེ་ནས་ཊི་ཀ་ཉོས་ཏེ་བར་རམ་བུར་བར་འགྲོ། བར་རམ་བུར་ནས་མེ་ལི་བཅུ་ཙམ་སོང་ན་མཉན་ཡོད་ཤྲལྦ་སྟིལ་སླེབས། དེང་སང་གི་མིང་ལ་ཧེ་ཊ་མ་ཧེད་ཟེར། བྷར་མའི་དྷརྨ་སཱ་ལ་དང་ཉེ་བ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཛེ་ཏ་བ་ནམགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་ཤུལ་ཡོད་ཅིང༌། དེར་སངས་རྒྱས་རང་ཉིད་བཞུགས་པའི་གཙུག་ལག་ཁང་སྟེ། ༡ ར་ཛ་ཀུ་ཊི། ༢ ཀཽ་ཤམ་བའི་ཀུ་ཊི། ༣ ཀ་ཀེ་རི་ཀུ་ཊི། ༤ གན་དྷ་ཀུ་ཊིདྲི་གཙང་ཁང་བཞི་ཀའི་ཤུལ་ཡོད། དེ་ལ་གན་དྷ་ཀུ་ཊི་ནི་སྟོན་པ་བཞུགས་པའི་གཟིམ་སྤྱིལ་གཙོ་བོ་ཡིན་ཞིང༌། སྤྱིར་མཉན་ཡོད་འདི་ནི་སྟོན་པའི་བཞུགས་གནས་ཀུན་གྱི་ནང་ནས་གཙོ་བོ་ཡིན་ཏེ། རྒྱལ་བྱེད་ཚལ་རང་ལ་དབྱར་ཉི་ཤུ་དང༌། རི་དྭགས་འཛིན་གྱི་མའི་ཤར་གྱི་ཀུན་དགའ་ར་བར་དབྱར་ལྔ་སྟེ་ཁྱོན་བསྡོམས་པས་ལོ་ཉི་ཤུ་རྩ་ལྔ་བཞུགས། མཆོག་ཟུང་གཉིས། ལྔ་སྡེ་བཟང་པོ། གནས་བརྟན་བཅུ་དྲུག འོད་སྲུངས། འཆར་ཀ། རྟ་ཐུལ་ལ་སོགས་པ་སྟོན་པའི་འཁོར་གྱི་གཙོ་བོ་ཉན་ཐོས་ཆེན་པོ་བརྒྱད་ཅུ་ཞེས་གྲགས་པ་དེ་ཀུན་ཀྱང་ཕལ་ཆེར་གནས་འདིར་ཡུན་རིང་བཞུགས་པ་ཤ་སྟག་ཡིན། སངས་རྒྱས་ཀྱིས་ཆོ་འཕྲུལ་ཆེན་མོ་བསྟན་པའི་གནས་ཀྱང་འདི་ཡིན། རྒྱལ་བྱེད་ཚལ་ནས་བྱང་དུ་བལྟས་ན་སོ་ཕག་གི་ལྕགས་རི་ཞིག་པོ་སྒང་བརྒྱུད་ལྟ་བུ་མཐོང་བ་དེ་མཉན་ཡོད་དུ་ཡོད་པའི་གྲོང་ཁྱེར་གྱི་ཤུལ་ཡིན་ཅིང་དེའི་ཤར་ངོས་ན་གྲོང་ཐོར་རེ་བ་ཞིག་མཐོང་བ་དེ་ཤར་གྱི་ཀུན་དགའ་ར་བའི་ཤུལ་ཡིན་ནམ་ཟེར། དེས་ན་མཉན་ཡོད་འདི་ནི་རང་རེ་སངས་རྒྱས་པ་ཀུན་གྱིས་མཐོང་ན་སྟོན་པའི་མཛད་སྤྱོད་ཀུན་ལ་དྲན་གསོས་ཐེབས་པའི་གནས་ཡིན་མོད་གནས་སྐོར་བ་རྣམས་ཨམ་འབར་སར་ལ་འགྲོ་བའི་གནས་ནས་གཡས་བསྐྱུར་གཡོན་བསྐྱུར་བྱས་ཏེ་འགྲོ་བ་འདི་བློ་ཕམ་ཆེ། སླར་བར་རམ་བུར་ནས་ཊི་ཀ་བླངས་ཏེ་ལ་ག་ནཽ་དང་དེ་ནས་བ་ཁ་ན་བར་དང༌། དེ་ནས་མེ་ལི་འགའ་ཙམ་སོང་ན་སང་ཁ་ས་ལ་སླེབས། 

དེ་ནས་སྟོན་པས་ཡུམ་ལ་ཆོས་གསུངས་པའི་སླད་དུ་ལྷ་ཡུལ་དུ་དབྱར་གཅིག་བཞུགས་ཤིང་སླར་འཛམ་གླིང་དུ་བབས་པའི་གནས་ཡིན། དེར་སྔོན་བཙུན་པ་ཐང་ཟན་གྱིས་གཟིགས་པའི་མྱ་ངན་མེད་ཀྱི་རྡོ་རིང་གི་ཏོག་གླང་ཆེན་གྱི་གཟུགས་ཞིག་ས་མིག་ལྟ་བུར་ཡོད། དེ་ལྟར་གོང་དུ་བཤད་པའི་གནས་འདི་དག་ནི་ཡོངས་སུ་གྲགས་པའི་གནས་ཆེན་རྣམས་ཀྱི་གཙོ་བོ་ཡིན་ཅིང་རི་ལི་བརྒྱུད་ན་ཕན་ཚུན་དེ་ཙམ་གྱི་ཐག་རིང་མིན་པས་ཅིས་ཀྱང་མཇལ་ཐུབ་པ་ལ་འབད་པར་བྱའོ།། བི་ན་ར་སི་ནས་ཨ་ལ་ཧ་བ་ད་དང་དེ་ནས་བྷ་ར་ཝ་རི་བར་སོང་ནས་མོ་ཊར་ལས་མེ་ལི་མང་ཙམ་སོང་བ་ན་ཆུ་བོ་ཡ་མུ་ནའི་འགྲམ་དུ་ཀཽ་ཤམ་བིའི་ཤུལ་་ཡོད་པ་དེར་དེང་སང་ཡང་ཀོ་ཤམ་ཟེར། དེར་མྱ་ངན་མེད་ཀྱི་རྡོ་རིང་དང་ཞིང་གི་དཀྱིལ་ན་སྔོན་གྱི་གྲོང་ཁྱེར་གྱི་ལྕགས་རི་གསལ་ཙམ་ཡོད། འདིར་བློན་པོ་གདངས་ཅན་གྱིས་སངས་རྒྱས་སྤྱན་དྲངས་ཏེ་ལོ་གཅིག་བཞུགས། ཀཽ་ཤམ་བི་ནས་ལྷོ་ཕྱོགས་རྒྱང་རིང་པོ་ན་རི་བོ་འབིགས་བྱེད་ཀྱང་གསལ་བར་མཐོང༌། ཡང་བི་ན་ར་སི་ནས་ཕེ་ཟ་བ་ད་དང་དེ་ནས་ཆུ་བོ་ས་ར་ཡུའི་ལྷོ་འགྲམ་དུ་ཨ་ཡོ་དྷ་ཡ་ཡོད། དེ་ནི་གྲོང་ཁྱེར་འཐབ་པ་མེད་པ་རྒྱལ་པོ་དགའ་བྱེད་རཱ་མ་འཁྲུངས་པའི་གནས་ཡིན་ཅིང་གྲོང་ཁྱེར་དྲུག་གི་ནང་ཚན་ས་ཀེ་ཏ་གནས་བཅསཡང་དེ་ཡིན། ཨ་ལ་ཧ་བ་ད་ནས་དྷི་ལི་ལ་འགྲོ་བའི་ལམ་དུ་ཐོག་མར་ཨ་རག་བྱ་བར་སླེབས། དེར་ཀླ་ཀློའི་རྒྱལ་པོ་ཤ་ཇང་གི་བཙུན་མོའི་མཛེས་མ་མུཾ་ཏ་ཇིརོ་ཁང་འཇིག་རྟེན་ན་གྲགས་པ་དེ་ཡོད། བྱིན་རླབས་ནི་བཤད་རྒྱུ་མེད་ལ། ངོ་མཚར་ནི་བཤད་ན་མི་འཛད་པས་འདིར་མ་བྲིས།

ཨག་ར་ནས་སོང་ན་མ་ཐུ་ར་ལ་སླེབས། དེ་ནི་བཅོམ་བརླག་གི་ཡུལ་ཏེ་ད་དུང་ཡང་གྲོང་ཁྱེར་ཆེ། དེར་སྟོན་པ་ཡང་བྱོན་ཅིང་འཕགས་པ་ཤ་ནའི་གོས་ཅན་ཀྱང་ཡུན་རིང་བཞུགས། སྔོན་རྒྱལ་བསྟན་ཤིན་ཏུ་དར་བའི་གནས་ཡིན། ད་མུ་སེམ་འགྲེམས་སྟོན་ཁངཁང་དུ་ཕྱོགས་དེ་ནས་རྙེད་པའི་སྐུ་བརྙན་རྣམས་བཞུགས། བཅོམ་བརླག་བྱང་གངྒཱ་དང་ཡ་མུ་ནའི་བར་གྱི་ཡུལ་དེ་རྣམས་པཉ་ཙལྔ་ལེན་གྱི་ཡུལ་ཡིན། དེ་ནས་དྷི་ལི་ལ་སླེབས་ཤིང་ཕྱོགས་དེ་སྔོན་གྱི་ཀུ་རུའི་ཡུལ་ཡིན། དྷི་ལི་ནས་རི་ལི་ལ་ཞུགས་ཏེ་ཨ་མྲ་ལ་དང་ཛ་ལན་དྷ་ར་བརྒྱུད་ནས་ཨམ་བྷར་སར་ཨ་མྲི་ཏ་སརདུ་སླེབས། ཨམ་བྷར་སར་ནི་གུ་རུ་ན་ཀ་དེ་བོའི་གནས་རྣམས་ཀྱི་གཙོ་བོ་ཡིན་ཅིང༌། གུ་རུ་དེ་རབ་བྱུང་བརྒྱད་པའི་ས་མོ་གླང་གི་ལོ་ལ་ནུབ་ཕྱོགས་ལ་ཧོར་དང་ཉེ་བའི་གྲོང་ཞིག་ཏུ་ཚོང་དཔོན་ཀ་ལུ་བྱ་བའི་སྲས་སུ་འཁྲུངས་ཏེ་ད་ལྟའི་མེ་གླང་འདི་བར་ལོ་དྲུག་བརྒྱ་དང་བཞི་སོང༌། དགུང་ལོ་བདུན་ཅུ་པ་ལ་སྐུ་གཤེགས་ཤིང་དེའི་རྗེས་སུ་གུ་རུའི་ཆོས་བརྒྱུད་འཛིན་པ། རཱ་མ་ད་ས་དང༌། གོ་བིནྡ་སིངྷ་སོགས་གུ་རུ་དགུ་ཙམ་བྱོན། ཁོང་གི་ཆོས་བརྒྱུད་དེ་ལ་སི་ཀ་ཟེར་བ་དེང་སྐབས་སིག་ཏུ་འབོད་པའི་སྐྱེ་བོ་རང་བཞིན་བཟང་ཞིང་སྦྱིན་པ་ལ་དགའ་བ་ནང་པ་དང་ཁྱད་མེད་པ་དེ་དག་བྱུང་བ་ཡིན། ཨམ་འབར་སར་ནས་པ་ཐཱན་ཀོ་ཊི་དང༌། དེ་ནས་ནག་རོ་ཊ་བར་རི་ལིར་འགྲོ། ནག་རོ་ཊར་མ་སླེབས་པའི་གྲུ་ཟན་གཉིས་ཀྱི་གོང་དུ་ཀཱང་ར་བྱ་བར་སླེབས། ཆུའི་བྱང་ཕྱོགས་ཀྱི་རི་ངོས་སུ་གྲོང་ཁྱེར་ཀཱང་ར་ཡོད། དེ་ནི་གནས་ཆེན་ཉེར་བཞིའི་ནང་གི་ནུབ་ཕྱོགས་ཛ་ལན་དྷ་ར་བྱ་བའི་གྲགས་ཆེན་དེ་ཡིན་ཞིང༌། རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་དང༌། དེའི་སློབ་མ་ཨོ་རྒྱན་པ་དང༌། སྟག་ཚང་རས་པ། རང་རིག་རས་པ་སོགས་སྔར་ཕྱོགས་འདིར་བྱོན་པ་སོ་སོའི་རྣམ་ཐར་དུ་གསལ། ལྷག་པར་རྒོད་ཚང་པ་དེ་འདིར་ལོ་ཕྱེད་ཙམ་བཞུགས་ཤིང་གནས་བཤད་ཞིབ་ཏུ་གསུངས་པས་ཐེ་ཚོམ་ཐམས་ཅད་ཆོད་པ་ཡོད། མཇལ་ས་གཙོ་བོ་ཀཱང་ར་མན་དིར་ནང་དུ་མགོ་ལྟ་བུའི་ལིངྒ་དེ་ཡིན། ཀཱང་རར་མ་སླེབས་གོང་དུ་ཛ་ལ་མུ་ཁི་བྱ་བར་སླེབས། དེར་ས་ལ་མེ་འབར་མཇལ་རྒྱུ་ཡོད་ཅིང༌། དེ་ཡང་རྒོད་ཚང་རྣམ་ཐར་དུ་གསལ།

