རྭ་རྒྱའི་ཉེ་འཁོར་རྒོད་པོ་རྫོང་།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-04-27 16:29:08     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

འབའ་རྫོང་ནས་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་བརྒྱ་་དང་བཅུ་ཙམ་སྟེ་རྭ་རྒྱ་དགོན་གྱི་ཉེ་སར་ཡོད་ལ། གྲུབ་གནས་འདིར་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་སྒོམ་སྒྲུབ་མཛད་ཅིང་གཟིགས་སྣང་ཁྱད་པར་ཅན་འཁྲུངས།

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཆེན་པོ་རྗེ་གསེར་ཁང་པས་གནས་འདིར་ཡུན་རིང་དུ་སྒོམ་སྒྲུབ་མཛད་དེ་།  མདོ་སྨད་ཆོས་འབྱུང་ལས།  རྭ་རྒྱའི་ཉེ་འཁོར་རྒོད་པོ་རྫོང་དུ་ཡུན་རིང་བཞུགས། ཞེས་དང་།  རྣམ་ཐར་ལས། ་རྒྱའི་ཉེ་འཁོར་རྒོད་པོ་རྫོང་བསྟེན་ནས།།ཡུན་རིང་བཞུགས་སྐབས་མྱུར་དུ་དབེན་གནས་སུ།།འགྲོ་འདུན་ཆེ་བས་ང་ཡིས་ཆོས་ཉན་ཚད།།སྐུ་ཕྱོགས་ཤིང་བཟའ་ཚང་གི་སྐུ་དྲིན་ཡིན།།རྭ་རྒྱའི་ཉེ་འཁོར་རྒོད་པོ་རྫོང་བསྟེན་ནས།།ཡུན་རིང་བཞུགས་སྐབས་མྱུར་དུ་དབེན་གནས་སུ།།འགྲོ་འདུན་ཆེ་བས་ང་ཡིས་ཆོས་ཉན་ཚད།།སྐུ་ཕྱོགས་ཤིང་བཟའ་ཚང་གི་སྐུ་དྲིན་ཡིན།།བླ་མས་གནང་བ་དགྱེས་བཞིན་ཁྲོལ་ཆེད་དུ།།སྐྱབས་འགྲོ་སྒྲོལ་མ་ཤེར་སྙིང་བསང་ཆེན་དང་།།ཡན་ལག་བདུན་པ་བསྟོད་པ་མྱུར་མཛད་མ།།མང་དུ་བཏོན་ནས་སྐུ་རིམ་དཔག་མེད་བསྒྲུབས།།གསུངས།  

འདིར་བཞུགས་སྐབས་གཟིགས་སྣང་ཁྱད་པར་བ་ཞིག་བྱུང་སྟེ།གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་འཇིགས་མེད་བསམ་གཏན་རིན་པོ་ཆེས་མཛད་པའི་རྗེ་གསེར་ཁང་པ་རིན་པོ་ཆེ་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་དད་པའི་འོ་མཚོ་བཞད་པའི་ཟླ་བའི་ཕྲེང་བ་ལས།  དམ་པ་ཉིད་ཀྱི་གཟིགས་སྣང་ལ།།ནུབ་གཅིག་ཤི་གཤེད་དགོ་སློག་གྱོན་པའི་མི།།སྙིང་ཁ་དང་ལག་པ་ལ་ཁྲག་བསྒོས། ། བསྐེད་པ་ལ་ཐག་ནག་དཀྲིས་པ་ཞིག་གིས་ཕ་རི་ནས།།གླུ་ནི་ལེན་བཞིན་མདུན་འོང་མི་དགའ་བའི།།རྣམ་འགྱུར་ཅན་དང་གདུག་རྩུབ་ཆེར་སྟོན་པས།།བ་སྤུ་ཙམ་ཡང་མ་གཡོས་བྱམས་པ་དང༌།།སྙིང་རྗེ་སྒོམ་པས་ནུབ་མོ་གསུམ་པ་ལ།།ཁོ་རང་ངུ་བཞིན་ཕྱིར་ལ་ལོག་སྟེ་སོང༌།།སོགས་ཞེས་པར་གསལ།

བསྟན་པ་ཡང་དར་གྱི་རྗེས་སུ་ཡང་རྙི་ཚ་དགོན་དང༌།ཀིརྟི་དགོན་སོགས་ནས་བྱོན་པའི་དམ་པ་མང་པོས་སྒོམ་སྒྲུབ་མཛད་ཀྱིན་ཡོད།ད་ལྟ་བྲག་སྐྱིབས་འོག་ཏུ་ལྷོ་བ་འབྲུག་གྲགས་ཀྱི་མཚམས་ཁང་ཞིག་བཞེངས་ཡོད་ལ།  ཐོད་དུ་སྔོན་གྱི་སྒྲུབ་ཁང་ཞིག་རོ་གྱང་ཆག་གི་ཤུལ་ཡོད་དོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།