པུ་ཏྲའི་བླ་མཚོ་འཁྱིལ་བའི་མཁར་སླང་ངོ་མཚར་ཅན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-08 11:47:43     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

                 微信图片_20171208115037.jpg

                  པུ་ཏྲ་བླ་མཚོ་འཁྱིལ་བའི་མཁར་སླང་འདི་ནི་སི་ཁྲོན་རྔ་བ་ཁུལ་གྱི་ཀིརྟི་རོང་དགོན་ཞེས་པར་བཞུགས། མཁར་གསེར་སླ་འདི་ནི་བཱ་ཙེའི་རྒྱ་ཏིས་ཏིས་ཞེངས་པས་བཞེངས་པ་ཡིན་ལ་རྒྱ་དེས་མཛོ་གཉིས་ལ་བཀལ་ནས་དགོན་འདིར་སྐྱེལ།སྐྱབས་མགོན་ངག་གི་དབང་བོས་འདུ་ཁང་བར་ནས་ཛམ་ཆུ་བླུགས། སླང་སྟོན་དུ་རྒྱ་དེས་ཚོགས་ཐུག་བསྐོལ་ནས་མཁར་སླང་འདི་དགོན་པའི་ཚོགས་སླང་བྱས།རིག་གསར་སྐབས་སུ་སྔོན་འགྲོ་དག་གིས་གཅོག་འདོད་ནས་སྟ་རེ་དང་ཐོ་བས་བརྒྱབས་ན་ཡང་གཅོག་མ་ཐུབ་པས་གནས་མདུན་ནས་མར་འཕངས་ཏེ་མི་གཙང་བའི་ལུད་ཆུ་ལྡུག་པའི་སྣོད་དུ་བྱས།ཕྱི་ཉིན་མ་མཐོང་བས་རྐུན་མས་འཁྱེར་སོང་ཞེས་འུར་བརྒྱབས་ནས་བཙལ་བ་ན་སྔར་ཤུལ་གྱི་སྒྱེ་པུའི་སྟེང་དུ་ནང་དུ་ཆུས་གང་ནས་ཡོད་པ་མཐོང་བས་ཐམས་ཅད་ངོ་མཚར་དུ་གྱུར།

ཉིན་དགའི་རྗེས་སུ་བུད་མེད་མཛེ་ནད་བྱུང་བ་ཞིག་གིས་འདིའི་ནང་དུ་སྐྲ་བཀྲུས་པས་ཚེ་ལས་འདས།ཀུན་གྱིས་གཉེན་པོར་གོ་ནས་རེག་ཐུག་བྱེད་མི་ཕོད་པར་གྱུར།ཕྱིས་སུ་དགོན་པ་སླར་གསོ་བྱས་ནས་སླར་ཡང་ཚོགས་སླང་བྱེད་རྩིས་བྱེད་དུས་སྐུ་ཁོག་དར་རྒྱས་ལ་གློ་བུར་རྡོ་རྗེ་དཔའ་བོ་རྩལ་བབས་ནས་འདི་ས་སྐྱའི་པུ་ཏྲ་བླ་མཚོ་གནས་སྤར་བ་ཡིན་པས་གཞན་དུ་སྤར་མི་ཆོག་གསུངས། གནོལ་བསངས་དང་ཁྲུས་གསོལ་བྱས་ན་ཁ་ནས་ཕྱིར་འཕོ་བ་མ་གཏོགས་ཁ་ནས་བྲི་བ་མེད་ཅིང་།འདུ་ཁང་ཆེན་མོའི་འགྲུབ་སྟོན་སྐབས་ཉིན་རེ་བཞིན་དེམ་བཞི་བརྒྱ་ལྔ་བརྒྱ་ཙམ་བླངས་ན་ཡང་བྲི་བ་མེད་པ་དང་། ནམ་རྒྱུན་སུས་ཀྱང་ལེན་མཁན་མེད་པར་དུས་ཡུན་རིང་དུ་འགོར་ན་ཡང་འཕེལ་བྲི་མེད་པ་ས་སོགས་མཆོག་དམན་ཀུན་ལ་ངོ་མཚར་བ་ཡོད།

སྔོན་ཆད་ས་འདིར་མཛེ་བོ་མང་དུས་དེ་དག་གིས་འདིའི་ཆུ་བླངས་ནས་ཁྲུས་བྱས་པས་ནད་དྲག་པ་དང་།ད་ལྟ་ཡང་འདི་ཡི་ཆུ་སུས་འཐུང་ན་ཡང་ལུས་ཀྱི་སྟོབས་རྒྱས་ཤིང་ནད་རིགས་མ་ལུས་ཞི་བར་བྱེད་པ། གྲིབ་དང་མི་གཙང་བ་མཐའ་དག་སེལ་བར་བྱེད་པ་ནི་ཀུན་ལ་མྱོང་གྲུབ་དུ་ཡོད།འདིའི་ལོ་རྒྱུས་ལ་ཡིད་མི་ཆེས་པར་རྫུན་བཟོར་འདོད་མཁན་ཡོད་ན་དགོན་པ་འདིར་དངོས་སུ་ཕེབས་ཞེས་འདི་གའི་་བླ་གྲྭ་དག་གིས་དགའ་བསུ་ཞུ་བཞིན་ཡོད་འདུག།

འདི་ནི་ཕྱོགས་བཞི་ཡེ་ཤེས་རྒྱ་མཚོའི་ཀིརྟི་མ་དགོན་གྱི་ལོ་རྒྱུསགཞིར་བཟུང་ཞིང་ཀིརྟི་དགོན་པའི་རིགས་སྨྲ་བ་འཇམ་དབྱངས་བཀྲ་ཤིས་ཀྱི་ངོ་སྤྲོད་བྱས་པའི་གཏམ་གྱིས་ཟུར་བརྒྱན་ནས་ཤེས་རབ་བསྟན་དར་གྱིས་བྲིས་སོ༎

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn            

བརྒྱུད་འགོད།