    \ནག་རོ་ཊ་ནས་མོ་ཊར་ཞུགས་ཏེ། མན་དེ་གྲོང་བརྒྱུད་ནས་མཚོ་པདྨ་ར་བལ་སར་དུ་སླེབས། ཡང་མན་དེའི་ཆུ་བརྒྱུད་ནས་མོ་ཊར་ལས་ཀུ་ལུ་ལ་སླེབས། ཡུལ་དེ་ལ་བོད་སྐད་དུ་ཉུང་ཏི་ཟེར། དེ་གནས་ཆེན་ཉེར་བཞིའི་ནང་གི་ཀུ་ལུ་ཏ་ཡིན་པར་གཞུང་མང་པོར་གསུངས་ཤིང༌། བུ་སྟོན་གྱི་བདེ་མཆོག་སྤྱི་རྣམ་དུ་གར་ཞའི་རྒྱབ་ཉུང་ཏིའི་ཕུག་ཅེས་ཤིན་ཏུ་གསལ་བར་བཤད། པུས་མོ་ལྟ་བུའི་ལིངྒ་ནི་ཤར་རིའི་རྩེ་ན་ཡོད་པའི་ལྷ་རྟེན་གློག་གི་དབང་ཕྱུག་བྱ་བ་དེ་ཡིན་ཟེར། འོན་ཀྱང་བུ་སྟོན་གྱིས་བྲག་ཕུག་ཅིག་ན་ཡོད་པར་གསུངས། ཀུ་ལུའི་བྱང་དུ་རོ་ཐང་ལ་བརྒལ་ན་བོད་ཀྱི་ཡུལ་ག་ཞ་མཁའ་འགྲོའི་གླིང་ཞེས་འབྲི་གུང་སྐྱོབ་པས་བསྔགས་པ་དེར་སླེབས། དེར་དྲིལ་བུ་རི་རི་དང༌། ལུང་སྨད་དུ་འཕགས་པ་འཇིག་རྟེན་གསུམ་མགོན་བྱ་བའི་སྤྱན་རས་གཟིགས་ཀྱི་སྣང་བརྙན་ངོ་མཚར་ཅན་དེ་བཞུགས། འཕགས་པའི་བཞུགས་ས་ནས་མར་ལ་ཚ་ལམ་ཙམ་གྱི་སར་བྷག་བ་ཏེ་བྱ་བ་ལྷ་མོ་བགྲོད་དཀའི་གནས་ཤིན་ཏུ་གཉན་པ་དེ། གནས་ཆེན་ཉེར་བཞིའི་མ་རུ་ཏ་ཡིན་ཞེས་བླ་མ་འགའ་རེས་གསུངས། ཡང་ཨམ་འབར་སར་ནས་ལ་ཧོར་དུ་སོང་ན་དེའི་མུ་སིམ་ཁང་འགྲེམས་སྟོན་ཁངདུ་སྟོན་པ་དཀའ་སྤྱད་པའི་རྡོ་སྐུ་ངོ་མཚར་ཅན་དེ་ལ་སོགས་པ་སྔོན་གྱི་སྐུ་བརྙན་མང་དུ་བཞུགས། ལ་ཧོར་ནས་ར་ཝལ་པིན་ཊི་དང་དེ་ནས་གྲུ་ཟན་བཞི་ཙམ་ན་ཏག་སི་ལ་ལ་སླེབས། དེ་ནི་རྡོ་འཇོག་བྱ་བའི་ཡུལ་སྟེ་སྔོན་རྒྱ་གར་གྱི་རིག་གནས་ཀུན་གྱི་འབྱུང་ཁུངས་དང༌། གྲོང་ཁྱེར་དྲུག་གི་རྒྱལ་བུ་རྣམས་ཡོན་ཏན་སློབ་ཏུ་འགྲོ་བའི་ཡུལ་ཡིན། སྨན་པ་འཚོ་བྱེད་གཞོན་ནུས་ཀྱང་དང་པོར་སྨན་འདི་ནས་བསླབས། རང་རེའི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ཙམ་ན་ཡུལ་འདིར་བསྟན་པ་རྒྱ་ཆེ་དར་ཞིང༌། ད་ལྟ་ཡང་དྷརྨ་ར་ཛི་ཀིའི་མཆོད་རྟེན་དང་སྔོན་གྱི་དགོན་ཤུལ་མང་པོ། གྲོང་ཁྱེར་ཡོངས་རྫོགས་ཀྱི་ཤུལ་ལ་སོགས་པ་ཡོད་ཅིང༌། དེ་ནས་རྙེད་པའི་སྐུ་བརྙན་རྣམས་དེ་ཀའི་མུ་སིམ་ན་བཞུགས་སོ།།

ཏག་སིལ་ནས་རི་ལི་བརྒྱུད་དེ་ནུབ་ཏུ་སོང་ན་པིས་ཤྭ་ཝར་ཡང་མི་རིང༌། དེ་ནི་ཐོགས་མེད་སྐུ་མཆེད་འཁྲུངས་གནས་ཡིན། ཨ་ལ་ཧ་བ་དའམ་ལག་ནཽ་ནས་བྷམ་བྷེ་ཕྱོགས་སུ་སོང་བས་སན་ཅི་ལ་སླེབས། དེར་ཆོས་རྒྱལ་མྱ་ངན་མེད་ཀྱི་མཆོད་རྟེན་ཆེན་པོ་ངོ་མཚར་བའི་སྒོ་བཞི་དང་ལྡན་པ་དེ་ཡོད། དེ་ནས་ཨུ་ཇེན་ལ་སླེབས། དེ་ནི་རྒྱལ་པོ་རང་སྣང་གི་གྲོང་ཁྱེར་འཕགས་རྒྱལ་ཡིན་ཅིང་འཕགས་པ་ཀ་ཏ་ཡ་ནས་བསྟན་པ་དར་བར་མཛད་པའི་གནས་ཡིན། དེ་ནས་སླར་ཡང་བྷོམ་བྷེ་ཕྱོགས་སུ་སོང་བས་འཇལ་གྷོན་གྲུ་ཟིན་ལ་ཐུག་ཅིང་དེ་ནས་བབས་ཏེ་མོ་ཊ་ལས་ཨ་ཇན་ཏ་ལ་སླེབས། དེ་ནི་དེང་འཇིག་རྟེན་ན་གྲགས་པའི་གནས་ངོ་མཚར་ཅན་ཏེ། ཕྱི་བྲག་རི་ལ་གཙུག་ལག་ཁང་ཆེ་ཆུང་སྣ་ཚོགས་པར་ཡོད་པ། ལྡེབ་རིས་ལ་སྟོན་པའི་རྣམ་ཐར་དང་སྐྱེས་རབས་ཀྱི་རི་མོ་ངོ་མཚར་བས་བརྒྱན་པ། ནང་གི་ཀ་གདུང་ལ་སོགས་པའི་ལྷ་ཁང་དེ་དག་ཐམས་ཅད་ཀྱང་བྲག་ཧྲིལ་པོ་གཅིག་ལས་བཟོས་པ་སོགས་བློའི་ཡུལ་ལས་འདས་པའི་ངོ་མཚར་ཅན་དེ་འཛམ་བུ་གླིང་གི་སའི་སྙིང་པོ་ལྟ་བུ་ཡིན་ནོ།། བྲག་ཕུག་དེར་དེང་སང་གླིང་ཆེན་དྲུག་གི་མི་ཐམས་ཅད་འགྲོ་ཞིང་ནང་ཐམས་ཅད་དུ་གློག་ཞུ་ཡར་སྦར་ཡོད། ཨ་ཇན་ཏ་ནས་མོ་ཊ་ལས་མི་རིང་བར་ཨེ་ལོར་ལ་སླེབས། དེང་སང་གི་མིང་ཝ་རུལ་ཟེར། དེར་ཡང་བྲག་གི་ལྷ་ཁང་སྔ་མ་དང་ཕྱོགས་མཚུངས་པ་ཡོད། སླར་ཨའོ་རང་ག་བྷད་ནས་རི་ལི་ལ་ཞུགས་ཏེ་སོང་བས་མན་མ་ད་དང༌། དེ་ནས་ཀ་ལཡན། དེ་ནས་ལུ་ན་བ་ལ་དང༌། དེ་ནས་རྐང་ཐང་ལ་མེ་ལི་གསུམ་ཙམ་སོང་ན་ཀར་ལེ་བྱ་བའི་བྲག་ཕུག་གི་ལྷ་ཁང་ཆེན་མོ་མི་སྟོང་ཕྲག་ཙམ་ཤོང་བ་རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ན་བྱུང་བ་ཞིག་ཡོད། ཡང་པ་ཊ་ན་ནས་མུ་ཟ་ཕར་ཕུར་ལ་སོང༌། དེ་ནས་མོ་ཊར་ལས་བྷ་ཁ་ར་བྱ་བར་མྱ་ངན་མེད་ཀྱི་རྡོར་རིང་དང༌། དེ་ནས་མེ་ལི་གཉིས་ཙམ་ན་བྷ་ས་ར་བྱ་བའི་གྲོང་དང་ཉེ་བར་བཻ་ཤ་ཡ་ལི་ཡངས་པ་ཅན་གྱི་ཤུལ་ཡོད། མུ་ཟ་ཕར་ཕུར་ནས་རག་སོལ་ལ་འགྲོ་བའི་ལམ་དུ་ས་གོ་ལི་བྱ་བའི་གྲུ་ཟན་ནས་རི་ལི་བརྗེས་ཏེ་ཅུང་ཟད་སོང་ན་བེ་ཏི་ཨ་ལ་སླེབས། འདིའི་མིང་ལ་སྔོན་བི་དེ་ཧ་ཟེར་ཞིང་ལུས་འཕགས་ཀྱི་ཡུལ་བྱ་བ་ཡིན། སྟོན་པ་ཡང་ཕྱོགས་འདིར་ཕེབས་ཅིང་རྒྱལ་པོ་མ་སྐྱེས་དགྲའི་ཨ་མ་ཡང་ཡུལ་འདི་ནས་ཡིན། དེར་གནས་བསྐོར་བ་ཞིག་གི་དག་སྣང་ལ་ཤར་བའི་དྲི་མེད་ཀུན་ལྡན་གྱི་ཕོ་བྲང་ཞིག་ཀྱང་ཡོད། དེ་རག་སོལ་ལ་འགྲོ་ཞིང་དེ་བལ་ཡུལ་གྱི་ས་མཚམས་ཡིན། རག་སོལ་ནས་རིལ་ཆུང་དང་མོ་ཊར་བརྒྱུད་ནས་ལ་རྩ་བར་དང༌། དེ་ནས་རྐང་འགྲོས་ཀྱིས་ཉིན་གཉིས་ལ་བལ་ཡུལ་མཐིལ་དུ་སླེབས། དེར་རྟེན་གྱི་གཙོ་བོ་རང་བྱུང་མཆོད་རྟེན་ཤིང་ཀུན་དང༌། བྱ་རུང་ཁ་ཤོར། སྟག་མོ་ལུས་སྦྱིན་སོགས་གནས་རྟེན་ཤིན་ཏུ་མང་པོ་དང༌། གཞན་ཡང་དམ་པ་འགའ་ཞིག་གིས་ཡུལ་འདི་ལི་ཡུལ་དུ་ངོས་བཟུང་བ་ལ་བརྟེན། གླང་རུ་ལུང་བསྟན་ལ་གསུངས་པའི་གནས་རྣམས་ཀྱང་ཡུལ་འདིར་མཇལ་རྒྱུ་ཡོད་དོ།།

