བཱེ་ཤིང་དགོན་པའི་ངོ་མཚར་བའི་རང་བྱོན་མ་ཎི་དང་ཨ་ར་པ་ཙ་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-27 20:22:40     རྩོམ་པ་པོ།   སྒར་བ་འཕྲིན་ལས་རྒྱ་མཚོ'    ཀློག་ཐེངས།  


བེ.jpg

 ཚ་གན་བཱེ་ཤིང་དགོན་དགའ་ལྡན་རབ་རྒྱས་གླིང་ནི་སྤྱི་ལོ་༡༧༨༠ལོར་༧ཀུན་གཟིགས་པཎ་ཆེན་དྲུག་པ་ཆེན་མོའི་བཀའ་ལུང་ལྟར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་གཉིས་པ་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོས་ཕྱག་བཏབས་ཏེ་བདེ་མཆོག་གི་རྒྱུད་གྲྭ་བཙུགས། རྗེས་སུ་ཀུན་མཁྱེན་སྐུ་འཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོ་མཆོག་གིས་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཤིང་། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་དགོན་བདག་ཏུ་བསྐོས། དེ་ནས་བཟུང་རྒྱལ་སྐུ་འཕྲེང་རིམ་བྱོན་གྱིས་སྐྱོང་ཁུར་གནང་། ཀུན་མཁྱེན་སྐུ་འཕྲེང་བཞི་བས་དུས་འཁོར་སྒྲུབ་མཆོད་བཙུགས། ཀུན་མཁྱེན་སྐུ་འཕྲེང་ལྔ་བས་གསང་འདུས་སྒྲུབ་མཆོད་བཙུགས། དེ་ལྟར་མདོ་སྔགས་ཟུང་འབྲེལ་གྱི་དགོན་སྡེ་ཞིག་ཏུ་གྱུར་ནས་ད་བར་དུ་ལོ་ངོ་ཉིས་བརྒྱ་སོ་དྲུག་ལྷག་སོང་ཡོད། གནས་འདི་ན་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཆུ་ཤིང་བསྟན་བཅོས་ཞེས་མཚན་སྙན་གྱི་བ་དན་དགུང་དུ་རྐྱོང་བའི་ལེགས་བཤད་རྨད་དུ་བྱུང་བ་དེ་ཕྱག་རྩོམ་གནང་ས་དེ་ཡང་མཇལ་རྒྱུ་ཡོད།

བེ༤.jpg

         ད་ལྟ་དགོན་སྡེ་འདི་ཉིད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་མངའ་ཁུངས་སུ་གནས་ལ་རྨ་ཆུ་རྫོང་མཁར་ནས་བྱང་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་གྱི་མཚམས་ན་ཡོད།དགོན་པ་འདིའི་ཁོར་ཡུག་ན་ངོ་མཚར་བའི་རང་བྱོན་ཤིན་ཏུ་མང་། དེ་དག་ངོ་སྤྲོད་རེ་ཞུས་ན། དགོན་པའི་ནུབ་བྱང་ཕྱོགས་སུ་གོམ་པ་སུམ་རྒྱ་ཙམ་གྱི་མཚམས་སུ་རྒྱབ་རི་བྲག་ལ་བརྟེན་ཅིང་མདུན་དུ་རྨ་ཀླུང་སྔོན་མོའི་མཆོད་ཡོན་དྲངས་པའི་གུང་ཐང་སྐུ་འཕྲེང་སྐུ་འཕྲེང་དྲུག་པ་ཆེན་མོའི་གཟིམ་ཆུང་ཡིད་དགའ་ཆོས་འཛིན་ཡོད་ལ། གཟིམ་ཆུང་གི་གཤམ་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་སྔགས་ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་པ་གསལ་བར་དོད་ཡོད། འོན་ཀྱང་རིག་གསར་གྱི་སྐབས་སུ་སྐུ་གསུང་ཐུགས་རྟེན་ལ་འཐབ་རྩོད་དང་དགག་རྒྱག་བྱེད་པར་ཁ་གཡར་ནས་རང་བྱོན་གྱི་བྲག་ལ་འགད་རྫས་བཞག་སྟེ་དྷཱི་ཡིག་དང་ན་ཡིག་གི་ཕྱེད་གཉིས་ཀར་སྐྱོན་ཞུགས། དེ་མིན་ཨ་ར་པ་ཙའི་གཤམ་དུ་མ་ཎི་སོགས་ཁ་ཤས་ཡོད།

