གནས་མཆོག་འོལ་ཁ་ཆོས་ལུང་གི་དཀར་ཆག་དད་པའི་སྒོ་འབྱེད་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-06-26 17:25:52     རྩོམ་པ་པོ།   ཀུན་མཁྱེན་འཇིགས་མེད་དབང་བོ།     ཀློག་ཐེངས།  

ན་མོ་སྭཱ་སྟི་པྲ་ཛ་བྷེཿ  ལྷག་བསམ་ཕྱོགས་ཀྱིས་འགྲོ་རྣམས་སྒྲོལ་བའི་སླད། །བྱང་ཆུབ་ཐུགས་བསྐྱེད་རླབས་ཆེན་ཚོགས་བསགས་ཏེ། །སྟུག་པོ་བཀོད་པར་སྐུ་བཞིའི་དཔལ་བརྙེས་པ། །རྣམ་འདྲེན་ཤཱཀྱའི་རྒྱལ་པོར་སྙིང་ནས་འདུད། །རྨད་བྱུང་བློ་གྲོས་དཀྱིལ་འཁོར་ཡོངས་སུ་རྫོགས། །མཁས་བཙུན་བཟང་བོའི་བསིལ་ཟེར་ཕྲེང་བ་ཡིས།།གྲགས་པའི་ཀུ་མུད་ཕྱོགས་ཀྱི་མཐར་ཁྱབ་པ། །རྒྱལ་དབང་བློ་བཟང་གྲགས་པར་མགོས་ཕྱག་འཚལ།། དགེ་བཅུ་ཀུན་ཚང་བོད་ཡུལ་སྨན་གྱི་ལྗོངས། །འོལ་ཁ་ཆོས་ལུང་ཞེས་གྲགས་སྒྲུབ་གནས་ཀྱི། །ངོ་མཚར་རང་བཞིན་གཏམ་དུ་བརྗོད་པ་འདིར། །གཟུར་གནས་ཤེས་ལྡན་ཀུན་གྱིས་རྣ་བ་བློགས། །ཞེས་ཚིགས་སུ་བཅད་པའི་འཕྲེང་བའི་མདུན་བསུས་ཏེ་གླེང་བར་བྱ་བ་ནི། རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས། འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་ཞིང་།བོད་གངས་ཅན་གྱི་ཡུལ་ལྗོངས། ཡུལ་དབུས་འོལ་ཁའི་སའི་ཆར། སྲིད་པའི་ལྷ་ཆེན་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ། དབེན་པའི་གནས་མཆོག་འོལ་ཁ་ཆོས་ལུང་ཞེས་ཡོངས་སུ་གྲགས་པ་འདི་ནི། ངོ་མཚར་བའི་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ཏེ། དེ་ཡང་མཐོང་བ་ཙམ་གྱིས་ཉམས་དགའ་བ། རྩྭ་དང་ལྡུམ་བུ་དང་། སྨན་གྱི་ཕྲེང་བ་ཚར་དུ་མངར་བ། ཁ་ཕྱེ་བ་དང་མ་ཕྱེ་བས་མེ་ཏོག་སྣ་ཚོགས་པའི་དོ་རར་བུང་བ་མང་པོ་དྲི་ཟའི་རྒྱུད་མང་ཧ་ཅང་སྒྲ་གྲགས་པ་མ་ཡིན་པ་གླུ་དབྱངས་སྙན་པོ་དར་དིར་དུ་སྒྲོག་པ། ནེ་ཙོའི་གཤོག་པ་ལྟར་ལྗང་ཞིང་ཅུང་ཟད་སེར་བའི་ཡལ་འདབ་ཅན་གྱི་