ཕྱོགས་འདིར་བོད་རིགས་དང་། བལ་པོ་བོད་སྐད་ལ་བྱང་བ་མང་དུ་ཡོད་ཅིང༌། གནས་རྣམས་ཀྱང་རྩད་གཅོད་བདེ་བས་འདིར་ཞིབ་ཏུ་མ་བྲིས། ཡང་གཱ་ཡ་ནས་ཀ་ལི་ཀ་ཏར་འགྲོ་བའི་ལམ་དུ་སུལ་ཏན་གན་ཇི་བྱ་བའི་གྲུ་ཟན་ལ་སླེབས། དེར་གྲོང་དང་ཉེ་བའི་གངྒཱའི་ཆུ་དཀྱིལ་ན་བྲག་རི་ལྷ་ཁང་ཅན་ཞིག་ཡོད་པའི་ཚུར་ངོས་ཀྱི་ཆུ་འགྲམ་བྲག་རི་ཆུང་ངུ་ཞིག་ཡོད་ས་དེ་བི་ཀྲ་མ་ཤི་ལའི་དགོན་ཤུལ་ཡིན་ཀྱང་ས་མ་བརྐོས་པས་ས་མིག་འདི་ཡིན་ད་དུང་མི་ཤེས། དེ་ནས་སོང་བས་བྷང་གལ་པུར་དུ་སླེབས་ཤིང་དེ་ནི་སྔོན་གྱི་བྷངྒ་ལའི་རྒྱལ་ཁབ་ཏེ་སློབ་དཔོན་ཞི་བ་འཚོ་དང་ཇོ་བོ་རྗེ་འཁྲུངས་པའི་གནས་ཡིན་ཅིང་ཡུལ་ཙམ་པ་ཡང་དེ་ཡིན། ཟ་ཧོར་རམ་ས་ཧོར་ཡང་དེ་དང་ཉེ་བར་སྔོན་གྱི་ཕོ་བྲང་གི་ཤུལ་སོགས་ཡོད་ཟེར། ཀ་ལི་ཀ་ཏ་ནས་རི་ལི་དང་འཇའ་ཙི་ལས་ཤར་ཕྱོགས་སུ་ཆེར་མི་རིང་བ་ན་ཅི་ཊ་གོང་ཡོད། དེར་ནི་མ་ཧཱ་མུ་ནིའི་གཙུག་ལག་ཁང་སོགས་དང་དགེ་འདུན་གྱི་སྡེ་མང་དུ་བཞུགས། ཡུལ་དེར་ནི་སྔོན་ནས་ད་ལྟའི་བར་བསྟན་པ་མ་ཉམས་པར་བཞུགས་ཤིང༌། པཎ་ཌི་ཏ་ནགས་ཀྱི་རིན་ཆེན་བྱོན་ས་ཡང་འདི་ཡིན་པར་སེམས། ཡང་པརྦ་ཏི་པུར་ནས་གྷོ་ཧ་ཊ་བར་རི་ལི་དང་དེ་ནས་མེ་ལི་བཅུ་བདུན་སོང་ན་ཤར་རྩ་མཆོག་གྲོང་མ་ཧཱ་མུ་ནིཡོད། དེ་ནི་གནས་ཆེན་ཉེར་བཞིའི་ཡ་གྱི་ཀ་མ་རཱུ་པ་ཡིན་འདུག་ཅིང༌། སྔོན་མདོ་སྔགས་གཉིས་ཀའི་བསྟན་པ་ཤིན་ཏུ་དར་བའི་གནས་ཡིན། ཡང་ཀ་ལི་ཀ་ཏ་ནས་མེ་རྡི་ལ་ས་ལ་འགྲོ་བའི་རི་ལི་ལ་ཞུགས་ཏེ་ཕྱིན་པས་ཐོག་མར་ཨོ་རི་ས་ལ་སླེབས། ཡུལ་དེ་ནི་ཨོ་ཊི་བི་ཤའམ་ཀ་ལིང་ཀའི་ཡུལ་ཏེ་སྔོན་གསང་སྔགས་དར་བའི་གནས་ཡིན་ཅིང་ད་དུང་ཡང་དེར་ནི་ནང་པའི་སྔགས་ཉམས་སུ་ལེན་པ་ཡོད་ཅེས་ཟེར། ཡུལ་དེར་རྒྱ་མཚོའི་འགྲམ་དང་ཉེ་བ་ན་པུ་རིཛ་གད་ན་ཐ་བྱ་བའི་ཁྱབ་འཇུག་གི་ལྷ་ཁང་ངོ་མཚར་ཅན་དེ་ཡོད། ཨོ་རིས་ནས་སྔར་གྱི་རིལ་ལམ་བརྒྱུད་དེ་ལྷོ་ཕྱོགས་སུ་སོང་བ་ལས་ཆུ་བོ་ཀྲི་ཥཎ་བརྒལ། རྦེ་ཟ་བ་དེའི་གྲུ་ཟན་ནས་རི་ལི་བརྗེས་ཏེ་རྒུན་ཏུར་ལ་འགྲོ། དེ་ནས་མོ་ཊར་ལས་ཤྲི་དྷ་ན་ཀ་ཊ་ལ་སླེབས་ཅིང་དེ་འབྲས་སྤུངས་མཆོད་རྟེན་གྱི་གནས་ཤུལ་འཁྲུལ་མེད་དེ་ཡིན། དེ་ནས་མེ་ལི་བཅོ་ལྔ་ཙམ་ཆུ་འགྲམ་ཕྱོགས་སུ་སོང་བས་ན་ག་རཾ་རྫུ་ན་ཀོན་ཊ་བྱ་བ་ལྷོ་ཕྱོགས་དཔལ་གྱི་རི་ཀླུ་སྒྲུབ་ཡབ་སྲས་བཞུགས་ས་དེར་སླེབས། དེར་མཇལ་རྒྱུ་ཡང་མང་པོ་ཡོད།

དེ་ནས་གུན་དར་ནས་སླར་རི་ལི་ལ་ཞུགས་ཏེ་ཊེ་ན་ལི་དང་དེ་ནས་མེ་རྡིར་ས་བརྒྱུད་དེ་ར་མེ་ཤྭ་ར་བར་འགྲོ། ར་མེ་ཤྭ་ར་ཡང་གནས་ཆེན་ཉེར་བཞིའི་ནང་གི་གཅིག་ཡིན་ཅིང༌། དེ་ནས་མེ་གྲུ་ལས་མཚོ་ལ་ཅུང་ཟད་སོང་བས་སིངྒ་ལའི་གླིང་དུ་སླེབས། དེར་རྩ་བའི་སྡེ་པ་གནས་བརྟན་པ་ལས་གྱེས་པའི་དགེ་འདུན་གྲངས་མེད་པ་བཞུགས་ཤིང་བསྟན་པ་རྒྱ་ཆེར་དར། འཇིགས་མེད་རི་དང༌། རྒྱལ་བྱེད་ཚལ། གཙུག་ལག་ཁང་ཆེན་པོ་གསུམ་ཀའི་གནས་གཞི་དག་ཀྱང་གླིང་འདིར་ཡོད། སྟོན་པ་འདས་ནས་ལོ་སུམ་བརྒྱ་ཙམ་ན་དྷརྨ་ཨ་ཤྭ་ཀའི་སྲས་གནས་བརྟན་དབང་ཆེན་སྡེ་དང༌། དེའི་སྲིང་མོ་འཕགས་མ་དགེ་འདུན་རྩ་ལག་མ་གཉིས་ཀས་གནས་འདིར་བསྟན་པ་ཐོག་མར་སྤེལ་ཞིང༌། དེ་ནས་བཟུང་བཙུན་པ་སངས་རྒྱས་དབྱངས་དང༌། དགྲ་བཅོམ་མ་ལླི་ཡ་དེ་བ། གནས་བརྟན་སྐྱབས་མཛད་ལ་སོགས་པའི་ཉན་ཐོས་ཆེན་པོ་རྣམས་དང༌། ཆོས་ཀྱི་རྒྱལ་པོ་སྐར་རྒྱལ་དང༌། འཇིགས་མེད་དང༌། རུ་ཏ་ག་མི་ན་དང༌། པར་ཀྲམ་བ་ཧུ་ཟིལ་གནོན་དཔུང་པསོགས་བསྟན་པའི་སྦྱིན་བདག་ཆེན་པོ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་རྒྱལ་བའི་བསྟན་པ་ལོ་་ཉིས་སྟོང་ལྷག་གི་ཡུན་གནས་ཤིང༌། ནང་པའི་རྒྱལ་ཁམས་ཀུན་ལས་རྒན་ཤོས་ལྟ་བུ་ཡིན། ནང་གསེས་ཀྱི་མཁན་བརྒྱུད་མི་འདྲ་བའི་སྡེ་པ་གསུམ་བཞུགས། གནས་བརྟན་པའི་ལུང་ལ་སྡེ་སྣོད་གསུམ་ལས། འདུལ་བ་ལ་ཕམ་པ་སོགས་པའི་སྡེ་ཚན་བདུན། མདོ་སྡེ་ལ་ལུང་རིང་པོ་དང༌། བར་མ་ལ་སོགས་པ་སྡེ་ཚན་ལྔ༌། མངོན་པ་ལ་ཁམས་ཀྱི་གཏམ་ལ་སོགས་པ་བདུན། དེ་དག་རེ་རེ་ལ་ཡང་མདོ་ཕྲན་དུ་མ་དང༌། དེ་དག་གི་དགོངས་འགྲེལ་སངས་རྒྱས་དབྱངས་སོགས་ཀྱིས་མཛད་པ་བཅས་རྒྱ་ཆེར་ཡོད་དོ།། རྟེན་གྱི་གཙོ་བོར་གྱུར་པ་ནི་ཀན་དྷི་ན་ཀ་ལིངྐའི་རྒྱལ་པོའི་གདུང་སྐལ་སྟོན་པའི་ཚེམས་མཆེ་བ་དང༌། ཨ་ནུ་ར་དྷ་པུ་ར་ན་མྱ་ངན་མེད་ཀྱིས་སྐྱེས་སུ་གནང་བའི་བྱང་ཆུབ་ཤིང༌། རི་བོ་ཤྲཱི་པ་དིའི་རྩེར་སྟོན་པའི་ཞབས་རྗེས་བཅས་ཡོད། ས་ག་ཟླ་བའི་ཉའི་ཉིན་མོར་འཇིག་རྟེན་ན་དཔེ་མེད་པའི་སངས་རྒྱས་པའི་དུས་སྟོན་ཆེན་པོ་བྱེད་དོ།། སིངྒ་ལ་ཡི་གནས་བརྟན་སྡེ་པ་དང༌། །གངས་རིའི་ལྗོངས་ཀྱི་ཡོད་པར་སྨྲ་བ་གཉིས། །སྟོན་པ་གཅིག་གིས་བསྐྱངས་པའི་སློབ་མ་སྟེ། །བཅོ་བརྒྱད་སྡེ་པ་ནུབ་པའི་ལྷག་མ་ཉིད། །ཅེས་ཀྱང་སྨྲས་སོ།།

