ལྷོ་ཕྱོགས་མ་ལ་ཡ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2020-06-28 23:32:35     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།    ཀློག་ཐེངས།  

微信图片_20200628164728.jpg

ལྷོ་ཕྱོགས་མ་ལ་ཡ་ནི་སྙན་ངག་སོགས་བསྟན་བཅོས་རྣམས་སུ་ཙན་དན་གྱི་ཤིང་སྡོང་མང་བས་ཙན་དན་གྱི་ནགས་ཀྱིས་ཁྱབ་པའི་རི་བོ་ཞིག་སྟེ། ཙན་དན་གྱི་དྲི་བསུང་ཕྱོགས་ཀུན་བསྐྱོད་པ་སོགས་བསྔགས་བརྗོད་ཀྱང་མང་ལ། ལྷོ་ཕྱོགས་མ་ལ་ཡ་ཞེས་གྲགས་པ་ཡང་ཧ་ཅང་ཆེ།

འདིར་དེ་སྔོན་ཕྲན་རི་བོ་མ་ལ་ཡའི་སྟེང་དུ་ལྗོངས་རྒྱུ་ལ་སོང་སྐབས་ཀྱི་ཟིན་ཐོ་ཞིག་ཡོད་པ་མཉམ་སྦྱར་གྱིས་དགོད་པ་ལ། ལྷོ་ཕྱོགས་མ་ལ་ཡའི་རི་བོ་ནི། རྒྱང་ནས་མཐོང་སྣང་ལ་དམའ་ན་ཡང་། སྟེང་དུ་འགོས་ཚེ་རྡོ་སྐས་སྟོང་ཕྲག་ཁ་ཤས་བརྒྱུད་དགོས། རི་དངོས་ནི་བྲག་རི་ལྟ་བུ་ཞིག་རེད། རྡོ་ཆེན་པོ་མང་ཞིང་། རི་སྟེང་དུ་རྡོ་བཟོས་མ་བསྒྲིགས་པའི་ལྷ་ཁང་ཡ་མཚན་ཅན་ཁ་ཤས་ཤིག་འདུག །ལྷག་པར་དུ་རི་རྩེར་རྨང་ལ་ཁང་ཚད་གཉིས་ཙམ་དུ་རྡོ་བཟོས་མ་མང་པོ་བསྒྲིགས་པའི་སྟེང་དུ་ལྷ་ཁང་ཆེན་པོ་ཞིག་འདུག །ལྷ་ཁང་དེའི་ཕྱོགས་གསུམ་དུ་སྒོ་ཡོད་ཅིང་། དེའི་ནང་དུའང་ལྷ་ཁང་ཆུང་ངུ་གཉིས་འདུག །རྒྱ་གར་གྱི་གནའི་ཁང་ཚད་དམའ་བ་ལྟར། ལྷ་ཁང་འདིའི་ཁང་ཚད་ཀྱང་ཧ་ཅང་དམའ། ནང་དབུས་ཀྱི་སྦུག་ཏུ་ལྷ་སྐུ་ཕྱག་བཞི་པ་ཞིག་ཡོད་པ་ཕལ་ཆེར་ལྷ་མོ་ནག་མོ་ཡིན་པ་འདྲ། དེར་ལྕགས་སྒོ་ཞིག་བརྒྱབ་ཡོད་པས་ནང་དུ་འགྲོ་ཐབས་བྲལ། ནང་གི་གཡོན་ཕྱོགས་ཀྱི་སྒོ་ཁར་ལྷ་ཁང་ཅུང་ཆེན་པོ་ཞིག་ཡོད་པའི་ནང་དུ་དབང་ཕྱུག་གི་ལིངྒ་འདུག །ལྷ་ཁང་གི་སྒོ་ནི་ཤིང་བརྐོས་ཞིབ་ཚགས་ཅན། ཤིང་ནག་གིས་བཟོས་པ་སྣུམ་གྱིས་ཅུང་སིམ་པ་ཞིག་འདུག །ཧ་ཅང་དམའ་ཞིང་ཆུང་བས་བྱིས་པ་ལོ་བཅུ་བཅུ་གཅིག་ཅན་གཉིས་ཤོང་བ་ཙམ་རེད། གཞན་རི་རྐེད་རྣམས་སུ་ལྷ་ཁང་ངམ་གྱང་རལ་ཡང་དུ་མ་ཞིག་མཐོང་རྒྱུ་འདུག 

ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་སྙན་ངག་གི་གཞུང་བསྟན་བཅོས་རྣམས་དང་སྙན་ཚིག་རྣམས་སུ་རི་འདིར་ནགས་ཚལ་སྟུག་པོ་ཡོད་པར་བཤད་པ་དང་དེ་ཡང་ཙན་དན་གྱི་ཤིང་མང་པོ་ཡོད་པར་བཤད་ན་ཡང་། ཤིང་ནགས་སྟུག་པོའམ་ཙན་དན་མང་པོ་ཡོད་པའམ། ཡོད་མྱོང་བའི་རྟགས་མཚན་ཞིག་མི་འདུག 

གྲངས་ཀ་ཉུང་ཉུང་ཞིག་མང་པོ་དང་། བོངས་ཚོད་ཆུང་ངུ་ཞིག་ཆེན་པོར་བསྒྱུར་ཏེ་བཤད་པ་ནི། རྒྱ་གར་གྱི་རིག་བྱེད་ཀྱི་གཞུང་དང་མདོ་བསྟན་བཅོས་རྣམས་སུ་མང་དུ་འབྱུང་ལ། དེ་ནི་རྒྱ་གར་གྱི་བཤད་ཚུལ་ཞིག་གམ་རྒྱ་གར་གྱི་རིག་གཞུང་ཞིག་ཡིན་པ་འདྲ་བས། རིའི་སྟེང་དུ་ཤིང་ནགས་མང་པོ་ཡོད་པར་བཤད་པ་ཡང་དེའི་རྒྱུན་བསྐྱངས་པ་མིན་ནམ། ཡིན་ན་ཡང་ང་ཚོས་བཤད་པ་ལྟར་གྱི་ནགས་ཚལ་ལྟ་བུ་མེད་ལ། ཙན་དན་གྱི་ལྗོན་ཤིང་ཡང་མཐོང་རྒྱུ་མེད།

རྒྱ་གར་དུ་ས་ཆ་དང་རི་མང་ཆེ་བར་རྩ་རྩི་ཤིང་དང་ཤིང་ཕྲན་ཆུན་པོ་མང་པོས་ཁེབས་ཡོད་པ་ལྟར། རི་འདིའི་ངོས་རྣམས་སུའང་། རྩ་རྩི་ཤིང་དང་། ཤིང་ཕྲན་ཐ་ཐོར་རེ་མང་དུ་སྐྱེས་ཤིང་། རི་སུལ་རྣམས་སུ་ཤིང་ཕྲན་ཅུང་མང་བས་རྒྱང་ནས་བལྟས་ན་སྔོ་གཏམས་སེ་ཡོད།

འོན་ཀྱང་རི་འདི་ཡོད་པའི་ཉེ་འཁོར་རམ་ལྷོ་ཕྱོགས་ཀྱི་རྒྱུད་དུ་ཤིང་ནགས་ཧ་ཅང་མང་ལ་ཙན་དན་ཡང་མང་པོ་ཡོད་པ་དང་། དེའི་རྐྱེན་གྱིས་འདིའི་ཕྱོགས་ཀྱི་རླུང་ཡང་བསིལ་མོ་ཡོད། ང་ཚོས་སྔོན་ཆད་ཟ་མ་གཡོ་སྐོལ་ཆེད་བཀོལ་རྒྱུར་བུད་ཤིང་འཚོང་མཁན་ཚོས་ཁྱེར་འོངས་པའི་བུད་ཤིང་གི་ནང་དུའང་ཙན་དན་དཀར་པོ་མང་དུ་མཐོང་རྒྱུ་ཡོད།