བེ༣.jpg

       དེ་ནས་ཡར་རྡོ་ཕྱུག་ཟེར་བའི་ལུང་བ་འདིའི་ཕུ་ལ་ཅུང་ཙམ་སོང་ཚེ་ཡང་བྲག་སྐྱ་བོའི་ངོས་ལ་ཡི་གེ་ནག་མདོག་གིས་དོད་དེ། ཨོཾམཎིཔདྨེཧཱུཾཿཞེས་པའི་ཡིག་འབྲུ་རྣམས་བྲག་མདངས་ནས་ཚུར་དོད་ཡོད་པས། ཆར་དང་ཆུ་ཡི་བརླན་རེ་ཐུག་ན་ཇེ་གསལ་དུ་འགྲོ དེ་མིན་དགོན་པའི་རྒྱབ་ཕྱོགས་ན་བྲག་ཁུང་ཞིག་ཡོད་པ་དེའི་མདུན་ཕྱོགས་སུ་ཡང་ཨོཾཨཱཿཧཱུཾ་སོགས་གསལ་བར་གད་ཡོད། འདི་ནི་རང་བྱོན་གོང་མ་གཉིས་ལ་ལྟོས་ན་ཤིན་ཏུ་གསལ། བྲག་སེར་ཞད་ཅན་གྱི་ནང་ལ་མར་མདོག་གིས་དོད་འདུག ཀུན་མཁྱེན་ལྔ་བ་ཆེན་མོའི་ཡོངས་འཛིན་དངུལ་རྭའི་གྲགས་པ་ཚང་གནས་འདིར་བྱོན་ཏེ། རང་བྱོན་འདི་དག་ནི་ས་ཆ་ཆུང་བའི་སྟབས་ཀྱིས་འཕྲིན་ལས་རྒྱས་མ་ཐུབ་པ་མ་གཏོགས་སྲིད་ན་གྲགས་པ་འབར་བའི་གནས་ཀ་འཕུར་ཞེས་པ་ཡང་འདི་ལས་ལྷག་མིན་ཞེས་གསུངས་པར་གྲགས་ལ། དེ་མིན་༡༩༨༢ལོར་ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་མོ་མཆོག་གནས་འདིར་ཞབས་ཀྱི་པདྨོ་འགོད་པའི་སྐབས་སུ་ཡང་དགོན་ས་འདི་ཉིད་རིག་གསུམ་མགོན་པོའི་གནས་ཡིན་ཞེས་ལུང་བསྟན་ཞིང་ངོས་འཛིན་གནང་ལ།

བེ༢.jpg

       ༡༩༩༡ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་སྦྱིན་པ་ཚང་༼ཡོངས་གྲགས་ལ་རྔ་བ་སྦྱིན་པ་ཚང་ཟེར། ༽གིས་གནས་འདི་ནི་རིགས་གསུམ་མགོན་པོའི་གནས་ཡིན་ཚོད་དུ་འདུག བཛྲ་པཱ་ཎི་ཞིག་ཀྱང་ཡོད་རྒྱུ་ཡིན་ཀྱང་མཐོང་མ་ཐུབ་པ་འདྲ་ཞེས་གསུངས་པ་རང་དགོན་གྱི་དགེ་བཤེས་བསྟན་འཛིན་རྒྱ་མཚོ་སོགས་ཀྱིས་དངོས་སུ་ཐོས་གསུངས། འདི་ལྟར་སྐྱེ་བོ་སུ་ཞིག་གིས་མཐོང་ཡང་ངོས་ཟིན་སླ་ཞིང་དད་ལྡན་རྣམས་ལ་དང་བ་འདྲེན་པ་ཞིག་འདུག་པས། གནས་འདིར་ཕེབས་པའི་སྐྱ་སེར་སུ་ཡིན་ཡང་འདི་ལ་ཕྱག་དང་མཆོད་མཇལ་བྱས་ན་བྱིན་རླབས་ཀྱི་དངོས་གྲུབ་ཐོབ་པ་ལ་སོམ་ཉི་མི་དགོས་ཏེ། དེ་ལྟར་བྱིན་རླབས་དེ་ཡང་མཐོང་བ་མངོན་གྱུར་དུ་སོང་སྟེ་ཚེ་འདིའི་བར་ཆད་སེལ་བ་སོགས་ཀྱི་ལོ་རྒྱུས་མང་ཡང་འདིར་དེ་ཙམ་གྱིས་འཐུས་པར་བྱ། དགེ་ལེགས་འཕེལ།


                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།