ཀ་ལི་ཀ་ཏ་ནས་སྒོར་བཅོ་ལྔ་ཙམ་ལ་འཇའ་ཙི་ནས་ཕྱིན་པས་བྷར་མ་རན་གུན་དུ་སླེབས། དེར་ཡང་དགེ་སློང་ཁྲི་ཕྲག་དུ་མ་བཞུགས་ཤིང༌། ཡོངས་སུ་གྲགས་པའི་མཆོད་རྟེན་ཆེན་པོ་གསེར་གྱི་པ་རྒོ་དྷ་དེ་ནི་སྟོན་པས་ཐོག་མར་བཀྲ་ཤིས་ཀྱི་ཚིགས་བཅད་གསུང་ཡུལ་གྱི་ཚོང་པ་ག་གོན་དང་བཟང་པོ་གཉིས་བྷར་མ་ནས་ཡིན་པས་དེ་གཉིས་ཀྱིས་སྟོན་པའི་དབུ་སྐྲ་དང་སེན་མོ་བླངས་ཏེ་མཆོད་རྟེན་བརྩིགས་པ་ཡིན་ཅེས་ཁོང་དག་ཟེར། རན་གུན་ནས་སིངྒ་པུར་བར་སྒོར་ཉི་ཤུ་ཙམ་རིལ་གླ་དང་དེ་ནས་འཇའ་རྩི་ལས་སྒོར་བཅུ་ཙམ་ན་སུམ་ཏར་ལ་སླེབས། དེ་ནི་གསེར་གླིང་སྟེ་བསྟན་པ་ནི་མེད། གསེར་གླིང་གི་ཤར་ཕྱོགས་སུ་འཇའ་བའམ་འབྲུའི་གླིང་ཡོད། ཞི་བ་སྦས་པའི་སྐབས་གླིང་འདི་ད་དུང་ཡང་བསྟན་པ་གནས་ཚུལ་བཤད། སིངྒ་པུར་ནས་འཇའ་རྩི་ལས་སྒོར་བཞི་བཅུ་ཙམ་གྱིས་སླེབས། དེར་བསྟན་པ་ནི་མེད། བྷ་རོ་བྷ་དུར་བྱ་བའི་སྔོན་གྱི་མཆོད་རྟེན་རི་ཆེན་པོ་ལྟ་བུ། བང་རིམ་གྲུ་བཞི་པ་ལྔ༌། ཟླུམ་པོ་དྲུག ཟླུམ་པོ་འོག་མར་མཆོད་རྟེན་ཆུང་ངུ་སོ་གཉིས། དེའི་སྟེང་མར་ཉེར་བཞི། དེའི་སྟེང་མར་བཅུ་དྲུག དབུས་སུ་མཆོད་རྟེན་ཆེན་པོ་གཅིག་བཅས་ངོ་མཚར་བའི་རྨི་ལམ་གཟུགས་སུ་གྲུབ་པ་འདྲ་བ་ཞིག་ཡོད་པ་དེ་གནས་བསྐོར་བ་ཞིག་གིས་གསར་དུ་མཐོང་ན་འབྲས་སྤུངས་མཆོད་རྟེན་དུ་བྱེད་རྒྱུར་འདུག་ཅིང༌། མན་ལུང་གུ་རུའི་དགོངས་ཚོད་ཀྱང་དེ་ཡིན་རྒྱུར་འདུག་གོ།

བྷར་མའི་ཤར་རྒྱ་ནག་ཏུ་ཆུ་ཐོག་བརྒྱུད་ནས་འགྲོ་བའི་ལམ་དུ་སི་ཡམ་གྱི་ཡུལ་ཡོད་ཅིང༌། དེར་བསྟན་པ་ཤིན་ཏུ་དར། དགོན་གནས་ཆེ་ཆུང་སྡོམ་པ་རང་ཡང་ཆིག་ཁྲི་དྲུག་སྟོང་ལྷག་ཙམ་དང༌། རྒྱལ་ས་འབེན་ཀོག་ཏུ་ཕར་ཀེའོ་བྱ་བའི་གཙུག་ལག་ཁང་ན་ལྷའི་དབང་པོས་བཟོས་པར་གྲགས་པའི་མརྒད་ལས་གྲུབ་པའི་སྟོན་པའི་སྣང་བརྙན་འཛམ་གླིང་གི་ནོར་གྱི་རིན་ཐང་ཅན་དུ་གྲགས་པ་བཅས་བཞུགས། དེ་ལྟར་ན་ཉན་ཐོས་ཀྱི་སྡེ་སྣོད་གཙོ་བོ་དར་བའི་ཡུལ་ནི་བྷར་མ། སི་ཡམ། སིངྒ་ལ་གསུམ་པོ་འདི་ཡིན་ལགས། སི་ཡམ་གྱི་ཤར་ཕྱོགས་ཨིན་ཊོ་ཅི་ནའི་ཡུལ་དུ་ཡང་བསྟན་པ་དར་ཞིང་དགེ་སློང་མང་དུ་བཞུགས། རྒྱ་སྐད་དུ་ཡུལ་འདི་ལ་ཀ་མཔོ་ཇ་ཞེས་གྲགས། རྒྱ་ནག་སྟོང་ཁུན་ཞེས་ཟེར་བ་ཡང་ཡུལ་འདིའི་རྒྱལ་ས་རྙིང་པའི་མིང་ཡིན་ཞིང༌། སྔར་ཟ་ཧོར་དང་འདི་གཉིས་ཕན་ཚུན་འབྲེལ་ཆེ་བའི་ལོ་རྒྱུས་མང་ངོ༌།།

དེ་ལྟར་གོང་དུ་ཁ་ཚོན་བཅད་དེ་ངོས་བཟུང་བའི་གནས་དེ་དག་ནི་སྔོན་གྱི་རབས་ལ་དཔྱད་པ་རྫོགས་པའི་མཁས་པ་རྣམས་ལ་དྲི་གཏུག་དང་བོད་ཀྱི་ལོ་རྒྱུས་རྙིང་པ་འཁྲུལ་མེད་རྣམས་དང་ཡང་ཞིབ་ཏུ་བསྒྲིགས་ཏེ་མཚན་མཚོན་ངོ་འཕྲོད་ནས་བྲིས་པ་ཡིན་གྱི། ཡིན་ནམ་སྙམ་པ་ལ་ཡིན་ནོ་ཞེས་ཁ་རྦད་བྱས་པ་ཅུང་ཟད་ཀྱང་མེད་པས་ཐེ་ཚོམ་ཕྲ་མོ་ཙམ་ཡང་མི་དགོས་སོ།། གཞན་གནས་བསྐོར་བ་རེས་གནས་རྒྱུས་མེད་དུ་སླེབས་ནས་ལྷ་ཁང་ངོ་མཚར་ཅན་རེ་མཐོང་ན། རྒྱུ་མཚན་ཅི་ཡང་མེད་པར་འདི་སངས་རྒྱས་ཀྱི་གནས་ག་གེ་མོ་དང་ཆ་གེ་མོ་ཡིན་ནོ་ཞེས་ངོས་བཟུང༌། གཏམ་དེ་གཅིག་གིས་གཅིག་ལ་བསྒྲགས་ཏེ་གྲགས་བྱུང་བའི་གནས་ཀྱང་ལོ་རེ་བཞིན་མང་དུ་འགྲོ་བར་འདུག་པས། རྣམ་དབྱེ་ལེགས་པར་ཕྱེད་དགོས་ཏེ། དཔེར་ན་ཆོས་འཁོར་བསྐོར་བའི་གནས་ལྟ་བུ་ཞིག་ལ་མཚོན་ན། དང་པོ་བོད་སྐད་དུ་གནས་དེའི་མིང་ལ་གང་ཟེར་ཤེས་དགོས། དེ་ལ་དྲང་སྲོང་ལྷུང་བ་ཟེར། དེ་ནས་བོད་ཚིག་དེ་དང་པོ་རྒྱ་སྐད་གང་ལས་བསྒྱུར་བ་ཤེས་དགོས། དེ་ལ་རི་ཥི་པ་ཏ་ན་ཟེར། དེ་ནས་རི་ཥི་པ་ཏ་ན་ལ་དེང་སང་གང་འདྲ་ཟེར་དྲིས་པས་ས་ར་ན་ཐ་ཟེར་བ་སོགས་རིམ་པར་སྦྱར་ནས་མཐར་ཉེ་འཁོར་གྱི་གྲོང་ཁྱེར་དང་མཐའ་ན་ཨ་སི་དང་ཝ་ར་ཎཱ་སི་ཚུན་ཆད་ཀྱང་ངོ་འཕྲོད་ནས་གནས་གཅིག་ངོས་འཛིན་དགོས་པ་ཡིན་གྱི། དང་པོ་ཐམ་ཐོམ་ལ་སྨྲས། རྗེས་སུ་དད་པ་ཡོད་ན་གང་ཡང་རུང་ཞེས་ཨུ་ཚུགས་བྱས་ཏེ། གནས་དངོས་མ་དང་བརྫུན་མ་འདི་ཡིན་སྟོན་རྒྱུ་མེད་པ་དེ་འདྲ་མི་གནང་བར་གསོལ་བ་ལན་བརྒྱར་འདེབས་པ་ལགས།