རྐང་འཐུང་གི་ལྗོན་པ་དག་ནི་མགོ་བོ་ཉེ་བར་བཏུད་ཏེ།འབྲས་བུ་སྨིན་པའི་དགའ་སྟོན་གྱིསདཀའ་ཐུབ་པ་དག་ལ་འཚོ་བ་སྦྱོར་བ། ནགས་ཚལ་སྟུག་པོས་གསེབ་ན་འཇའ་ཚོན་གྱིས་སྤུ་སྡུག་གོས་སུ་གྱོན་པའི་གཉིས་སྐྱེས་དུ་མ་རྩེད་འཇོ་ལ་མཆོག་ཏུ་གཞོལ་བ། ཉི་མའི་འོད་ཀྱི་དབང་སྔོན་གྱི་དོག་པ་ཉེ་བར་བཞུས་པའི་ཁུ་བ་འབབ་པ་དང་འགྲན་པར་ནུས་པས་དྭངས་ཤིང་བསིལ་བའི་ཆུ་རྒྱུན་དལ་བུའི་ལྷུང་ལྷུང་དུ་འབབ་པ་སོགས་ཀྱི་ཡོངས་སུ་མཛེས་པའི་གནས་ཀྱི་དབུས་སུ། རི་བོ་དུང་འདྲ་རྣམ་པར་རྒྱལ་བའི་ཁང་བཟང་། དེའི་གཡས་སུ་སྤང་ལྗོངས་མར་གད་ཀྱི་མེ་ལོང་དང་མཚུངས་པར་རྣམ་བཅུད་དབང་ལྡན། གཡོན་དུ་འཆི་མེད་བདུད་རྩིའི་དགའ་སྟོན་རོལ་བའི་ཚེ་དབང་སྨན་ཁུག    མདུན་དུ་ཕུན་སུམ་ཚོགས་པའི་དགེ་མཚན་མཐའ་དག་རང་བཞིན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་པའི་རྟགས་བརྒྱད། རྩེ་མོར་ཞི་བའི་བདུད་རྩི་དོན་དུ་གཉེར་བའི་ཉན་ཐོས་ཆེན་པོ་འགོག་པ་ལ་སྙོམས་པར་འཇུག་པའི་གནས། གཞན་ཡང་གཡས་རུ་དར་དཀར་གྱིས་ཡོལ་བས་བྲེས་པ་འདྲ་བ། གཡོན་རི་ནོར་བུའི་ཕུང་བོ་ཐུ་བར་སྤུངས་པ་འདྲ་བ་སོགས་ས་འཛིན་གྱི་དབྱིབས་དང་། བཀོད་པ་ཕུན་སུམ་ཚོགས་ཤིང་། ལྷ་ཀླུས་ཕུལ་བའི་སྒྲུབ་ཆུ་ཁྱད་པར་ཅན། ལེགས་ཉེས་ཀྱིས་རྟགས་སྟོན་པའི་མངོན་པར་བརྒྱན་པ། སྔོན་བྱོན་གྲུབ་པའི་དབང་ཕྱུག་མཐའ་ཡས་པའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པས་ཕུག་པ་དང་། རང་བྱོན་དང་། ཞབས་རྗེས་སོགས་ཀྱི་གཏམས་པ། མཐོ་དམན་མཚན་ཞིང་། མདོ་སྡེ་རྒྱན་ལས་བཤད་པའི་གནས་ཀྱི་ཁྱད་པར་ལྔ་དང་ལྡན་པ།ཏིང་ངོས་འཛིན་སྐྱེས་པ་དང་རྗེས་སུ་མཐུན་པའི་གནས་མཆོག་འདི་ནི་འཆི་བ་མེད་པའི་དགའ་ཚལ་དུས་ཀྱི་དབང་གིས་ནོར་འཛིན་གྱིས་གཞིར་འཕོས་པ་ལྟར་རྣམ་པ་ཀུན་ཏུ་བསྔགས་པར་བྱ་བའི་གནས་སོ།། དེ་ལྟ་བུའི་གནས་ཕུན་སུམ་ཚོགས་པར