ཤོ་བ་དགོན་པའི་དཔལ་ལྡན་ལྷ་མོ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-18 07:44:44     རྩོམ་པ་པོ།   དགེ་ལུགས་དྲ་བ།    ཀློག་ཐེངས།  

ཤོ་བ་དགོན་པའི་དཔལ་ལྡན་ལྷ་མོ་ནི་སྲུང་མ་གཙོ་བོ་ཡིན་ལ། སྔོན་ཤོ་བ་རིན་པོ་ཆེ་བློ་བཟང་རྣམ་རྒྱལ་བ་དབུས་སུ་ཐེངས་གཉིས་པར་ཕེབས་ནས་ཕྱིར་ཞལ་བསྒྱུར་སྐབས། རྒྱལ་དབང་ལྔ་བ་མཆོག་ལ་དཔལ་ལྡན་ལྷ་མོའི་རྟེན་སྐལ་བསླང་བར། རྒྱལ་དབང་མཆོག་ནས་ཕྱག་བཟོ་མཛད་པའི་དཔལ་ལྡན་ལྷ་མོའི་དབུ་དེ་ལ་རྒྱལ་དབང་རང་ཉིད་ཀྱི་དབུ་སྐྲ་བཙུགས་པ། རྒྱུན་དུ་གར་ཕེབས་སུ་བསྣམས་པའི་བྱིན་རླབས་ཀྱི་མཚན་ཁ་འབར་བ་དེ་ཉིད་གནང་བར་རང་ཡུལ་དུ་སྤྱན་དྲངས་ཤིང་། སྐུ་འདི་གཙོ་བོ་བྱས་ཏེ་ཉིད་ཀྱིས་ཕྱག་བཟོ་བྱས་ཏེ་དཔལ་ལྡན་ལྷ་མོའི་སྐུ་བཞེངས་སྐབས། བློ་བཟང་རྣམ་རྒྱལ་བ་ཁོང་གི་སྲིན་ལག་གི་ཕྱག་སེན་ལྷུང་བ་དཔལ་ལྡན་ལྷ་མོའི་ཕྱག་གཡོན་པའི་སྲིན་ལག་སྟེང་འབྱོར་བ་བྱུང་། སྤྱི་ལོ1958ལོའི་ཡར་སྔོན་ལ་སྐུ་འདིར་དབུ་སྐྲ་དང་ཕྱག་སེན་སྐྱེས་པ་དང་། དགོན་བདག་བྲག་སྒོམ་པ་སྐུ་དངོས་ཕེབས་ནས་དབུ་སྐྲ་དང་ཕྱག་སེན་ལོ་རེར་མ་མཐའ་ཡང་ལན་རེར་འབྲེག་པར་མཛད། སྤྱི་ལོ1981ལོར་ཤོ་བ་དགོན་པ་སླར་གསོ་བྱས་ཤིང་དཔལ་ལྡན་ལྷ་མོའི་སྐུ་བཞེངས་པ་སྔར་ལྟར་ཁྱད་མཚར་བ་མི་མངོན་ཡང་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོའི་ན་བཟའ་དང་ཕྱག་ཕྲེང་གཟུངས་གཞུག་ཏུ་ཕུལ་ཡོད་པས་གཟི་བྱིན་ཆེས་ཆེར་རྒྱས་བཞིན་ཡོད་པ་ནི་ཤོ་བ་དགོན་པའི་སྲུང་མའི་གཙོ་བོ་ཡིན་ནོ། །

ཅོ་ནེ་ཤོ་བ་མཁས་གྲུབ་གླིང་ངོ་སྤྲོད་ལས་བཤུས།

རྩོམ་ཡིག་འདི་གཏག་སྟེ་གནང་མཁན་བན་ཤུལ་འབྲུག་རྩེ་རྒྱལ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།