གནས་ཆེན་འགའ་ཞིག་གི་ཐོ།

འདིར་རྒྱུད་སྡེ་ནས་གསུངས་པའི་གནས་ཆེན་ཉེར་བཞི་པོ་རྣམས་ནི་ཕྱི་ནང་ཐུན་མོང་གི་གནས་ཡིན་སྟབས། དེ་དག་གི་སྔགས་སྐད་ཀྱི་མི་རྣམས་བརྡ་འཕྲོད་ན། ཕར་ཆེར་ཞིག་ཛོ་ཀི་རྣམས་ཀྱིས་ཀྱང་ཤེས། ཀཱ་མ་རཱུ་པ། ཀུ་ལུ་ཏ། གོ་ད་ཝ་རི། ཨོ་ཊི། ཨོ་ཊི་བི་ཤ་དང་དོན་གཅིགརཱ་མི་ཤྭ་ར། ལམ་བ་ཀ་སྟེ་འདི་སིན་དྷུའི་ཡུལ་ཆ་སྟེ། ཀཱ་ཏ་ཡ་ནའི་ལོ་རྒྱུས་སུ་འཕྱང་བ་པ་ཞེས་བསྒྱུར་བ་དེ་དང་དོན་གཅིག སིན་དྷུ། ན་ག་ར་སྟེ་ཁ་ཆེའི་གྲོང་ཡིན། མ་ལ་ཝ། རཥཊ། གོང་དུ་བཤད་པའི་གྲོང་ཁྱེར་པ་ཊ་ལི་པུ་ཏྲ་ནི་པུ་ལླི་རཱ་མ་ཡིན་ཞེས་བུ་སྟོན་དང་མཁས་གྲུབ་སོགས་ཀྱིས་གསུངས། པིས་ཤ་ཝ་ནས་མ་ལ་གཱན་དུ་འགྲོ། དེ་ནས་རྐང་འགྲོས་ཀྱིས་སྭ་ཏ་བྱ་བའི་ལུང་པར་སླེབས་ཤིང་དེ་ནི་ཨོ་རྒྱན་གྱི་ལྟེ་བ་དེ་ཡིན། སྭ་ཏ་བྱ་བ་ཁ་ནས་བརྗོད་ཚེ་ས་བད་ཅེས་དྲི་དགོས་ཤིང༌། བརྡ་མ་འཕྲོད་ན་རྒྱ་གར་ཡི་གེའམ་དབྱིན་ཇིའི་ཡི་གེ་འདི་བསྟན་ན་ཤེས། ཡུལ་དེར་ཨོ་ཊི་གྲམ་བྱ་བ་ཡོད་ཅིང་དེ་དྷཱུ་མ་ཐ་ལའི་གྲོང་ཡིན། དེ་ཡང་ཨོ་རྒྱན་གྱི་ཡུལ་འདི་ནི་ཤིན་ཏུ་གྲགས་ཆེ་བའི་རྒྱུ་མཚན་གྱིས་ངོ་མཚར་བའི་གཏམ་རྒྱུད་སྣ་ཚོགས་ཀྱིས་གཡོགས་ཏེ། ཐོས་རྒྱ་ཆུང་ཞིང་ཧར་ལ་དགའ་བའི་མི་མང་པོ་ཞིག་གིས་ངེད་ཀྱིས་སྨྲས་པ་འདི་ལ་ཡིད་ཆེས་པར་ཤིན་ཏུ་དཀའ་མོད་ཀྱི། ཆེས་སྔ་མོའི་དུས་ན་ཕྱོགས་འདིར་དངོས་སུ་བྱོན་ཞིང་ལམ་ཡིག་བྲིས་པ། ཐང་གི་གོང་མའི་ཕོ་ཉ་ཟུང་ཡུན་དང༌། ནུབ་ཕྱོགས་ཀྱི་རྒྱལ་པོ་ཨེ་ལེགས་ས་ན་དྷར་དང༌། རྒྱའི་བཙུན་པ་ཕ་ཝེན་གཉིས་སོགས་ཀྱི་ལམ་ཡིག་ཕྲ་ཞིབ་སྐད་རིགས་གཞན་དུ་ཡོད་པ་རྣམས་ནི་སྨྲོས་མ་དགོས་ལ། རེ་ཞིག་རང་ཅག་བོད་ཀྱི་ཡུལ་འདི་ནས་ཀྱང༌། ད་ལྟའི་མི་ལོ་དྲུག་བརྒྱ་ལྷག་གི་སྔ་རོལ་དུ། རྗེ་རྒོད་ཚང་པའི་བུ་ཆེན་དང༌། ཀརྨ་རང་བྱུང་པའི་སློབ་དཔོན་དུ་གྱུར་པ། གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་དེ། ཟླ་བོ་དཔལ་ཡེ་འཁྲིད། དབྱུག་པ་ཕྱག་ཏུ་ཐོགས། ཞབས་ས་ལ་བཙུགས་ཏེ། འགྲོ་བ་མི་ཡི་ལུགས་སུ་གནས་འདིར་བྱོན་འདུག་པ། དེའི་ལམ་ཡིག་རྒྱས་པ་དང༌། དེ་འོག་ལོ་གསུམ་བརྒྱའི་རྗེས་སུ་འདིར་བྱོན་པ་སྟག་རས་ངག་དབང་རྒྱ་མཚོ་གཉིས་ཀའི་རྣམ་ཐར་ལ་གཟིགས་དང༌། ལམ་བར་གྱི་གྲོང་དང་ཚྭ་ཁ་ལ་སོགས་པ་ཕལ་མོ་ཆེ་ད་དུང་ཡང་ངོས་ཟིན་པ་ཡོད། གཞན་ཡང་གུ་རུ་ལྷོ་ཕྱོགས་པ་སངས་རྒྱས་མགོན་པོ། དར་སེང་བའི་སློབ་མ་རས་པ་རྡོ་རྗེ་དཔལ། རྒྱལ་ཁམས་པ་དཀོན་མཆོག་རྒྱལ་པོ་རྣམས་ཡུལ་འདིར་དངོས་སུ་བྱོན་པ་ཡིན་འདུག་པས། དངོས་སུ་འགྲོ་འདོད་ན་དངོས་སུ་ཕེབས་པ་ཚོའི་གསུང་ལ་མཉན་པར་འཚལ། མི་འཁྲུལ་བའི་ས་རྟགས་གཞན་ནི་ཕར་ཞོག སྔར་གྱི་ལམ་ཡིག་དེ་ཐམས་ཅད་ན་གསུངས་པའི་ཨོ་རྒྱན་གྱི་རི་བོ་ཨི་ལམ་པརྦ་ཏ་དེང་སང་ཡང་ཀླ་ཀློ་དང་མུ་སྟེགས་རྣམས་ལོ་ལྟར་འགྲོ་བའི་གནས་ཆེན་ཡིན་པ་འདི་ཀས་ཀྱང་ཆོག གལ་ཏེ་ཁོ་བོས་བདེན་པ་ངོ་སྤྲོད་བྱས་པ་འདི་ལ་ཡིད་མ་ཆེས་ན། ཨོ་རྒྱན་བྱ་བ་དེ་གནས་དང་ས་གར་ཡོད་མི་ཤེས་པ། རི་ཐམས་ཅད་རུས་པ་དང༌། ཆུ་ཐམས་ཅད་ཁྲག་ཏུ་འབབ་པ། ཚེ་འདིར་མ་ཟད་ཕྱི་མ་ཡང་མི་སླེབས་པའི་ས་ཞིག་ཏུ་གྱིས་དང༌། མི་ཕལ་ཆེར་གྱིས་ཁམས་ལ་དེ་འཕྲོད་པར་སྣང༌། འོ་ན་གནས་འདིར་མཇལ་ས་ཅི་ཞིག་ཡོད་ཅེ་ན། མཐོ་ཡེ་རེ་བ་དང་ཁྲ་ལམ་མེ་བ་ཅི་ཡང་མེད། མངྒ་ལོར་བྱ་བའི་གྲོང་དེ་ཨོ་རྒྱན་པ་གཉིས་ཀས་གསུངས་པའི་མངྒ་ཝ་རའི་གྲོང་ཡིན། རི་ཨི་ལོའི་སྐེད་དུ་ཡོད་པའི་ཕ་བོང་དཀར་པོ་དེ་རྣམས་བྱང་སེམས་ཀྱིས་ཚིགས་བཅད་ཕྱེད་ཀྱི་ཕྱིར་སྐུ་བཏང་བའི་གནས་དང༌། ལུང་སྨད་ཤང་ཀར་དྷར་གྱི་གྲོང་གི་ཉེ་འཁོར་གྱི་མཆོད་རྟེན་ཆེན་པོ་དེ་རྒྱལ་པོ་ཕྱོགས་སྡེས་བཞེངས་པའི་སྟོན་རིང་བསྲེལ་གྱི་མཆོད་རྟེན་ཡིན་ཞེས་རྒྱའི་བཙུན་པའི་ལམ་ཡིག་ཏུ་གསལ། དེ་ལ་སོགས་པའི་མཆོད་རྟེན་རྙིང་པ་ཤིན་ཏུ་མང་ཞིང༌། ཡུལ་དེའི་སྐད་དུ་མཆོད་རྟེན་ལ་གྷུམ་པར་འབོད་པས་གྷུམ་པ་རྣམས་ལ་མཇལ་བར་ཞུ། གཞན་ཡང་གྲུབ་ཆེན་པས་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་དེ་རི་ཞིག་གི་རྣམ་པར་གཟིགས་འདུག་པས། འོ་ན་རི་རྣམས་ལ་ཡང་མཇལ་བར་ཞུ། གནའ་དུས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཚ་མོ་འཁྲུལ་མེད་ཡིན་ངེས་པའི་དཀར་ལ་དམར་མདངས་ཆགས་པའི་བུ་མོ་མཛེས་མ་ཤིན་ཏུ་མང་པོ་འདུག་པས། དེ་རྣམས་ལ་ཡང་མཇལ་བར་ཞུ། ཨོ་རྒྱན་པས་ཀྱང་དེ་འདྲ་ཞིག་གི་ལག་ནས་ཐུག་པ་ཕོར་གང་བཞེས་ཏེ་རྟོགས་པ་བརྙེས་པ་ཡིན། འོན་ཀྱང་མཐོང་དགོས་པ་འདི་ཡོད་དེ། དེང་སང་ནི་གནའ་དུས་ཀྱི་མཁའ་འགྲོ་མ་རྡོ་ཆར་འབེབས་མཁན་རྣམས་ནི་མི་བཞུགས་ཀྱང༌། པཱ་ཐན་གྱི་ཀླ་ཀློ་རྣམས་མཚོན་ཆར་ཕབ་སྟེ། ལམ་འགྲུལ་རྣམས་རང་དགར་གསོད་པ་ཡིན་པས། ཅིས་ཀྱང་ཡུལ་འདིར་མ་ཕེབས་པ་འཐད་ཅེས་ལན་བརྒྱར་ཞུས་པ་ལགས། ཡང་ན་ནི་ཡུལ་དེའི་རྒྱལ་པོ་བྷ་ཤ་ན་ནས་འགོ་འདྲེན་འཐོབ་པའམ། ཡང་ན་ནི་དཔུང་གྲོགས་ཤིན་ཏུ་མང་པོ་བསྡེབས་ཏེ་འཐོན་སྲིད་ཙམ་ཡིན་ཡང་ཉེན་ཁ་ཤིན་ཏུ་ཆེ། དེས་ན་གནས་འདི་ཕྱིན་ཆད་ངོས་ཟིན་པ་དཀའ་སྙམ་ནས། འདིར་ཅུང་ཟད་ཅིག་བྲིས་པ་ལགས། མདོར་ན་ཨོ་རྒྱན་ཡུལ་གྱི་ལྗོངས་བཀོད་ཙམ་ཞིག་གཟིགས་པར་འདོད་ན་ནི། མ་ལ་གན་གྱི་བྱང་གི་ལུང་པ་དེའི་ནང་དུ་ཡུར་ལ་གཞུང་ཆུ་བརྒྱུད་ནས་ཕེབས་པར་ཞུ། གལ་ཏེ་བླ་མ་གོང་མ་རྣམས་ཀྱིས་གཟིགས་པའི་ཡུལ་དེའི་ངོ་མཚར་ཐམས་ཅད་མཐོང་བར་འདོད་ན་ནི། དེར་མ་སོང་བའི་སྔོན་དུ་བྲག་ཕུག་ཞིག་ཏུ་བཞུགས་ལ། སྦྱོར་བ་ཡན་ལག་དྲུག་གི་ཏེང་ངེའཛིན་་ཡུན་རིང་དུ་སྒོམ་པར་ཞུ། དེ་འདྲ་གང་ཡང་མ་བྱས་པར། གྲུབ་ཆེན་ལྭ་བ་པས་གང་གཟིགས་པ་རྣམས་རང་གིས་མི་མཐོང་བའི་རྒྱུ་མཚན་གྱིས་གནས་འདི་རྣམས་རྫུན་མ་ཡིན་ནོ་ཞེས་ཅིས་ཀྱང་མི་གསུང་བར་ཞུ། ཐོག་མ་མེད་ནས་རྟག་ཏུ་འགྲོགས་པ་ཡི།། མི་འགྱུར་སེམས་ཀྱི་གཤིས་ཀྱང་མི་མཐོང་ན།། བཙན་ཐབས་སྒོམ་གྱིས་གསར་དུ་བསྐྱེད་པ་ཡི།། ཡ་མཚན་གྲུབ་པའི་གཟིགས་སྣང་ག་ལ་མཐོང༌།། ཞེས་ཀྱང་སྨྲས་སོ།།