་གྲུབ་པའི་དབང་ཕྱུག་མཐའ་ཡས་པས་སྒྲུབ་པ་མཛད་པའི་ཚུལ་ནི་བརྗོད་པར་མི་ནུས་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོས་གནས་མཆོག་འདི་ཉིད་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་ཚུལ་ནི། དེ་ཡང་འཇམ་དཔལ་རྩ་རྒྱུད་དང་། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་བོ་སོགས་ལས་གསལ་བོར་ལུང་བསྟན་པས་རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་མདོ་སྨད་ཙོང་ཁར་མེ་མོ་བྱའི་ལོ་ལ་སྐུ་གཏམས་ཤིང་ཆུང་ངུའི་དུས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་།དགུང་ལོ་བཅུ་དྲུག་པ་ལ་དབུས་སུ་བྱོན་ཏེ་མཁས་པ་དུ་མས་ཞབས་པད་བརྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ལེགས་པར་སྦྱངས་པས་འཛམ་གླིང་མཁས་པ་མཐའ་དག་གི་སྤྱི་བོར་གང་གིས་བཀའ་ཡི་ཕྲེང་བ་ངལ་གསོ་བའི་མཁས་པ་ཆེན་པོར་གྱུར། དགུང་ལོ་སོ་དྲུག་པ་ལ་དབུས་ཀྱི་གདན་ས་དགའ་བ་གདོང་དུ་བླ་མ་དབུ་མ་བ་དང་ལྷན་གཅིག་ཏུ་བཞུགས་ཏེ།དབུ་མ་བ་དཔའ་བོ་རྡོ་རྗེ་འཇམ་དབྱངས་དང་རྗེ་རིན་པོ་ཆེ་བར་དུ་ལོ་ཙཱ་བ་བྱས་ཏེ། སྔགས་མཚན་ཉིད་ཀྱི་དཀའ་གནས་མང་པོ་ཐེ་ཚོམ་གྱི་སྒྲོ་འདོགས་བཅད། འཆད་ཉན་དང་སྒོམ་སྒྲུབ་གཉིས་ཀྱི་ནང་ནས་གང་བྱས་ནས་ལེགས་ཞུས་པས། འཆད་ཉན་བྱས་ནས་ཕན་ཐོགས་ལྟར་སྣང་རེ་ལས་མི་འོང་། དེ་བས་སྒྲུབ་པ་རྩེ་གཅིག་ཏུ་མཛད་ན་བསྟན་པ་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་བར་འགྱུར་རོ།། ཞེས་བསྐུལ་བ་ལ་བརྟེན་ནས་དབེན་པའི་གནས་སུ་སྒྲུབ་པ་ལ་བྱོན་པ་ཐུགས་ཐག་བཅད། བླ་མ་དབུ་མ་བ་ཁམས་སུ་ཕེབས། ལོ་དེའི་ཟླ་བ་བཅུ་བའི་ནང་དུ་རྗེ་བཙུན་གྱིས་གསུང་ལྟར། སློབ་དཔོན་འཇམ་དཀར་བ། རྟོགས་ལྡན་བྱང་སེང་བ། གནས་བརྟན་རིན་ཆེན་རྒྱལ་མཚན་པ། གནས་བརྟན་བཟང་སྐྱོང་བ་སྟེ་དབུས་པ་བཞི། བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། དགེ་བཤེས་ཤེས་རབ་གྲགས་པ།དགེ་བཤེས་འཇམ་དཔལ་བཀྲ་ཤིས།དགེ་ཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་དང་བཅས་འཁོར་དག་པ་རྣམ་བརྒྱད་ཕྱག་ཕྱིར་འཁྲིད་དེ་སྐྱོར་མོ་ལུང་ནས་བཏེག

གཞིས་ཀ་སྣེའུ་ནས་མཐུན་རྐྱེན་སྦྱར་ཏེ་གཞུང་ཀོ་མཛད་ནས་མཁའ་སྟག་ལ་བརྒྱུད་དེ། འོལ་ཁ་གྲོག་དགོན་གསར་ཞེས་པའི་གནས་སུ་ཕེབས་པའི་ཚུལ་ནི།འཇམ་དབྱངས་ཁ་ཆེ་པཎ་ཆེན་གྱིས་མཛད་པའི་ཙོང་ཁ་བརྒྱད་ཅུ་ལས།རྗེ་བཙུན་བཀའ་ཡི་བསྐུལ་བར་གྱུར་མ་ཐག །ཚེ་འདིའི་བྱ་བ་མཐའ་དག་རིང་སྤངས་ནས།། ཕྱི་མ་དོན་གཉེར་འཁོར་དང་ལྷན་ཅིག་ཏུ།།དབེན་པར་སྒྲུབ་ལ་གཤེགས་པའི་ཙོང་ཁ་བ།།ཞེས་གསུང་བ་ལྟར་རོ།། དེས་ཚེ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་བཙུན་མ་ཞིག་གིས་ཐོག་མར་མཇལ་ཏེ་ཞོ་དང་འོ་མ་དྲངས། མར་དང་ཆུར་བ་ཕུལ། རྗེ་རིན་པོ་ཆེས་ཕྱག་མཛུབ་བསྟན་ནས་གནས་རི་ཡ་ཀིའི་མིང་ལ་ཅི་ཟེར། ཞེས་གསུང་པར། བཙུན་མ་ན་རེ། གནས་ཀྱི་མིང་ལ་ཆོས་ལུང་ཟེར། རི་ལ་དུང་འདྲ་ཟེར། ཞུས་པས། རྟེན་འབྲེལ་དང་མིང་བཀྲ༼་    གྲྭ  ༽  ལེགས་པར་དགོངས་པས་ཐུགས་ཤིན་ཏུ་དགྱེས། གནས་སྒོ་དང་བོའི་མཚམས་སུ་རྗེ་བླ་མའི་ཞབས་རྗེས་བཞག འདིའི་ཕྱོགས་སུ་གནས་པའི་དཀར་ཕྱོགས་སྐྱོང་བ་བཅུ་དང་། ལྷ་ཆེན་འོད་དེ་གུང་རྒྱལ་སོགས་ཀྱིས་ངོ་མཚར་བའི་ལྟས་དུ་མའི་བསུས་ཏེ་ཆོས་ལུང་འདི་ཉིད་དུ་ཕེབས། ས་བསླངས་པ་དང་བརྟག་པ་སོགས་རྒྱུད་སྡེ་དང་མཐུན་པར་མཛད། དེ་སྐབས་འོལ་ཁ་སྟག་རྩེའི་སྡེ་བཀྲ་ཤིས་ལྷུན་འགྲུབ་མཇལ་བར་བྱོན་པས། མིང་བཀྲ་༼     གྲྭ ༽  