ཤིས་ཚང་སྒར་རྙིང་དགོན་པའི་ནང་རྟེན་གྱི་གཙོ་བོ་རྗེ་བཀྲ་ཤིས་དོ་ཁ་མའི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-05 07:28:42     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 微信图片_20170705064926.jpg

༄༅། །དེ་ཡང་མདོ་སྨད་ཤིས་ཚང་སྒར་རྙིང་དགོན་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་ནི་ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀླུ་ཆུ་རྫོང་ཁོངས་སུ་གནས་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན་ཞིང་།  རྫོང་ཡོངས་ཀྱི་ལོ་རྒྱུས་ཅུང་རིང་བའི་དགོན་པ་ཞིག་ཡིན།

 དགོན་པ་འདི་ནི་བོད་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་ལོར་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་ཕྱག་བཏབ་ནས་འཆད་ཉན་གྱི་སྲོལ་བཙུགས། དགོན་པ་འདིར་སྔོན་ཆད་རྒྱ་གར་ནག་དང་བལ་བོ། ལི་ཡུལ་སོགས་ནས་གདན་དྲངས་པའི་ནང་རྟེན་དང་མཆོད་རྫས་ཧ་ཅང་མང་བོ་བཞུགས་པ་དང་། དེ་དག་ལས་ད་ལྟའི་བར་བྱིན་རླབས་ཀྱི་གཟི་འོད་མ་ཉམས་ཤིང་འཕྲིན་ལས་ཀྱི་མཇུག་མ་བསྡུས་པར་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་ལྷམ་མེར་ལྷན་ནེར་བཞུགས་པའི་ནང་རྟེན་གྱི་གཙོ་བོ་ས་གསུམ་ན་རྙེད་པར་དཀའ་བ་༧རྗེའི་སྐུ་བརྙན་བྱིན་ཅན་བཀྲ་ཤིས་དོ་ཁ་མར་གྲགས་པ་འདི་ནི་ཇི་ལྟར་བྱུང་བ་ཡིན་ཞེ་ན།

 མཁས་གྲུབ་བྱེ་བའི་གཙུག་རྒྱན་དམ་པ། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་དེ་ཉིད་དགུང་ལོ་ང་བརྒྱད་བཞེས་པ་རབ་བྱུང་བདུན་པའི་ཤིང་རྟ་༡༤༡༤ལོར་མི་དབང་གྲགས་པ་རྒྱལ་མཚན་པས་གསོལ་བ་བཏབ་ནས། འོན་གྱི་བཀྲ་ཤིས་དོ་ཁར་གདན་དྲངས་པ་ལྟར་ཕེབས་ནས་དབྱར་ཞལ་བཞེས་མཛད།

དུས་དེར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་རྗེའི་ཞབས་ཐོག་མར་ཟིན་ཞིང་། སེམས་དཔའ་ཆེན་པོ་ཀུན་བཟང་བ་དང་། ཤེས་རབ་སེང་གེ་སོགས་ཀྱིས་རྗེ་དགེ་འདུན་གྲུབ་ཀྱི་ཐུགས་རབ་ལ་བསྔགས་པ་ཕུལ་བས་རྗེ་ཐམས་ཅད་མཁྱེན་པས་ཀྱང་ཐོབ་པར་མཛད། གནས་དེར་སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་བོ་ལ་ལམ་རིམ།དབུ་ཚད། སྤྱོད་འཇུག་ལ་སོགས་པ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས་གདན་སའི་སྤྱན་སྔ་རིན་པོ་ཆེས་ཐོག་དྲངས། མི་དབང་གྲགས་པ་རྒྱལ་མཚན་འཁོར་དང་བཅས་པ་ཐམས་ཅད་མཆོག་ཏུ་དད་ཅིང་དགེ་བའི་ས་ལ་འགོད་པར་མཛད།