རྡོ་རྗེ་གདན།མདོ་ལས་གསུངས་པའི་གནས་ཆེན་བཞིའི་ཡ་གྱལ་ཏེ། སངས་རྒྱས་ཤཱཀྱ་ཐུབ་པ་སངས་རྒྱས་པའི་གནས་ཡིན། རྒྱ་གར་གྱི་ཡུལ་དབུས་མ་ག་དྷའི་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་སུ་ཡོད། རྒྱ་གར་པས་བོདྷི་གཱ་ཡ་ཟེར། དུང་དཀར་ཚིག་མཛོད་ཆེན་མོ་ལས།རྒྱ་གར་གྱི་གནས་ཆེན་ཀུན་གྱི་གཙོ་བོ་སྟེ། རྒྱ་གར་གྱི་ཡུལ་དབུས་མ་གྷ་དྷ་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་སུ་ཡོད་པརཐང་ཟན་ཙང་གི་ལམ་ཡིགརྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་ནང་བཤད་ལ།སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ།གནས་དེ་སངས་རྒྱས་ཤཱཀྱ་མུ་ནེ་ཐོག་མར་སངས་རྒྱས་པའི་གནས་ཡིན་པ་དང༌། དེར་བྱང་ཆུབ་ཀྱི་ཤིང་དང་མཆོད་རྟེན་སོགས་ཡོད་པར་བཤད་ཅིང་༌། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།དེ་ཡང་གན་དྷོ་ལ་འདི་ཐོག་མར་བྲམ་ཟེ་མོ་ཛ་སའི་བུ་ཐ་ཆུང་གིས་བཞེངས་ཀྱང་ཟེར།ཆོས་རྒྱལ་མྱ་ངན་མེད་ཀྱི་ཡིན་ཡང་ཟེར།གང་ལྟར་ཀྱང་བར་སྐབས་ཤིག་ན་ཤིན་ཏུ་ཉམས་ཆག་གྱུར་པ་ལས། མ་ག་དྷའི་ཁྱིམ་བདག་འཆི་མེད་བྱ་བ་ཞིག་གིས་ཞིག་གསོས་བགྱིས་ཏེ་ད་བར་ལོ་སྟོང་ཕྲག་ལྷག་ཙམ་སོང་༌།དེ་ནས་སླར་ཡང་ཉམས་པ་ན།བྷར་མའི་ཡུལ་གྱི་ནང་པ་རྣམས་ཀྱིས་ཞིག་གསོས་བགྱིས་ཏེ་ད་བར་ལོ་དྲུག་བརྒྱ་ལྷག་སོང༌།དེ་ནས་སླར་ཡང་རྒྱ་གར་གཞུང་ནས་སྒོར་ཉིས་འབུམ་ལྷག་གི་འགྲོ་སོང་བཏང་སྟེ།ས་བསལ་ཅིང་ཞིག་རལ་བཅོས་ཏེ་ད་ལྟ་ལོ་བཞི་བཅུ་ལྷག་སོང༌།དབུས་ཀྱི་གན་དྷོ་ལའི་རྩེའི་མཆོད་རྟེན་ཆུང་ངུ་དེ་ཀླུ་སྒྲུབ་ཀྱིས་བཞེངས་ཤིང་ནང་དུ་སྟོན་པའི་རིང་བསྲེལ་བྲེ་གང་བཞུགས།ལྷ་ཁང་སྟེང་འོག་གཉིས་ཡོད་པའི་སྟེང་མ་དེའི་ནང་དུ་རང་རེའི་ལྷ་སའི་ཇོ་བོ་སྔོན་བཞུགས་པར་གྲགས།སྐོར་ལམ་གྱི་རྡོའི་དྲ་མིག་འདི་དག་ཀྱང་ཀླུ་སྒྲུབ་ཀྱིས་བཞེངས། ཀ་བ་དེ་དག་གི་སྟེང་ན་མགོན་པོའི་ཞལ་བརྒྱད་དང་སྒྲོལ་མའི་ཞལ་བརྒྱད་ཡོད་པ་མི་གཅིག་གིས་དེ་ཐམས་ཅད་མཐོང་ན་དངོས་གྲུབ་སྣ་རེ་ཐོབ་ཟེར།དེ་དག་ནི་ཀ་བའི་ནང་ངོས་པད་ཀོར་གྱི་དཀྱིལ་ན་མིའི་གདོང་ལྟ་བུ་ཡོད་པ་དེ་རྣམས་ཡིན།དེ་ལ་སྟོན་པ་སངས་རྒྱས་ནས་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཤིང་ལ་སྤྱན་མིག་མི་འཛུམ་པར་བཞུགས་པའི་སྐུ་བརྙན་ནི་བྱང་ཆུབ་ཤིང་གི་ཐད་ཀྱི་མཆོད་རྟེན་ངོས་ན་བཞུགས་པ་དེ་ཡིན་ལ།བདུན་གཉིས་པར་དང་པོ་བཞེངས་པའི་ཤུལ་ཏུ་ཞབས་རྗེས་ཆ་གཅིགདེ་ནས་གོམ་པ་དོར་པའི་ཤུལ་ཞབས་གཡས་གཡོན་ཡ་སྤེལ་བ་ལྔ།སླར་ཡང་ཡུད་ཙམ་བཞེངས་སར་ཞབས་རྗེས་ཆག་ཅིག་བཅས་རྡོ་བདུན་གྱི་སྟེང་དུ་ཡོད་པ་ལས་དེང་སང་ཡ་གཉིས་དང་ཆ་གཅིག་སྟེ་གསུམ་ཙམ་ཡོད། དེ་ནས་ཞབས་བཅག་པའི་ཤུལ་སྐོར་ལམ་བྱང་གི་སྟེགས་རིང་པོའི་སྟེང་ན་པདྨའི་ཕྲེང་བ་བཅུ་གཉིས་ཡོད།བྱང་ངོས་དྲ་མིག་གི་ཕྱི་རོལ་ཏུ་མཆོད་རྟེན་ཆུང་ངུ་བུ་ག་ཡོད་པ་དེ་དག་གི་ནང་ན༌།དགྲ་བཅོམ་མང་པོའི་གདུང་བཞུགས་ཤིང་སྐྲ་སེན་སོགས།དེར་འཕང་ན་ངན་སོང་གི་སྐྱེ་སྒོ་ཁེགས་པར་བཤད།མཆོད་རྟེན་གྱི་ཤར་ཕྱོགས་ར་བའི་འདབས་ན་དབུས་མ་དང་དབྱིབས་འདྲ་བའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་དེ༌། སྟོན་པ་དང་པོར་བྱོན་སྐབས་དེར་བཞུགས་ཏེ་ཞལ་ནས། འོད་ཟེར་སྤྲོས་ནས་བྱང་ཆུབ་ཤིང་དངོས་མ་མིན་པ་གཞན་རྣམས་བསྲེགས་པའི་གནས་ཡིན། དེ་ལ་འོད་ཟེར་འཕྲོ་བའི་གན་དྷོ་ལ་ཟེར།དེ་ལྟར་ཤིང་ཚིག་པ་རྣམས་ཀྱི་སོལ་བ་སྤུངས་པའི་སར་ཨ་ཀར་བོ་དྷི་བྱ་བའི་བྱང་ཆུབ་ཤིང་ཞིག་སྐྱེས་པ་ད་ལྟ་བྱང་ངོས་སྐོར་ལམ་གྱི་ཕྱི་ན་ཡོད་པ་དེ་ཡིན། ཤིང་དེའི་རྩར་ར་ས་ཀུ་ལའི་ཁྲོན་པ་ཡོད། དེའི་ཆུ་སྟོན་པས་རྫུ་འཕྲུལ་གྱིས་དངུལ་ཆུར་བྱིན་གྱིས་བརླབས་པས་འཐུང་ན་ཕོ་ནད་དྲག་ཟེར།ཁྲོན་པ་མ་བྲུས་ཀྱང་ཁ་ཁྱེར་གསལ་བར་ཡོད།འོན་ཀྱང་ལོ་ཤས་འདིའི་འོག་ཏུ་འདག་ཞལ་བྱས་ཟིན་འདུགམཆོད་རྟེན་དབུས་མའི་ལྷོ་ངོར་ས་སྟེགས་ཤིན་ཏུ་ཡངས་པ་ཞིག་ཡོད་ས་དེར་སྟོན་པའི་བཞུགས་གདན་གྱི་རྩྭ་རྣམས་བོར།དེར་སྔོན་མཆོད་རྟེན་དབུས་ཀྱི་འདི་དང་འདྲ་བའི་ཆེན་པོ་ཞིག་ཡོད་པ་ཡིན།ར་བའི་ཕྱི་རོལ་ཤར་གྱི་དུར་ཁྲོད་ནང་གི་དཀྱིལ་འཁོར་དེ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་རྡོ་ལ་བཞེངས་པའི་དུས་འཁོར་བློས་བསླངས་རྡོ་རྗེ་གདན་དུ་ཡོད་ཅེས་རང་རེའི་ལོ་རྒྱུས་འགའ་ལས་འབྱུང་བ་དེ་ཡིན་ནམ་སྙམ། འདི་ཙམ་ཞིག་ཆག་ལོ་དང་བཅོམ་ལྡན་རིག་རལ་སོགས་ཀྱི་གསུང་དང་ཡང་ལེགས་པར་འབྱོར་བས་ཡིད་ཆེས་པའི་གནས་ཡིན་ལ་གཞན་མང་དུ་བཤད་པར་དཀའ།དེ་ཡང་ཆག་ཆོས་དཔལ(༡༡༩༤ནས༡༢༦༥)སོགས་བྱོན་སྐབས་གཙུག་ལག་ཁང་འདི་དར་རྒྱས་ཀྱི་སྐབས་ཡིན་ལ།དགེ་སློང་སུམ་བརྒྱ་ཙམ་རེ་རྒྱུན་དུ་དཀོན་གཉེར་གྱི་ཚུལ་དུ་བཞུགས་ཞེས་གསུངས།དེ་ནས་དུས་ཀྱི་རྒུད་པས་གནས་གཞི་རྟེན་དང་བཅས་པ་མུ་སྟེགས་ཀྱི་ཛོ་གི་དག་གི་ལག་པར་ཤོར།མཆོད་རྟེན་གྱི་གསེབ་ཏུ་ཕྱི་རོལ་པའི་ལྷ་ཁང་བརྩིགས། གཙུག་ལག་ཁང་དུ་དབང་ཕྱུག་གི་རྟེན་འཛུགས་པ་དང་ཁྲག་མཆོད་བྱེད་པ་སོགས་མི་འཚམ་པ་དུ་མ་བྱས་པར་དགེ་བསྙེན་ཏ་རྨ་པཱ་ལ་ནས་ཐུགས་ཀྱིས་མ་བཟོད་པར།སླར་ཡང་ནང་པ་རྣམས་ཀྱི་རང་བདག་ཏུ་ཐོབ་པའི་ཆེད་དུ་འབད་པ་ཆེན་པོས་ཁྲིམས་གཏུགས་སོགས་བྱེད་མུས་ལ་སྐུ་གཤེགས་ཞེས་གསུངས་འདུག