ལེགས་པར་བརྟེན་ཁོང་པ་ལ་ཞལ་བཀོད་མཛད་པའི་ཐུགས་ཁུལ་བཞེས་ཏེ་གཟིམ་ཕུག་གསར་རྒྱག་གནང་པར་རྗེ་བདག་ཉིད་ཆེན་པོ་བཞུགས་ཤིང་། གླིང་སྟོད་ཀྱི་སྒྲུབ་ཕུག་བརྒྱད་པོ་སོ་སོར་འཁོར་དག་པ་རྣམ་རྒྱལ་བཞུགས་ཏེ་སྒྲུབ་པ་སྙིང་བོར་མཛད། གཞི་བདག་རྣམས་ཀྱིས་རྡོའི་མཎྚལ་ཁྱད་པར་འཕགས་པ་ཞིག་ཕུལ་བར་མཎྚལ་མཛད་པ་དེ་ཉིད་རེ་ཞིག་མཎྚལ་བརྒྱ་ཕྲག་དུ་མི་འབུལ་བར་མཛད་ཅིང་། ཕྱག་ངར་གྱིས་ཡང་ཡང་བྱི་བདར་མཛད་པ་ལ་བརྟེན་སྐུ་མཚལ་མང་དུ་བྱུང་བར། བདེ་གསང་འཇིགས་གསུམ། བཅུ་གཅིག་ཞལ། རྗེ་བདག་ཉིད་ཀྱི་སྐུའི་རྣམ་པ་རང་བྱོན། ཨཱ་དང་ཧཱུཾ་རང་བྱོན་བཅས་རྡོ་དངོས་གསུམ་དུ་བྱུང་། ལྟུང་བཤགས་དང་ཕྱག་བརྒྱ་ཕྲག་སྦྲགས་ཏེ། ཡན་ལག་བདུན་པ་བསག་སྦྱང་དང་བཅས་པ་ལ་ཉིན་མཚན་ཁོར་མོ་ཡུག་དུ་བརྩོན་པར་མཛད་པས་སངས་རྒྱས་སུམ་ཅུ་སོ་ལྔའི་ཞལ་མངོན་སུམ་དུ་གཟིགས་ཤིང་རྗེས་སུ་བཟུང་བའི་ཚུལ་ནི། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་མཛད་པའི་གསང་བའི་རྣམ་ཐར་ལས། ཡན་ལག་བདུན་པའི་ཆོ་ག་མཛད་པའི་ཚེ། །སངས་རྒྱས་སུམ་ཅུ་སོ་ལྔ་མངོན་སུམ་དུ། །རང་རང་སྐུ་ཡི་དབྱིབས་དང་ཕྱག་མཚན་སོགས། །ཇི་བཞིན་རྒྱུན་དུ་གཟིགས་པ་ཆོས་ཀྱི་རྗེ། །ཞེས་དང་། ཙོང་ཁ་བརྒྱད་ཅུ་ལས། ཆོས་ལུང་དགོན་པར་ཐུགས་དམ་མཛད་པའི་ཚེ། །རྒྱུན་དུ་སངས་རྒྱས་སུམ་ཅུ་སོ་ལྔ་ཡིས། །ཚོགས་བསོག་སྒྲུབ་པ་སྦྱོང་བའི་རྟེན་མཛད་དེ། །དག་པའི་འཁོར་ལ་གསུང་བའི་ཙོང་ཁ་བ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་རྗེ་བཙུན་བྱམས་པ་མགོན་པོ་ལོངས་སྐུའི་ཆ་བྱད་ཅན་གསེར་བཙོ་མའི་མདོག་ལྟ་བུ། ཆོས་འཆད་ཀྱི་ཕྱག་རྒྱ་མེ་ཏོག་གི་སྡོང་བུ་བསྣམས་ཤིང་། རིན་པོ་ཆེ་ཁྲི་ལ་རྡོ་རྗེ་དཀྱིལ་མོ་ཀྲུང་གིས་བཞུགས་པས་སྐུ་ཤིན་ཏུ་ཆེ་བའི་གཟི་བརྗིད་ཅན་དང་།རྒྱལ་བ་སྨན་གྱི་བླ་མ་བླ་གོས་སེར་བོ་མནབས་པ་དང་། ཡང་རྗེ་བཙུན་བྱམས་པ་རབ་བྱུང་གི་ཆ་བྱད་ཅན་སྣམ་སྦྱར་གསོལ་ཞིང་།  