ཨ་མདོའི་རྡོ་འབུམ་རྡོ་འབུམ་སྔོ་རིས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2016-09-23 08:19:34     རྩོམ་པ་པོ།   ལྠང་སྐྱ་དགེ་འདུན་བཀྲ་ཤིས།    ཀློག་ཐེངས།  

རེབ་གོང་རུས་མཛོད་ལས་གསུངས་ཚུལ།

རེབ་གོང་ལྕང་སྐྱ་སྡེ་བའི་བྱང་ཕྱོགས་སུ་ཨ་མདོ་རྡོ་འབུམ་སྔོ་རིས་དང་ཨ་མདོ་མཆོད་རྟེན་རིང་མོ་གཉིས་ཡོད་།ཨ་མདོ་རྡོ་འབུམ་སྔོ་རིས་ནི་ཉམས་རྟོགས་ཀྱི་ཀློང་བརྡོལ་ཞིང་འབྱུང་ བཞི་ལ་ཁ་ལོ་བསྒྱུར་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ་བའི་སྔགས་འཆང་ སྨྱོན་པའི་ཆ་བྱད་ཅན་ཞིག་གིས།ཡུལ་མདོ་སྨད་འདིར་ཆོས་ཀྱི་འཛད་འཕྲིན་མང་པོ་གནང་སྟེ།རྟ་ཁོག་སྐམ་པོ་རེབ་གོང་གི་ཡུལ་འདི། རྟ་སྙིང་རློན་པར་མཚུངས་པའི་མཁར་གོང་རི་བོའི་ལྷོ་ངོས་ན།ས་དཀར་ཨ་ཡིག་འབུར་དུ་དོད་པའི་ཨ་ཡི་མིང་ཅན་གྱི་གཡས་ཕྱོགས་སུ་བྱ་ཀོའུ་བའི་རྔ་སྒྲོ་འདྲ་བའི་སྟེང་།རྒྱལ་བསྟན་སྤེལ་ཞིང་ཀླ་ཀློའི་དམག་ཚོགས་བཟློགས་ཕྱིར་ཕྱོགས་དེར།བདུད་སྲིན་འབྱུང་བའི་རིགས་རྣམས་རྫུ་ འཕྲུལ་གྱིས་བདུལ་ཏེ་ལྷ་ཀླུ་བཙན་གསུམ་བྲན་དུ་འཁོལ་ནས་ཕོ་འདོམ་དགུ་བརྒྱའི་ འོག་ཏུ་གདོན་བགེགས་ཀྱི་རིགས་དེ་དག་མནན་ཏེ། མི་ལོ་དགུ་སྟོང་གི་བར་དུ་དམ་ ལས་མི་འདའ་བའི་ཕྱག་རྒྱས་བཏབས།ཕྱིས་སུ་སྐྱེས་ཆེན་དམ་པ་དུ་མས་གཟུངས་ སྔགས་ཀྱི་ཟློས་བརྗོད་ཚད་དུ་འཁྱོལ་བར་སྔགས་ཏེ་རྡེའུ་སྤུངས་ནས།གཞི་རྒྱ་ཇེ་ཆེར་བཏང་བར་མ་ཟད།དད་ལྡན་མང་པོས་མ་སྐུལ་དང་བླངས་ཀྱིས་སྤུངས་པའི་རྡོ་འབུམ་འདི་ལ་གྱང་སྐྱའི་རྡོ་འབུམ་སྔོ་རིས་དང་།ཡང་ན་ཨ་མདོ་རྡོ་འབུམ་སྔོ་རིས་ཞེས་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་བཤད་དོ།།