རྡོ་རྗེ་གདན་གྱི་མཆོད་རྟེན་ནི་སྟོན་པ་སངས་མ་རྒྱས་གོང་དུ་ནཻ་རཉྫ་ནའི་ཆུ་འགྲམ་དུ་ལོ་དྲུག་ལ་ཉིན་རེ་རྒྱ་ཤུག་གི་འབྲུ་གུ་རེ་གསོལ་བའི་དཀའ་བ་སྤྱད། དེ་ནས་སེམས་ལ་རྟོགས་པ་མ་སྐྱེས་པར་ལུས་ཀྱི་དཀའ་སྤྱད་ཁོ་ནས་མི་ཡོང་བར་མཁྱེན་ནས་འོ་ཐུག་སོགས་གསོལ་ཞིང་གནས་འདིར་ཕེབས། བྱང་ཆུབ་ཤིང་གི་འོག་ཏུ་བཞུགས་ཏེ་སྒོམ་པས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། འདི་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་སའི་གནས་ཡིན་པས་ནང་པས་གནས་ཆེན་བཞིའི་ནང་གི་གཅིག་ཡིན། རྗེས་སུ་གནས་འདིར་དྲན་རྟེན་མཆོད་རྟེན་འདི་བཞེངས་པ་མ་ཟད། ད་ལྟ་རྒྱ་གར་གྱི་བི་ཧར་མངའ་སྡེའི་ཁོངས་སུ་ཡོད་ལ་འཛམ་གླིང་གི་ནང་པ་ཚང་མས་དད་གུས་ཞུ་གི་ཡོད།

གནས་ཆེན་པོ་བརྒྱད།

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཚེ་གཅིག་རིང་གི་མཛད་པ་གཙོ་ཆེ་བ་རྣམས་བསྟན་སའི་གནས་ལ་ཟེར། དེ་རྣམས་མདོར་བསྡུས་ནས་བཤད་ན།

1.ལུམ་བིའི་ཚལ། འདི་ནི་སངས་རྒྱས་སྐུ་འཁྲུངས་པའི་གནས་ཡིན། རྒྱ་ཡི་སློབ་དཔོན་ཆེན་པོ་ཐང་ཟན་ཙང་གིརྒྱ་གར་ལམ་ཡིགརྒྱ་ཡིག་ནས་བོད་ཡིག་ཐོག་བསྒྱུར་བ་ལས། མཉན་ཡོད་རྒྱལ་བྱེད་ཚལ་ནས་ཤར་ཕྱོགས་སུ་ལེ་དབར་བདུན་བརྒྱ་སོང་བ་ན་གྲོང་ཁྱེར་སེར་སྐྱ་ཞེས་བཅོམ་ལྡན་འདས་ཀྱི་ཡབ་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་གི་ཤུལ་དང༌། གྲོང་སྟོང་བཅུ་ལྷག ལྷ་ཁང་གོག་པོ་མང་པོ་ཡོད། ཕོ་བྲང་གི་ལྟེ་བར་ལྷུམས་སུ་ཞུགས་པའི་མཆོད་རྟེན་གྱི་ཤུལ་གཅིག་པུ་ལས་གཞན་དུ་མི་མེད། ཕོ་བྲང་ཡོད་ས་དེའི་ཤར་ཕྱོགས་ལེ་དབར་བརྒྱ་ཙམ་ན་ལུམྦིའི་ཚལ་གྱི་ལྷ་ཁང་ད་དུང་ཡོད་ཅེས་གསལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའིརྒྱ་གར་གནས་ཡིགལས། རྒྱ་གར་བྱང་ཕྱོགས་བལ་ཡུལ་དང་ཐག་ཉེ་བའི་ས་གནས་དེང་སང་མིང་ལ་ཏུ་མན་དེ་ཞེས་འབོད་པ་དེ་ཡིན་པ་དང༌། གནས་དེར་སངས་རྒྱས་ཀྱི་ཡུམ་སྒྱུ་འཕྲུལ་མའི་སྐུ་བརྙན་དང༌། རྒྱལ་པོ་མྱ་ངན་མེད་ཀྱི་རྡོ་རིང་རྒྱལ་པོ་ཁྲི་ལོ་ཉེར་གཅིག་པ་ལ་ཕྱོགས་དེར་སླེབས་ནས་ཕྱོགས་འདིར་སངས་རྒྱས་འཁྲུངས་སོ་ཞེས་རྡོ་རིང་བསླངས་པ་ཡིན་ཟེར་བའི་རྡོ་རིང་ཡི་གེ་ཅན་ཞིག་ཡོད་ཅེས་གསལ།

 2.ཝཱ་རཱ་ཎ་སི། སངས་རྒྱས་ཀྱིས་ཐོག་མར་ཆོས་གསུངས་པའི་གནས་ཡིན། སློབ་དཔོན་ཐང་ཟན་ཙང་གི་ལམ་ཡིག་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ལས། གྲོང་ཁྱེར་སེར་སྐྱ་ནས་རྩིས་པའི་ལྷོ་ནུབ(ལྷོ་ཕྱོགས)མཚམས་ལེ་དབར་བདུན་བརྒྱ་ལྷག་ཙམ་ན་ཆུ་བོ་གངྒའི་འགྲམ་དུ་གྲོང་ཁྱེར་ཝཱ་རཱ་ཎ་སི་དང༌། དེ་ནས་བྱང་ཤར་མཚམས་ཆུ་བོ་ཝཱ་རཱ་ཎ་སི་བརྒལ་ནས་ལེ་དབར་བཅུས་ཆོད་པའི་ས་ན་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཡོད། དེར་རྟ་བབས་དང་ཁང་བརྩེགས་སོགས་ཀྱིས་བཀོད་པ་མཛེས་པའི་དགེ་འདུན་སྟོང་ཕྲག་གཉིས་ཙམ། རྟེན་གཙོ་ཐུབ་པ་ཆོས་འཁོར་མ་དང༌། རང་སངས་རྒྱས་ཀྱི་མཆོད་རྟེན་ལྔ་བརྒྱ་བཅས་ཡོད་པར་གསུངས། དགེ་འདུན་ཆོས་འཕེལ་གྱིས་མཛད་པའིརྒྱ་གར་གནས་ཆེན་ཁག་གི་ལམ་ཡིགལས། ག་ཡའི་གྲོང་ཁྱེར་ནས་ནུབ་བྱང་ཕྱོགས་སུ་ལེ་དབར་བཅུ་ཕྲག་ཁ་ཤས་སོང་ན་ཝ་ར་ཎྰ་སི་ལ་སླེབས། དེ་ལ་དེང་སང་གི་མིང་བི་ན་ར་སི་ཟེར་ཞིང༌། དེ་ནི་རྒྱ་གར་གྲོང་ཁྱེར་ཀུན་གྱི་ནང་ནས་རྙིང་ཤོས་ཡིན་པར་གྲགས་ཤིང༌། གྲོང་ཁྱེར་དེ་ནས་མེ་འཁོར་ཐོག་ཞུགས་ཏེ་ཅུང་ཟད་སོང་ན་ས་ར་ནཱ་ཐ་ཟེར་བར་སླེབས། དེ་ནི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་ཞེས་པ་སྟོན་པས་ཐོག་མར་ཆོས་འཁོར་བསྐོར་བའི་གནས་ཡིན་ཞེས་གསལ་ཞིང༌། ཞིབ་པར་གོང་གསལ་གྱི་ལམ་ཡིག་གཉིས་སུ་གསལ།

༣ཡངས་པ་ཅན། སྟོན་པ་སངས་རྒྱས་ཀྱིས་ཆོས་འཁོར་ཐེངས་གཉིས་པ་བསྐོར་བའི་གནས་ཡིན། ཐང་ཟན་ཙང་གི་ལམ་ཡིགལས་ཆུ་བོ་ཝ་ར་ཎ་སི་བརྒྱུད་སའི་ཤར(བྱང་ཤར)དུ་ལེ་དབར་སྟོང་གི་སར་ཡངས་པ་ཅན་གྱི་གྲོང་ཁྱེར་ཆགས་ཤུལ་ཁོར་ཡུག་ཏུ་ལེ་དབར་བདུན་ཅུའི་སྐོར་ཡོད། མི་ཁྱིམ་ཤིན་ཏུ་ཉུང་ལགནས་རྟགས་མཆོད་རྟེན་བརྒྱད་ཡོད་པར་གསུངས། དགེ་འདུན་ཆོས་འཕེལ་གྱིརྒྱ་གར་གནས་ཡིགལས། གྲོང་ཁྱེར་པ་ཋ་ན་ནས་བྱང་ཕྱོགས་སུ་ལེ་དབར་ཁ་ཤས་སོང་མཚམས་དྷ་ས་ར་ཟེར་བའི་གྲོང་དང་ཐག་ཉེ་བར་བཻ་ཤ་ལི་སྟེ་གྲོང་ཁྱེར་ཡངས་པ་ཅན་གྱི་ཤུལ་ཡོད་ཅེས་གསུངས།