བཟང་བའི་འདུག་སྟངས་ཀྱིས་བཞུགས་པ། ཀླུ་ཤིང་གི་སྙིང་བོ་རིལ་བ་སྤྱི་བླུགས་ཀྱི་མཚན་པ་བསྣམས་པ་དང་། སངས་རྒྱས་ཚེ་དཔག་ཏུ་མེད་པ་རྣམས་གྱིས་སྐུས་སྣང་བ་མངོན་སུམ་དུ་གཟིགས། དེའི་ཚེ་རྗེ་ཐུགས་ལ་འདི་ཉམས་སྣང་ཟ་ཟི་ཙམ་ཡིན་པ་ངེས་པ་ཆེར་མེད་དགོངས་ཤིང་། བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བརྒྱུད། རྗེ་བཙུན་ལ་ཞུས་པས།དེ་རྣམས་ཉམས་སྣང་རང་ག་བ་མིན་པས་གསོལ་བ་དྲག་ཏུ་ཐོབ། ཅེས་རྟེན་འབྲེལ་ཁྱད་པར་ཅན་ཡོད་པ་ཡིན་གསུངས། ཁྱེད་ཀྱི་དཀའ་གནད་ཟབ་མོ་དྲིས་པ་རྣམས་ཕལ་ཆེར་འཕྱུག་མེད་དུ་འོང་པར་འདུག་པས། རྟོགས་ལྡན་པའི་གཟུགས་སྣང་དེ་ལ་རྗེ་རང་ཉིད་ཀྱང་ཐུགས་ལེགས་པར་ཆེ། དེ་ནས་རྗེ་ཐུགས་ལ།སློབ་མའི་ཚོགས་ལ་མདོ་རྒྱུད་ཀྱི་འཆད་ཉན་མཛད་ན་སྙམ་དུ་དགོངས་པ་ན། རྗེ་བཙུན་གྱིས་ཞལ་ནས། དམུ་རྒོད་འདུལ་དཀའི་སེམས་ཅན་འདི་རྣམས་ལ།། བཤད་པའི་ཕན་ཐོགས་ཆེན་པོ་ག་ལ་འགྱུར།། དེ་བས་སྒྲུབ་པ་ལྷུར་བླངས་དབེན་པར་བརྟེན།། རང་བཞིན་གཉིས་ཀ་ཚང་པས་ལམ་ཉིད་རྙེད།། ཞེས་སླར་ཡང་སྒྲུབ་པ་ལ་བསྐུལ་བར་མཛད། དེ་ཡང་གཟིམ་ཕུག་གི་ནང་དུ་རྗེ་བླ་མའི་ཐུགས་དམ་གྱི་རྟེན་་བླ་མ་དབུ་མ་བའི་སྐུ་བརྙན་མཐོང་བ་དོན་ལྡན་གྱི་སྐུ་བྱིན་ཅན། ཚོགས་ཁང་གི་མདོར་རྗེ་བླ་མའི་བསགས་སྦྱངས་གནང་ཚུལ་བསྟན་དུས་ཀྱི་རྡོའི་མཎྚལ་ཆེན་པོ་ཕྱག་ངར་གྱི་ཕྱི་བདར་མཛད་པའི་ཟད་རྗེས་ལ་ངོ་མཚར་བའི་རང་བྱོན་མང་པོ་བྱིན་རླབས་བདུད་རྩིའི་འོད་ཟེར་འཕྲོ་བ་དང་། འདུ་ཁང་སྦུག་ཏུ་རྗེ་བླ་མས་ཕྱག་འཚལ་གནང་དུས་ཀྱི་ཞབས་རྗེས་གཉིས། ཆོས་རའི་ནང་དུ་རྗེ་བདག་ཉིད་ཆེན་པོའི་ཕྱག་འཚལ་གནང་དུས་དཔྲལ་རྗེས་དང་ཕྱག་གཉིས་ཀྱི་རྗེས་ལེགས་པར་གསལ་བའི་བྲག་བྱིན་ཅན་བདུད་རྩིའི་ཟིལ་བ་འཕྲོ་བའི་ལྟེབས་ལ་འཇིགས་བྱེད། མགོན་པོ་ཕྱག་དྲུག་པ། ལྷ་མོ། ཆོས་རྒྱལ་བཅས་ཀྱི་རང་བྱོན་གསལ་བོར་ཡོད་པ། ཆོས་ར་གོང་མས་ས་ཁྲིའི་སྟེང་ན་རྗེ་བླ་མའི་རྒྱུད་སྡེ་བཞི་བཀའ་ཆོས་མཐའ་ཡས་གནང་བའི་ས་ཁྲི་ཆེན་པོ་བཅས་བཞུགས་སོ།། ཕྱིས་སུ་འདུ་ཁང་ཡང་སྒྲུབ་སྡེས་གཞི་བཟུང་སྟེ་དད་ལྡན་གྱི་སྦྱིན་བདག་སོ་སོས་ཞལ་འདེབས་ཕུལ་བ་ལ་བརྟེན་ནས་ཞིག་གསོ་ཡང་དག་པར་གྲུབ་སྟེ་རབ་ཏུ་གནས་པའི་བཀྲ་ཤིས་པའི་དགེ་མཚན་དང་ལྡན་པར་བྱས་སོ། །དེ་ལྟར་ན་སྐལ་བ་དང་ལྡན་པ་རྣམས་ཀྱིས་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་ལ་སོགས་པ་མཁས་ཤིང་གྲུབ་པའི་དབང་ཕྱུག་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་མཆོག་འོལ་ཁ་ཆོས་ལུང་ ཞེས་ཡོངས་སུ་གྲགས་པ་འདིར་ཟབ་པ་དང་རྒྱ་ཆེ་བའི་ལམ་ལ་སྒྲུབ་པ་སྙིང་བོར་རྒྱ་ཆེ་བའི་ལམ་ལ་སྒྲུབ་པ་སྙིང་བོར་བྱེད་པ་ནི་རྒྱལ་བ་སྲས་དང་བཅས་པས་བསྔགས་པར་བྱ་བའི་གནས་སོ། །འདིར་སྨྲས་པ། འོ་དེ་གུང་རྒྱལ་ཞེས་བྱའི་ལྷ་ཡིས་ཞོལ། །སྨན་དང་ནགས་ཚལ་ཕྲེང་བ་མཚར་དུ་དངར། །སྣ་ཚོགས་གཉིས་སྐྱེས་མགྲིན་པའི་དབྱངས་སྙན་འཁྲོལ། །གྲུབ་པའི་གནས་མཆོག་གང་འདི་ཨེ་མ་རྨད།གང་དག་འདུ་འཛིའི་གཡེང་བ་རྒྱང་བསྲིངས་ཏེ། །གང་བྱུང་ཟས་ཀྱི་འཚོ་བ་ལ་བརྟེན་ནས།།ཟབ་མོའི་ལམ་ལ་རྩེ་གཅིག་བརྩོན་པ་ཡིས།།ལང་ཚོ་ཡོལ་རྣམས་ཐུབ་བསྟན་རྩ་ལག་ཡིན།།གངས་ཅན་གྲུབ་པའི་གནས་མཆོག་ཆོས་ལུང་གི།ངོ་མཚར་གཏམ་དུ་བརྗོད་པའི་རྣམ་དཀར་མཐུས།།བསྟན་དང་འགྲོ་བའི་ཕན་བདེ་ཡར་ཟླ་ལྟར།།འཕེལ་ཞིང་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག།

ཅེས་གྲུབ་པའི་གནས་མཆོག་འོལ་ཁ་ཆོས་ལུང་གི་དཀར་ཆག་དད་པའི་སྒོ་འབྱེད་ཅེས་བྱ་བ་འདི་ནི། སྒྲུབ་སྡེ་སྤྱི་ནས་བསྐུལ་མ་མཛད་པ་བཞིན་ཤར་མདོ་སྨད་ཀྱི་བཙུན་པ་འཇམ་དབྱངས་བཞད་པའི་མིང་འཛིན་དཀོན་མཆོག་འཇིགས་མེད་དབང་བོས་སྦྱར་བ་ཛ་ཡནྟུ།  སརྦམངྒ་ལཾ།།

                                                 ཁྲི་རྐང་བ་བསྟན་འཛིན་འཇིགས་མེད་ཀྱིས་འོལ་ཁ་ཆོས་ལུང་ནས་གཏགས་ཏེ་སྐུར་བའོ། །

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།