རི་བོ་འདི་ནི་ས་ཆ་འདིར་ཡོད་པའི་རི་མཐོན་པོ་གཅིག་པུ་ཡིན་ཞིང་། རྒྱ་གར་གྱི་ས་ཆ་ཕལ་ཆེ་བ་ཁོད་སྙོམས་ཤིང་བདེ་ཐང་ཡིན་པ་ལྟར། ས་ཆ་འདི་ཡང་ཁོད་སྙོམས་ཤིང་ཐང་བདེ་བའི་དཀྱིལ་དུ་རིའི་རྒྱལ་པོ་བཞིན་དུ་རི་འདི་གཅིག་པུ་འབུར་དུ་འཐོན་ཏེ་ཡོད་པས་སེ་ར་སོགས་ནས་བལྟས་ནའང་རི་འདི་མཐོང་ཐུབ། འདི་ཉིད་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་མངའ་ཁོངས་སུ་ཡོད་པ་དང་། སྤྱིར་བསྟན་བཅོས་རྣམས་སུ་མ་ལ་ཡའམ་རི་བོ་མ་ལ་ཡ་ཞེས་པ་ཁ་ཤས་ཤིག་འབྱུང་བ་ལས། རང་རེའི་སྨན་གཞུང་རྒྱུད་བཞིར་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པའི་ནུབ་ཕྱོགས་ན་རི་བོ་མ་ལ་ཡ་ཞེས་བྱ་བ་སྨན་སྣས་ཁེངས་པ་ཞིག་ཡོད་པར་བཤད་པ་དང་། ང་ཚོར་ཡོངས་སུ་གྲགས་པ་གོང་དུ་བརྗོད་པའི་རྒྱ་གར་ལྷོ་ཕྱོགས་མ་ལ་ཡའི་རི་བོ་དང་། གསང་སྔགས་ཀྱི་བསྟན་པ་དང་པོར་བྱུང་སའི་སིངྒ་ལའི་[ཤྲཱི་ལངྐགླིང་དུ་ཡོད་པ་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་ཞེས་པ། [བུ་སྟོན་ཆོས་འབྱུང་དུ།དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས།རི་མ་ལ་ཡ་དང་ཡངས་པ་ཅན་ལ་སོགས་པ་ཞེས་པའི་སྐབས་ཀྱི་རི་བོ་མ་ལ་ཡ། གཞན་བྱང་ཕྱོགས་ཤམ་བྷ་ལའི་རིགས་ལྡན་གྱི་ཕོ་བྲང་ཀ་ལཱ་པའི་ལྷོ་ཕྱོགས་ཀྱི་དུས་འཁོར་གྱི་བློས་བསླངས་བཞེང་སའི་སྐྱེད་མོས་ཚལ་གྱི་མིང་ལའང་མ་ལ་ཡ་ཟེར་བ་སོགས་མ་ལ་ཡའི་མིང་ཅན་དུ་མ་ཞིག་ཡོད་པ་ལས། སོ་སོར་མ་ཕྱེ་བའམ། གཅིག་ཏུ་བཤད་པའང་མང་དུ་སྣང་ངོ་། 

ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས་རི་མ་ལ་ཡའི་སྐོར་ལ་ཚིགས་བཅད་ཅིག་འབྱུང་བ་ནི། དགའ་ལྡན་ཕྱོགས་ཀྱི་གླང་པོ་འགྲམ་པའི་ངོས་བརྡར་ཙན་དན་དག་ནི་ཆག་ཅིང་ཟག །ཆུ་གཏེར་རླབས་རྣམས་རབ་ཏུ་བསྣུན་པས་ཕུག་དང་ལུང་བ་དག་ནི་ཆོ་ངེས་སྒྲོགས།།གྲུབ་པའི་བུད་མེད་བགྲོད་པ་རྣམས་ཀྱི་རྐང་པའི་སྨུག་རྩིས་དམར་བ་མུ་ཏིག་རྡོ།།བསྟེན་བྱ་རི་བོ་མ་ལ་ཡ་འདིས་བདག་གི་སེམས་ནི་ཅི་ཡང་སྲེད་ལྡན་བྱེད།།འདིར་བསྟན་པའི་རི་བོ་མ་ལ་ཡ་ནི་ད་ལྟ་ང་ཚོས་མཐོང་བའི་རི་བོ་དེ་དང་ཅུང་མི་འདྲ་ནའང་། འདི་དང་སྙན་དངགས་སུ་བརྗོད་པ་ནི་འདྲ་མཚུངས་སུ་འདུག་པས་དེ་ནི་འཕགས་ཡུལ་ལྷོ་ཕྱོགས་ཀར་ན་ཊ་ཀའི་ ( Karnataka ) ཁོངས་སུ་ཡོད་པའི་རི་བོ་མ་ལ་ཡ་དེ་ཡིན་ཞིང་། ཕྱི་རོལ་པ་རྣམས་ཀྱིས་གནས་རྩ་ཆེན་ཞིག་ཏུ་བརྩིས་པ་དང་། ནང་པ་རྣམས་ཀྱི་ནང་དུ་འདི་བདེ་མཆོག་གི་གནས་སུ་ངོས་འཛིན་བྱེད་པ་ཡོད། མ་ལ་ཡ་ཞེས་པ་ལེགས་སྦྱར་གྱི་སྐད།བོད་སྐད་དུ།དྲི་ལྡན་ཟེར།

རི་འདིའི་སྐོར་ལ་ཐང་སན་ལམ་ཡིག་ལས།  ཐང་སན་ཙང་དང་པེན་ཅིས་བརྩམས། གུང་མགོན་པོ་སྐྱབས་ཀྱིས་རྒྱ་ཡིག་ལས་བསྒྱུར་བ་དང་། སྐལ་བཟང་དགེ་ལེགས་རྒྱལ་མཚན་གྱིས་འགྱུར་བཅོས་མཛད། པེ་ཅིན་ནས་དཔར་བ། ༢༠༠༦ ལོའི་ཟླ་བ་ ༡༢ པར་པར་སྐྲུན་བྱས་པ། 

༢༦༢   ན། གྲོང་ཁྱེར་གྱི་ཤར་ཕྱོགས་སུ་རི་བོ་མ་ལ་ཡ་ཡོད་དོ། །དེ་ནི་བགྲོད་དཀའ་བ་རྩུབ་པ་རྡོ་དང་གསེག་མས་གཏམས་པ་བྲག་ཕུག་ཟབ་མོ་དང་འགའ་ཞིག་སངས་ཐལ་དུ་ཡོད། དེར་ཙན་དན་དང་ཙན་དན་ཞེས་པའི་ཤིང་གི་ནགས་ཚལ་ཡོད་དོ། །ཙན་དན་ནི་དབྱིབས་དང་ཁ་དོག་རྣམ་པ་ཐམས་ཅད་ཙན་དན་དཀར་པོ་དང་འདྲ་ལ། ཁྱད་པར་ཅུང་ཟད་མི་འདྲ་བ་ནི་ཤིང་དེ་ཤིན་ཏུ་ཆེ་ལ་མཐོ་བ། དྲི་བསུང་རྒྱང་རིང་དུ་བྲོ་བ་དགུན་དུས་མ་གཏོགས་ལེན་དཀའ་བ། རྒྱུ་མཚན་ནི་ཤིང་དེ་ཤིན་ཏུ་བསིལ་བས་དུག་སྦྲུལ་གྱིས་དཀྲིས་ཏེ་གནས་པའི་ཕྱིར་རོ། །དགུན་དུས་སུ་དུག་སྦྲུལ་ཉལ་ཟིན་པའི་དུས་སུ་ལེན་ནོ། །དེའི་ཐང་ཆུ་ནི་ཀརྦུ་ར་སྟེ་ག་བུར་རོ། །དབྱིབས་དང་ཁ་དོག་འཁྱག་རོམ་དང་འདྲའོ། 