 4.བྱ་རྒོད་ཕུང་པོའི་རི། དེ་ནི་སྟོན་པས་ཆོས་འཁོར་ཆེན་པོ་ཐེངས་གསུམ་པ་བསྐོར་བའི་གནས་ཡིན།ཐང་ཟན་ཙང་གི་ལམ་ཡིགལས། རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་ལེ་དབར་ཉིས་བརྒྱ་དྲུག་ཅུ་ཙམ་སོང་བ་ན་བྱ་རྒོད་ཕུང་པོའི་རི་བོ་ཞེས་ཉེ་འཁོར་གྱི་རི་གཞན་དག་ལས་མཐོ་ཞིང༌། རྡོའི་སྐས་ལམ་ཞེང་ལ་གོམ་པ་བཅུ་དང་དཀྱུས་ལ་ལེ་དབར་དྲུག་ཡོད་པ་དང༌། དེ་དང་ཐག་ཉེ་བ་ན་རྒྱལ་པོའི་ཁབ་ཡོད་པར་བཤད། དགེ་འདུན་ཆོས་འཕེལ་གྱི་ལམ་ཡིག་ལས། རྒྱ་གར་ན་ལེནྡྲ་ནས་ལྷོ་ནུབ་ཕྱོགས་སུ་སོང་ན་ར་ཛི་གི་རི་ལ་སླེབས། དེ་ནི་རྒྱལ་པོའི་ཁབ་ཟེར་བ་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་ཆགས་ཤུལ་ཡིན་པ་དང༌། རྒྱལ་པོའི་ཁབ་ཀྱི་བྱང་ངོས་སུ་གི་ཛ་ཀུ་ཊི་ཟེར་བའི་རི་ཞིག་ཡོད་པ་དེ་ནི་བྱ་རྒོད་ཕུང་པོའི་རི་བོ་ཡིན་ཞེས་གསུངས།

5.མཉན་ཡོད། དེ་ནི་སྟོན་པས་མུ་སྟེགས་པ་དང་ཆོ་འཕྲུལ་འགྲན་པའི་གནས་ཡིན། ཐང་ཟན་ཙང་གི་ལམ་ཡིགལས། གནས་དེ་སངས་རྒྱས་སྐུ་བལྟམས་པའི་གནས་སེར་སྐྱ་ནས་རྩིས་པའི་ནུབ་ཕྱོགས་སུ་ཡོད་པ་དང༌། རྒྱལ་བྱེད་ཚལ་གྱི་ནང་ཤིང་ལྗོན་པ་ཁ་ཤས་དང༌། རྡོའི་ཀ་བ་འདོམ་བཅུ་བཞི་ཡོད་པ་གཅིག རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་ཡུམ་ལ་ཆོས་གསུངས་པའི་རྣམ་པ་ཡིན་ཟེར་བ་བཅས་མ་གཏོགས་གཞན་མེད་པར་གསུངས། དགེ་འདུན་ཆོས་འཕེལ་གྱིརྒྱ་གར་གནས་ཡིགལས། བལ་རམ་པུར་ནས་བྱང་ཕྱོགས་སུ་མལ་ལེ་བཅུ་ཙམ་སོང་ན་མཉན་ཡོད་ལ་སླེབས། དེང་སང་ས་ཧེ་ཊ་མ་ཧེད་ཟེར། གནས་དེ་བྷར་མའི་དྷརྨ་ས་ལ་མགྲོན་ཁང་དང་ཐག་ཉེ་སར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ(ཛེ་ཏ་བ་ན)མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་ཤུལ་དང༌། སངས་རྒྱས་རང་ཉིད་བཞུགས་སའི་གཙུག་ལག་ཁང༌། ཛཱ་ཀུ་ཊི། ཀཽའུ་ཤམ་བྷིའི་ཀུ་ཊི། ལ་ཀེའི་ཀུ་ཊི། གན་དྷ་ཀུ་ཊི་བཅས་ཡོད། གནས་དེར་སངས་རྒྱས་ལོ་ཉི་ཤུ་རྩ་ལྔ་ཙམ་བཞུགས་པ་དང་ཆོ་འཕྲུལ་ཆེན་པོ་བསྟན་ནས་མུ་སྟེགས་པ་ཕམ་པར་མཛད་པ་ཡིན་ཞེས་གསུངས།

6.རྡོ་རྗེ་གདན་འདི་ནི་སྟོན་པ་མཆོག་སངས་རྒྱས་པའི་མཛད་པ་བསྟན་པའི་གནས་ཡིན།ཐང་ཟན་ཙང་གི་རྒྱ་གར་ལམ་ཡིགལས་རྒྱ་གར་ཡུལ་དབུས་མ་ག་དྷ་གྲོང་ཁྱེར་ནས་ལྷོ་ནུབ་ལེ་དབར་བཞི་བརྒྱ་ཙམ་གྱི་སར་ཆུ་བོ་ནེརཉྫ་ན་འབབ་པ་དེ་བརྒལ་ནས་ཕར་འགྲམ་ན་ག་ཡའི་གྲོང་ཁྱེར་ཡོད་ཅིང༌། དེ་ནས་ལེ་དབར་དྲུག་ན་ག་ཡ་གོ་རིའི་རི། དེའི་ལྷོ་ནུབ་ཀྱི་ཟུར་ཞིག་ཏུ་རྡོ་རྗེ་གདན་གྱི་མཆོད་རྟེན་དང་མ་ཧཱ་བོ་དྷིའི་གཙུག་ལག་ཁང༌། དགོན་པའི་མདུན་དུ་བྱང་ཆུབ་ཀྱི་ཤིང་དང༌། དགོན་པའི་ནང་དུ་དགེ་འདུན་སྟོང་ཕྲག་ལྷག་ཙམ་ཐེག་ཆེན་སྤྱོད་པ་ཡིན་ཞེས་གསུངས། དགེ་འདུན་ཆོས་འཕེལ་གྱིརྒྱ་གར་གནས་ཡིགལས་རྡོ་རྗེ་གདན་གྱི་སྐོར་ཞིབ་ཕྲ་གསུངས་འདུག

 7.ཆུ་བོ་ནེ་རཉྫ་ན། འདིའི་འགྲམ་དུ་སངས་རྒྱས་ཀྱིས་ལོ་དྲུག་རིང་དཀའ་བ་སྤྱད་པའི་གནས་ཡིན། ཐང་ཟན་ཙང་གི་རྒྱ་གར་ལམ་ཡིགལས། རྒྱ་གར་ཡུལ་དབུས་མ་ག་དྷ་ཡི་གྲོང་ཁྱེར་ནས་ལྷོ་ནུབ་མཚམས་ལེ་དབར་བཞི་བརྒྱ་ཙམ་སོང་བ་ན་ཆུ་བོ་ནེ་རཉྫ་ན་ཡོད་པར་གསུངས། དགེ་འདུན་ཆོས་འཕེལ་གྱིརྒྱ་གར་གནས་ཡིགལས། རྡོ་རྗེ་གདན་གྱི་ལམ་ཟུར་བྱེ་མའི་ཐོག་འབབ་པའི་ཆུ་བོ་ཞིག་ཡིན་པར་གསུངས།

8.རྩ་མཆོག་གྲོང༌། སྟོན་པ་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་གནས་ཡིན། ཐང་ཟན་ཙང་གི་རྒྱ་གར་ལམ་ཡིགལས། སངས་རྒྱས་སྐུ་བལྟམས་པའི་གནས་ལུམ་བིའི་ཚལ་གྱི་ལྷ་ཁང་ནས་ཤར་ཕྱོགས(ཤར་ལྷོ)སུ་ལེ་དབར་བདུན་ཙམ་ན་ཀུ་ཤའི་གྲོང་ཁྱེར་གྱི་ཤུལ་དང་དེའི་ནུབ་བྱང་མཚམས་ལེ་དབར་བཞིས་ཆོད་པའི་ས་ན་སཱ་ལའི་ཚལ་ཆེན་པོ་ཁོར་ཡུག་ཏུ་ལེ་དབར་སུམ་ཅུ་ཡོད་པ། མཐའ་སྐོར་དམའ་ཞིང༌་། དཀྱིལ་མཐོ་བའི་རི་འབུར་ཆུང་ངུ་ཞིག་ཡིན་པ་དང་། གནས་དེར་སོ་ཕག་གིས་བརྩིགས་པའི་ལྷ་ཁང་གཅིག་གི་ནང་སངས་རྒྱས་མྱ་ངན་ལས་འདས་པའི་སྐུ། དེའི་གཞོགས་ན་མཆོད་རྟེན་ཞིག་ཡོད་པ་དེའི་ཀ་བ་ལ་བརྐོས་པའི་ཡི་གེའི་ཐོག ཟླ་བ་གཉིས་པའི་ཚེས་བཅོ་ལྔ་ལ་སངས་རྒྱས་འདའ་ཚུལ་བསྟན་ཟེར་བ་དང་༌། ཡང་གཅིག དགུ་པའི་ཚེས་བརྒྱད་ལ་མྱ་ངན་ལས་འདས་ཟེར་བའི་ལུགས་གཉིས་བཀོད་འདུག གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཆུ་བོའི་ཕར་འགྲམ་ན་སྐུ་གདུང་བཞུས་པའི་གནས་ཁོར་ཡུག་ཏུ་ལེ་དབར་གཉིས་ཙམ་ཡོད་པ། ཐོག་མར་སྟེགས་བུ་ཡིན་ཀྱང་ད་ལྟ་གཏིང་ཟབ་ཚད་འདོམ་དྲུག་གྱི་གཤོང་ཆེན་པོར་སོང་འདུག་ཅེས་གསལ། དགེ་འདུན་ཆོས་འཕེལ་གྱིརྒྱ་གར་གནས་ཡིགལས་སཱ་ར་ནཱ་ཐའི་གྲུ་ཚུགས་ནས་ཏ་སིལ་དེ་ཨོ་རི་ཡ། དེ་ནས་བྷོ་ཊར་དང་༌། དེ་ནས་རྩ་མཆོག་གྲོང་སྟེ་དེང་སང་གི་མིང་ལ་མ་ཐ་ཀུ་བར་ཞེས་འབོད་པ་དེ་ཡིན་པར་གསུངས། གནས་ཆེན་བརྒྱད་ཀྱི་སྐོར་ཞིབ་པར་གཟིགས་ན་གོང་གསལ་གནས་ཡིག་དང༌། ལམ་ཡིག་ཆག་ལོ། གྲུབ་ཐོབ་ཨོ་རྒྱན་པ། སྟག་རས་ངག་དབང་རྒྱ་མཚོ་བཅས་ཀྱི་ལམ་ཡིག་དང་རྣམ་ཐར་ཁག་ལ་གཟིགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།