སྐབས་དེར་བཀྲ་ཤིས་དོ་ཁ་མར་གྲགས་པའི་སྐུ་བརྙན་བྱིན་རླབས་ཅན་འདི་ཡང་ལྷའི་བཟོ་བོ་པཎ་ཆེན་བྱམས་པ་གླིང་བས་སྐུ་བརྙན་བརྒྱད་ཕྱག་བཟོ་མཛད་ཅིང་། རྗེ་རང་ཉིད་ཀྱིས་དབུ་སྐྲ་བུབས་རེ་སྐུ་བརྙན་རེ་རེའི་གཟུངས་བཞུགས་སུ་ཕུལ་ཏེ་རབ་གནས་མཛད། སྐུ་བརྙན་བྱིན་ཅན་འདི་ཉིད་བཞེངས་མཁན་ལ་བཞེད་པ་མི་མཐུན་པ་མང་ཡང་། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བཀྲ་ཤིས་ལྷུན་པོའི་ཕྱིའི་མཆོད་རྟེན་དཀར་ཆག་ཏུ། བཀྲ་ཤིས་དོ་ཁ་མར་གྲགས་ཆོས་ཀྱི་རྗེ། །བྱམས་པ་གླིང་བའི་ཕྱག་བཟོ་ལས་བྱུང་བ། །རྗེ་བཙུན་བླ་མའི་སྐུ་འདྲ་བྱིན་རླབས་ཅན། །ཞེས་དང་། གཞན་རོང་བོ་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་དང་བྱ་ཁྱུང་གདན་རབས་སོགས་ལས་པཎ་ཆེན་བྱམས་པ་གླིང་བས་བཞེངས་པར་གསུངས་སོ། །

དེ་ལྟ་བུའི་སྲིད་ན་དཀོན་པའི་སྐུ་བརྙན་བྱིན་ཅན་འདི་གདན་ས་འདིར་ཇི་ལྟར་གདན་དྲངས་པ་ཡིན་ཞེ་ན། ཕྱོགས་འདིར་འཁྲུངས་པའི་མཁའ་རིག་བླ་མ་འོད་ཟེར་བཟང་བོ་ཞེས་པ་དབུས་སུ་ཕེབས་ཏེ་ཐུགས་གཉེར་མཛད། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང་ཐུགས་འབྲེལ་ཧ་ཅང་ཟབ། ངག་རྒྱུན་ལ་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་མཚན་ཉིད་ཞབས་ཞུ་ཡིན་ཟེར། ཁོང་རབ་བྱུང་བཅུ་གསུམ་པའི་ས་རྟ་༡༧༩༨ལོར་མདོ་སྨད་དུ་ཕེབས་ཁར་རྒྱལ་དབང་རིན་པོ་ཆེར་བདག་རང་ཡུལ་དུ་འགྲོ་བར་བྱིན་རྟེན་ཁྱད་པར་བ་ཞིག་གནང་བར་ཞུ་ཞེས་ཞུ་བ་ནན་ཆེར་ཕུལ་བར་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཐུགས་དམ་གྱི་རྟེན་གཙོ་རྗེ་བཀྲ་ཤིས་དོ་ཁ་མ་འདི་གནང་ནས་གདན་ས་འདིར་གདན་དྲངས་ཤིང་འདུ་ཁང་ཆེན་མོར་བཞུགས་སུ་གསོལ།

རབ་རྒྱལ་ས་ཁྱི་ལོ་ནས་བཟུང་ལོ་ངོ་བཅུ་ཕྲག་ལྷག་གི་རིང་བོད་ཁམས་ཡོངས་སུ་ཆོས་དང་རིག་གནས་ལ་གོད་ཆག་ཚབ་ཆེན་བྱུང་བར་ཆོས་སྡེ་འདིའི་དད་ལྡན་སེར་སྐྱ་འགས་ལུས་སྲོག་ལ་མ་འཛེམ་པར་རྗེ་བཀྲ་ཤིས་དོ་ཁ་མའི་སྐུ་བརྙན་བྱིན་ཅན་འདི་བྲག་ཁུང་དུ་སྦས་སྐུང་བྱས་ནས་གནོད་སྐྱོན་ཅུང་ཟད་ཙམ་ཡང་མ་བྱུང་།

བོད་རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་(༡༩༨༡)ལོའི་ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་ཕྱོགས་འདིའི་སེར་སྐྱ་ཡོངས་ཀྱིས་ཆིབས་བསུ་སེར་སྦྲེངས་དང་བཅས་གདན་ས་འདིར་གདན་དྲངས་ནས་སྔོན་ལྟར་བྱིན་རླབས་ཀྱི་གཟི་འོད་འབར་ཞིང་འཕྲིན་ལས་ཀྱི་མཇུག་མ་བསྡུས་པར་དད་ལྡན་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་བཞིན་མཆིས་སོ། །

ཞེས་པ་ནི་ཤིས་ཚང་སྒར་རྙིང་དགོན་པའི་ལོ་རྒྱུས་ལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།