དགེ་ཆོས་ཀྱི་གཏམ་རྒྱུད་གསེར་གྱི་ཐང་མ་ལས།  སྟོད་ཆ། ༢༠༠༩ ལོར་སི་ཁྲོན་དཔེ་སྐྲུན་ཚོགས་པས་པར་བསྐྲུན། 

༣༤༢འ༡༡ན། སྙན་དངགས་ལ་གྲགས་ཆེ་བའི་མལཡཱ་དེ་རྒྱ་གར་ལྷོ་ན་ཡོད། སྤྱིར་མལཡཱ་བྱ་བ་ཏ་མི་ལའི་སྐད་དེ་རིའི་མིང་ཙམ་ཡིན་ཅིང་ཏྲཱིམལཡཱ་བྱ་བ་ཡང་དེ་དག་གི་སྐད་དེ་ཤྲིམལཡ་དང་དོན་གཅིག་ཅིང་། དཔལ་གྱི་རི་བོ་བྱ་བ་ཡིན་ཞེས་འབྱུང་ལ།

སྟོན་པ་མྱ་ངན་ལས་འདས་རྗེས་གསང་སྔགས་ཀྱི་བསྟན་པ་དང་པོར་བྱུང་སའི་[རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ]་ཡི་སྐོར་ལ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས།

ཕྱག་ན་རྡོ་རྗེ་འཇིགས་པའི་གཟུགས་ཅན་གྱིས་གཙོ་བོར་གནོད་སྦྱིན་ཚོམ་བུ་འབུམ་སྡེ་བཏུལ་ཞིང་ཁྱད་པར་དུ་རི་མ་ལ་ཡའི་རྩེར་ལྷ་གྲགས་ལྡན་མཆོག་སྐྱོང༌།གནོད་སྦྱིན་སྐར་མདའ་གདོང༌།སྲིན་པོ་ལངྐ་མགྲིན་བཅུ།ཀླུ་རྒྱལ་འཇོག་པོ།ལི་ཙཱ་ཝི་དྲི་མ་མེད་པར་གྲགས་པ་སྟེ་དམ་པའི་རིགས་ཅན་དྲ་མ་ལྔ་དང་རིག་འཛིན་རྒྱ་མཚོ་ལྟ་བུ་ལ་གསུངས་པ་ནི་རིག་འཛིན་བརྡའི་བརྒྱུད་པའོ།།ཞེས་དང་།

བདུད་འཇོམས་རིན་པོ་ཆེའི་ཆོས་འབྱུང་ལས།  གངས་ལྔོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།  འདས་ལོ། ༢༥༥༢ རབ་ལོ། ༢༡༣༥སྤྱི་ལོ། 2008 བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ཆོས་སྤྱོད་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།  ༤༩འ༨ན། སྟོན་པ་མཆོག་གི་སྤྲུལ་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙཱ་བཱི་དྲི་མ་མེད་པར་གྲགས་པ་སྟེ། དམ་པའི་རིགས་ཅན་དྲྭ་མ་ལྔ་པོས་འཇིག་རྟེན་ན་མགོན་པོ་ཡོངས་སུ་མྱ་ངན་ལས་འདས་པར་རང་རང་གི་མངོན་པར་ཤེས་པས་ཤེས་ནས་ནང་དུ་ཡང་དག་པར་འཇོག་པ་ལས་ལངས་ཏེ་ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེ་མོར་རྫུ་འཕྲུལ་གྱི་བྱ་བས་འདུས་ཏེ། གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་ཅིང་རྨག་ཆད་པར་ངུས་སོ། །ཞེས་དང་། རིགས་ཅན་ལྔ་དང་གཞན་ཡང་རིག་པ་འཛིན་པའི་དགེ་འདུན་ཕལ་མོ་ཆེ་ལ་སྔོན་སྟོན་པས་འོག་མིན་ལ་སོགས་པར་གསང་སྔགས་ཀྱི་ཐེག་པ་བསྟན་པ་རྣམས་སླར་ཡང་བཟླས་ཏེ་སྟོན་པར་མཛད་ལ། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻཌཱུརྱའི་ཞུན་མས་ཡི་གེར་བྲིས་ཏེ་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་མི་མངོན་པར་རྒྱས་བཏབ་སྟེ་སྦས་སོ། །ཞེས་དང་། རི་མ་ལ་ཡོད་པའི་ལངྐའི་ཡུལ་དེ་ཛམྦུའི་གླིང་གི་གླིང་གཡོག་རྔ་ཡབ་ཀྱི་ལངྐ་དེ་ནི་མ་ཡིན་ཏེ། ཞེས་དང་། རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར།བདུད་པོ་མ་ཏྲམ་རུ་དྲ་དྲག་པོས་བསྒྲལ།སྲིན་མོ་མ་ཚོགས་རྣམས་ལ་སྦྱོར་བ་མཛད།གསང་སྔགས་བསྟན་པ་དང་པོ་དེ་ནས་བྱོན་ཅེས་འབྱུང་ངོ་།།

微信图片_20200628164741.jpg

གོང་གི་རི་འདི་གཉིས་མིང་འདྲ་ནའང་། རི་སོ་སོ་བ་ཡིན་ཏེ། སྔ་མ་ནི་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ ( Karnataka ) ཁོངས་སུ་ཡོད་པ་དང་། རྩེ་མོ་མངོན་པར་འཕགས་ཡོད་པས་བྱེས་ཀྱི་སེ་ར་དགོན་པ་སོགས་ནས་ཀྱང་མཐོང་ཐུབ། ཕྱི་མ་ནི་སིངྒ་ལའི་ཡུལ་ལམ་དེང་སང་ཤྲཱི་ལངྐར་འབོད་འི་ཡུལ་དུ་ཡོད་པས་ཆགས་སའི་ཡུལ་མི་གཅིག་པ་དང་། རིའི་དབྱིབས་ཀྱི་ཆ་ནས་ཀྱང་། སྔ་མ་ནི་རི་རྒྱུད་ཅུང་ནར་མོར་ཡོད་པ་དང་རིའི་ངོས་ཀྱང་ཧ་ཅང་གཟར་བོ་མ་ཡིན་པར་འགྲམ་ནས་རི་རྩར་འབབ་དགོས་ན་འབབ་ཐུབ་ལ། སྙན་དངགས་རྣམས་སུ་འབྱུང་བའི་རི་བོ་མ་ལ་ཡ་ཞེས་པ་དེ་ཡང་འདི་ཡིན།

ཕྱི་མ་ནི་རང་རེའི་ཡུམ་བུ་བླ་སྒང་གི་དབྱིབས་དང་འདྲ་ཞིང་བྲག་རི་སྙིང་གཟུགས་གྱེན་དུ་ལངས་པ་འདྲ་བ། རི་ངོས་ཀྱང་ཧ་ཅང་གཡང་གཟར་ཡིན་པ་དང་ཁ་དོག་དམར་སེང་ངེ་བ། གསང་སྔགས་ཀྱི་བསྟན་པ་དང་པོར་འདི་ནས་བྱུང་བ་ཡིན།