                   རླུང་ལྟར་གྲགས་པའི་རྒན་རབས་ཀྱི་ངག་རྒྱུན།

ཨ་མདོ་རྡོ་འབུམ་སྔོ་རིས་འདིའི་རྨང་རྩིག་པ་པོ་ནི་རྗེ་ཐམས་ཅད་མཁྱེན་པའི་སློབ་དཔོན་ཆོས་རྗེདོན་གྲུབ་རིན་ཆེན་ཡིན་ལ།ཁོང་མཆིམས་བློ་བཟང་གྲགས་པའི་ལུང་བསྟན་ལྟར་བྱ་ཁྱུང་གི་དགོན་གནས་འཚོལ་བར་ཕེབས་སྐབས་གྱང་སྐྱའི་ས་སྒང་རྒྱབ་ལ་ཕེབས་ནས་མདུན་གྱི་རི་འདིའི་མིང་ལ་ཅི་ཟེར་ཞེས་བུད་མེད་ཞིག་ལ་དྲིས་པས།བུད་མེད་དེས་རི་འདིའི་མིང་ལ་དཀྱིལ་རི་ཟེར་ཞུས་པས།ཁོང་གིས་འདི་ཙོང་ཁའི་ དཀྱིལ་རི་ཡིན་པར་སྙམ་ནས་ཞག་འགར་བཞུགས་པར་བཤད།ད་ལྟའང་གྱང་སྐྱའི་ས་སྒང་རྒྱབ་ན་བཞུགས་ཤུལ་དུ་རྡོ་འབུམ་ཆུང་ཆུང་ཞིག་བརྩིགས་ཡོད། དེ་ནས་ཁོང་གིས་དཀྱིལ་རི་ཟེར་བ་གཞན་ཞིག་ཡོད་མེད་ཀྱི་གཏམ་དྲིས་པ་དང་།རང་གི་རྨི་ལམ་སོགས་ལ་བརྟེན་ནས་རི་འདི་ཙོང་ཁའི་དཀྱིལ་རི་མིན་པར་རྟོགས་ཏེ་ཙོང་ཁའི་དཀྱིལ་རིར་ཕེབས་སྐབས།སྡེ་འདིའི་དད་ལྡན་རྣམས་ཀྱིས་བྱིན་རྟེན་ཞིག་འཇོག་དགོས་པར་ཡང་ཡང་བསྐུལ་ངོར།ཁོང་གིས་ས་འདིའི་ས་དཔྱད་དང་བོད་ཁམས་སྤྱིའི་དགེ་ཕན་ལ་དམིགས་ནས།གནམ་དང་ཆུ་དང་ས་རྒྱ་གྲམ་སུམ་འཛོམས་ཀྱི་བཞི་མདོ་འདིར།བྱ་ཁྱུང་དགོན་པ་བཏབ་པའི་སྔ་ལོརསྤྱི་ལོ༡༣༦༨ལོར་རྡོ་འབུམ་འདི་བཞེངས་བར་སྙམ།རྡོ་འབུམ་འདིའི་ནང་རྟེན་ལ་ཆོས་རྗེ་དོན་རིན་པའི་ཕྱག་རྟེན་དང་མཆིལ་ལྷམ་སོགས་བྱིན་རླབས་ཀྱི་རང་དྲོད་འབར་བ་བཞུགས་ཡོད་པས། ལྷ་སའི་ཇོ་བོ་མཇལ་བ་དང་།ཨ་མདོརྡོ་འབུམ་སྔོ་རིསལ་མཇལ་བ་བྱིན་རླབས་དོ་མཉམ་དུ་གྲགས།དེ་བས་དད་ལྡན་མང་བོས་བྱིན་ཅན་གྱི་རྡེའུ་རེ་ཟུང་གྱང་སྐྱའི་མི་ཞིག་ལ་བསླངས་ཏེ།བྱིན་རྟེན་དུ་འཁྱེར་ནས་མི་ཐོག་གི་ན་ཚ་དང་།ཕྱུགས་ཐོག་གི་གོད་ཁ་བཟློག་པར་མ་ཟད།གདོན་བགེགས་གནོད་གསུམ་ལས་སྐྱོབ་ཐུབ་པ།གནའ་ནས་ད་བར་དུ་རྒྱུན་མ་ཆད་པར་བྱུང་ཡོད་པ་འདིའོ༎ གཞན་བསམ་བློ་མི་ཐུང་དང་ཀླུ་འབུམ་མི་རྒོད་གཉིས།དབུས་བཞུད་ཀྱི་ལམ་བར་དུ་རྡོ་འབུམ་གྱི་མདུན་འདིར། མི་ཐུང་གིས་དགེ་བཤེས་ཤིག་དང་།ཀླུ་འབུམ་གྱིས་རྡོབ་རྡོབགྲྭ་རྒོདཞིག་ཏུ་སྨོན་ལམ་བཏབ་པས།རྗེས་སོར་ཡང་དེ་འདྲ་རང་དུ་གྱུར་ཏོ༎ངག་རྒྱུན་དུ་རྡོ་འབུམ་འདི་རང་བྱུང་དུ་འཕྱུར་བར་བཤད་ཀྱང་།གང་ལྟར། གནའ་ནས་ད་ལྟའི་བར་དུ་སྡེ་འདིའི་ཡ་རབས་སྐྱེ་བོ་དང་ལམ་འགྲོ་དད་ལྡན་རྣམས་ཀྱིས་མ་ནི་རྡོ་བརྐོས་དང་རྡོ་དཀར་སོགས་སྤུངས་ནས་ད་ལྟ་གཞི་ཁྱོན་ཧ་ཅང་ཆེ་བ་ཡིན་ནོ༎སྔ་སོར་གྱང་སྐྱའི་མེས་བོ་གོང་མའི་རིང་རྡོ་འབུམ་སྔོ་རིས་འདིར་ལོ་རེ་བཞིན་དུད་ཚང་རེས་མ་ཎི་རྡོ་བརྐོས་དང་།རྡེའུ་ལྡུག་པའི་སྲོལ་དང་། ཁྱད་པར་དུ་མི་ཞིག་ཚེ་ལས་འདས་ཚེ་ཐར་མདོ་དང་བཟང་སྤྱོད།མ་མཐའ་ཡང་མ་ཎི་རྡོ་བརྐོས་རེ་འཇོག་སྲོལ་ཡོད་ཀྱང་།ཕྱིས་སུ་སྲོལ་བཟང་དེ།ལ་ཁའི་ཉི་མ་དང་།ལ་རྟིང་གི་གྲིབ་མ་བཞིན།རྒྱུན་ཆད་དེ་ལོ་ཆུང་རྣམས་ཀྱིས་མི་ཤེས་པའི་ཚོད་དུ་ལྷུང་སྐབས།དད་ལྡན་སྐོར་ཞིག་གིས་རྡེའུ་སྒྲུབ་ཀྱི་འཐེབ་རྩ་བཞག་པར་བརྟེན། གྱང་སྐྱའི་བན་ཀྱས་དབུ་དྲངས་ཏེ།ལོ་རེར ༢༠༡༠ ཟླ ༦ ཚེས ༤ སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་དུས་ཆེན་གཏན་ཁེལ་བྱས་ཏེ། སྡེ་དམངས་ཀྱིས་ཉིན་དེར་མ་ཎི་རྡོ་བརྐོས་དང་།ཡང་ན་རྡེའུ་འཁྱེར་ཡོང་ནས། བན་ཀྱཱ་དང་ལྷན་དུ ཨ་མདོ་རྡོ་འབུམ་སྔོ་རིསཀྱི་རྡེའུ་སྒྲུབ་ཀྱི་ཆོ་ག་སྤེལ་རྒྱུ་དང་།ཞོར་དུ་ཚ་གསུར།ལྷ་བསང་།ཡུལ་ཁྲུས་སོགས་གནང་སྟེ་ལོ་སྲུང་དང་ས་བཅུད་གསོ་བའི་ཆོས་རྒྱུན་དཀར་དཀར་འདི་སླར་གསོ་བྱས་པ་ཡིན།ཨ་མདོ་རྡོ་འབུམ་སྔོ་རིས་འདི་རྟེན་ཁམས་ཆེན་དུ་དམིགས་ནས།པཎ་ཆེན་སྐུ་ཕྲེང་བཅུ་བ་རེབ་གོང་དུ་ཞབས་ཟུང་བསྐྱོད་སྐབས། བསེ་ལུང་བ་གསུམ་གྱིས་དཀྱུས་གཅིག་ཏུ་གནས་འདིར་ཇ་ཐབ་དང།བཅིབ་བསུ་རྒྱ་ཆེན་བྱས་པ་ཡིན་ནོ།།

 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།