རང་རེའི་སྨན་གྱི་[རྒྱུད་བཞི]་སྟོན་པའི་གསུང་ཡིན་པར་གྲགས་པ་ལྟར་བྱས་ན་དེའི་གླེང་གཞིར། སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་དེའི་ནུབ་ཕྱོགས་ན་རི་བོ་མ་ལ་ཡ་ཞེས་བྱ་བ་ལ་བཟང་པོ་དྲུག་གི་སྨན་འཁྲུངས་པ་ཞེས་སོགས་སྨན་སྣས་ཁེངས་པ་ཞིག་ཡོད་པར་བཤད་པ་དེ་སྔ་མར་ངོས་འཛིན་བྱེད་མཁན་ཡོད་ནའང་ཕྱི་མ་དེ་ལ་ངོས་འཛིན་བྱས་ན་བདེའོ། །དེ་ཡང་ཕྱི་མ་དེའི་ཁྱད་ཆོས་བརྗོད་སྐབས་གོང་གི་ཆོས་འབྱུང་དེར། ༥༡འ༧ན། རྩི་སྨན་རྩ་བརྒྱད་རྩ་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོང་མི་ཚུགས། །ཞེས་དང་གཞན་དུའང་དེར་སྨན་སྣ་མང་བར་གསུངས་པ་དང་། མཁས་པ་མང་པོ་ཞིག་གིས་སྨན་གྱི་རྒྱུད་བཞི་འདི་རྒྱུ་མཚན་དང་བཅས་ཏེ་རྒྱད་སྡེའི་ཁོངས་སུ་གཏོགས་པར་ཡང་ཞལ་གྱིས་བཞེས་པས་གསང་སྔགས་དང་པོར་བྱུང་ས་དང་། གནས་དེར་གསང་སྔགས་ཀྱི་རྒྱུད་མང་པོ་གསུངས་པ་དང་སྟབས་འགྲིག་པས་སོ། 

བུ་སྟོན་ཆོས་འབྱུང་དུ། གསུམ་པ་དོན་དམ་རྣམ་པར་ངེས་པའི་འཁོར་ལོ་ནི།གནས་ནི་རི་མ་ལ་ཡ་དང་ཡངས་པ་ཅན་ལ་སོགས་པར་རོ།།ཞེས་པའི་རི་མ་ལ་ཡའང་ཕྱི་མ་ཤྲཱི་ལངྐར་ཡོད་པའི་རི་བོ་མ་ལ་ཡ་ཡིན། དེ་ཡང་བཅོམ་ལྡན་འདས་ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ཏེ་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོས་ཞུས་པ་ལས་རི་འདིའི་རྩེ་མོར་ཐེག་པ་ཆེན་པོའི་མདོ་ལངྐར་གཤེགས་པ་གསུངས་པ་ཡིན།

ཞོར་འཕྲོས་སུ། གནས་རི་འདི་ཡོད་སའི་གླིང་ཤྲཱི་ལངྐ་ཛམྦུའི་གླིང་གི་གླིང་གཡོག་རྔ་ཡབ་གླིང་མ་ཡིན་པར་བཤད་པ་ཡོད་ནའང་། གླིང་འདིའི་གནས་རི་མ་ལ་ཡའི་རྩེར་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པའི་མདོ་གསུང་སྐབས། གདན་འདྲེན་ཞུ་མཁན་དང་འཁོར་གྱི་གཙོ་བོ་སྲིན་པོའི་བདག་པོ་མགྲིན་བཅུ་ཡིན་པ་དང་། གླིང་འདིར་ལངྐའི་ཡུལ་དང་སྲིན་པོའི་ཡུལ་ཡིན་པར་མདོ་དེར་ཡང་གསལ་ཞིང་། ར་མ་ཎའི་གཏམ་རྒྱུད་སོགས་སུ་རྔ་ཡབ་གླིང་ནི་སྲིན་པོའི་གནས་ཡིན་པར་བཤད་ལ། བདུད་འཇོམས་རིན་པོ་ཆེའི་ཆོས་འབྱུང་དུའང་།

སྔོན་མིའི་རྒྱལ་པོ་ར་མ་ཎས་མགྲིན་བཅུ་འཇོམས་པའི་དུས་ཛམྦུའི་གླིང་དང་དེ་གཉིས་ཀྱི་བར་རྒྱ་མཚོ་ཆེན་པོ་ལ་རྡོའི་ཟམ་པ་བཙུགས་ནས་ཕྱིན་པས་ད་ལྟ་རྒྱ་མཚོའི་ནང་དུ་རྡོའི་ཕུང་པོ་ཆེན་པོ་མངོན་སུམ་དུ་སྣང་ཞིང་།སྐབས་འགར་རྡོའི་ཕུང་པོ་ལ་གཟིངས་ཐོགས་པས་བྱོལ་ནས་འགྲོ་དགོས་པ་དང་།དེར་སྲིན་པོ་མགྲིན་བཅུ་བསད་པའི་ཁྲག་གིས་སྦགས་པ་ཡིན་ཟེར་བའི་རྡོ་དམར་པོ་ཁོ་ནས་ས་གཞི་ཁྱབ་པ་ལ་སྔ་དྲོ་ཙམ་འགྲོ་དགོས་པ་ཡོད།ཅེས་འབྱུང་བ་དང་། བཤད་ཚུལ་འདི་ད་ལྟའང་ཡོད་ལ། གནས་དེའི་མི་རྣམས་ཀྱིས་ཀྱང་ཁོ་ཚོའི་ལུང་པའི་མིང་དུ་ལངྐར་འབོད་པས། ཤྲཱི་ལངྐ་ནི་སྲིན་པོའི་ཡུལ་དང་སྲིན་པོ་ལངྐ་མགྲིན་བཅུའི་གནས་ཡིན་པར་དོགས་པ་མེད་ལ། ཕྱོགས་ཀྱི་ཆ་ནས་རྔ་ཡབ་གླིང་ལྷོ་ནུབ་ཀྱི་ཕྱོགས་སུ་ཡོད་པ་ལྟར། ཤྲཱི་ལངྐ་འང་རྒྱ་གར་གྱི་ལྷོ་ནུབ་ཀྱི་ཕྱོགས་སུ་ཡོད་པ་དང་། སློབ་དཔོན་རིན་པོ་ཆེ་སྲིན་པོའི་ཁ་གནོན་དུ་བཞུགས་པར་བཤད་པ་ལྟར། སློབ་དཔོན་རིན་པོ་ཆེ་ཡང་གནས་འདིར་ཕེབས་ཡོད་པ་དང་ལོ་མང་བཞུགས་པར་བཤད་ན་གླིང་འདི་ནི་རྔ་ཡབ་གླིང་ཡིན་ནོ་ཞེས་ཁ་ཚོན་གཅོད་ཐུབ་པར་སྙམ་མོ། །༼འདིར་གསལ་བཤད་ཞུ་དགོས་པ་ཞིག་ནི། འདིར་ཛམ་བུ་གླིང་ནི་རྒྱ་གར་ལ་གོ་དགོས་ཤིང་། དགེ་ཆོས་ཀྱི་གསུང་དུ་གནས་དེའི་མི་རྣམས་ཀྱིས་རྒྱ་གར་ལ་འཛམ་བུ་གླིང་ཞེས་འབོད་པར་གསུངས་པ་ལྟར་ཡིན་ཞིང་། གཞན་གླིང་བཞི་གླིང་ཕྲན་སོགས་དགེ་ཆོས་ཀྱི་གསུང་དུ་གསལ་བ་ལྟར་རོ།  

བྱང་ཕྱོགས་ཤམ་བྷ་ལར་ཡོད་པའི་མ་ལ་ཡའི་སྐྱེད་མོས་ཚལ་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་དུ། ཤམྦྷ་ལ་སྟེ་དེའི་དབུས་ན་ཕོ་བྲང་ཆེན་པོ་ཀ་ལཱ་པ་དང་ལྷོ་ཕྱོགས་ན་མ་ལ་ཡའི་སྐྱེད་མོས་ཚལ། ཞེས་དང་།རྒྱུད་ཐོས་པའི་དེ་མ་ཐག་དུ་ཟླ་བ་བཟང་པོས་སྲས་ལྷ་དབང་ཆོས་སྟོན་པོར་བསྐོས་ནས་ལོ་གཉིས་སུ་མ་ལ་ཡའི་སྐྱེད་མོས་ཚལ་དུ་སྐུ་དཀྱིལ་ཁྲུ་བཞི་བརྒྱ་པའི་དཀྱིལ་འཁོར་བློས་བསླང་པ་རིན་པོ་ཆེ་ལས་བཞེངས་ཤིང་འགྲེལ་ཆེན་སྟོང་ཕྲག་དྲུག་བཅུ་པ་མཛད།ཅེས་པ་ལྟར་རོ། 

                                                                             རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།