སྟག་རྩེའི་གནས་བདག་དང་འབྲེལ་བའི་བསང་ཡིག་འགའ།

    སྤེལ་དུས།  2020-06-17 08:27:30     རྩོམ་པ་པོ།   གུང་ཐང་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  


བསང་མཆོད་གསེར་ལྡན་ལྗོན་པའི་དྲི་བསུང་ཞེས་བྱ་བ་བཞུགས་སོ།།

༄༅།ན་མོར་གུ་རུ་དེ་བ་ཊཱ་ཀི་ནི།རྨད་བྱུང་ཚོགས་གཉིས་རྒྱུ་མ་ཆེན་པོའི་ཚལ།།སྟོབས་བཅུ་སྒོ་ངར་མཚོན་གྱི་བདུད་རྩི་སྙིང་།།འབྱིན་ཀྱང་ཕན་བདེ་སྣང་བ་བཞད་མཛད་པ།།རྩ་གསུམ་དབང་གི་རྒྱལ་པོ་སྤྱི་བོས་མཆོད།།སྐྱབས་སེམས་སྤྱི་ལྟར།ཧཱུཾ་རང་ཉིད་སྐད་ཅིག་པད་ཟླའི་གདན་སྟེང་དུ།།ཧྲི་ལས་བྱུང་བའི་འཕགས་མཆོག་སྤྱན་རིས་གཟིགས།།ཞལ་གཅིག་ཕྱག་གཉིས་ཐལ་སྦྱར་པད་འཕྲེང་བཅས།།དར་དང་རིན་ཆེན་མཚན་དཔེའི་རྒྱན་ཀུན་རྫོགས༑གནས་གསུམ་ཡི་གེ་གསུམ་མཚན་མཐའ་བསྐོར་དུ།རིགས་གསུམ་མཁའ་འགྲོ་སྲུང་མའི་ཚོགས་ཀུན་བཀོད།ཧཱུཾ་རང་མདུན་བཀོད་ལེགས་མཛེས་པས་ཐབ་ཁུང་དུ།རྩི་ཤིང་སྨན་འབྲུ་དར་ཟབ་བཏུང་བའི་རིགས།།ཏིང་འཛིན་སྔགས་རྒྱས་སྤྲེལ་ཞིང་བྱིན་རླབས་པ།སྤྲོས་པའི་རྫས་རྣམས་སྦྱང་རྟོགས་སྤར་བྱས་པ།།ངོ་བོ་བདེ་སྟོང་ཡེ་ཤེས་རོལ་བའི་ངང་།།རྣམ་པ་འདོད་དགུའི་སྤྲིན་ཚོགས་ཆར་དུ་གཏིབས།སྐབ་འདིར་ནམ་མཁའ་མཛོད་ཀྱི་སྔགས།ཨོྃ་སརྦ་བིད྾སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་རླབས་ནས།ཀྱེེ་རབ་འབར་སྲ་འཁྲིགས་ནོར་བུའི་བྲག་རི་བརྩེགས།།ཕྱི་བལྟས་རབ་བརྗིད་རིན་ཆེན་གདོང་ལྔའི་དབྱིབས།།ནང་བལྟས་སྣ་ཚོགས་ཁང་བརྩེགས་ངོ་མཚར་དབུས།།གསང་བའི་བཀའ་སྡོད་ལི་བྱིན་སྟག་གདོང་ཅན།།རབ་དཀར་ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་ཉམས།།གཡས་པའི་མདུང་རིང་རྦ་ལྕགས་དཀར་པོ་བསྣམས།།གཡོན་པས་དངུལ་བུམ་བདུད་རྩིའི་རྒྱལ་བ་བསྣམས།།དར་སྔོན་བེར་དང་སྟག་ལྷམ་ཁྲ་བོ་གསོལ།།དབུ་ལ་སྟག་ཐོད་ནོར་བུའི་བརྒྱན་ཅན་གསོལ།།རེ་འགའ་གོ་ཁྲབ་གྱོན་ཅིང་འཇིགས་རུང་གཟིགས།།རྟ་སྔོན་རིན་ཆེན་རྒྱན་ཅན་ཅིབས་སུ་ཅུབ།།གཡོན་ན་ཡུམ་ཆེན་འཇང་མོ་དུང་གཙུག་ཅན།།དཀར་གསལ་ཕྱག་གཉིས་མདའ་དར་ནོར་བུ་འཛིན།།དར་དམར་ལ་ཐོད་དུང་གི་རྒྱན་ཅན་དང་།།ཟབ་གོས་གྱོན་ཅིང་གཡུ་འཕྲེང་ཀ་ཤལ་འཕྱངས།།དྲེལ་རྟ་ཁ་སེར་ཞོན་ཅིང་སྟོང་གསུམ་ཉུལ།།མདུན་དུ་སྲས་མཆོག་སྐུ་མདོག་དམར་སེར་ལ།།དར་ཐོད་ན་བཟའ་མཛེས་ཤིང་བྱ་རྒོད་ཅིབས།།གཞན་ཡང་བློན་པོ་རྨ་བྱའི་གཙུག་ཕུད་ཅན།།ལྗང་ནག་ཁྲམ་ཤིང་ཐོག་ཅིང་རྨ་བྱ་ཞོན།།རུ་འདྲེན་སྨན་མོ་བཙན་ཤ་ཞོན་པ་སྟོང་།།བཙན་རྒོད་རྟ་ཞོན་སྟོང་དང་མོན་པ་སྟོང་།།གེང་ཆེན་རྐང་ཕྲན་སྟོང་སོགས་དྲེགས་པའི་འཁོར།།འཇིགས་རུང་རྔམ་བརྗིད་མང་པོའི་དབུས་ན་བཞུགས།།གཡས་བྲག་ནགས་ཚལ་བརྒྱན་པ་གཡས་ཀྱི་རི།།གངས་སྤང་མཚོ་ཡི་བརྒྱན་པས་གཡོན་རི་དང་།།ན་སྤང་མཚལ་བུས་བརྒྱན་པའི་མདུན་རྒྱབ་ཕྱོགས།།ཕྱོགས་མཚམས་གནས་པའི་གཞི་བདག་འཁོར་དང་བཅས།།དམ་ཚིག་རྫས་ཀྱི་མཆོད་ཅིང་ལས་བཅོལ་བའི་ཕྱིར།།རྣལ་འབྱོར་རྩེ་གཅིག་་གུས་པའི་སྤྱན་འདྲེན་ན།།མ་ཐོག་མྱུར་ཏུ་གནས་འདིར་གཤེསས་ནས་ཀྱང་།།བརྩེ་གདུང་བྱམས་སེམས་ལྡན་པའི་ཐུགས་ཀྱི་དགོངས།།ཀྱེེ་སྔོན་ཚེ་གསང་བདག་ཕྱག་ན་པདྨ་དང་།།མཚོ་སྐྱེས་རྡོ་རྗེའི་སྤྱན་སྔར་ཞལ་བཞེས་བཞིན།།རུ་ང་ཕྲག་དོག་ལྟ་ཟེར་ཉེར་བསྐོང་ནས།།ལས་བཞི་འཕྲིན་ལས་བསྒྲུབ་ཕྱིར་ཏིཤྛན།།དེ་ནས་གཏོར་མ་བསངས་གསེར་སྐྱེམས་མཆོད་ལ།།ཀྱེེ༔གང་སྣང་བྱ་བྱེད་སྣང་སྟོང་རོལ་བའི་ངང་།།མ་ལུས་ཡེ་ཤེས་རྒྱ་མཚོ་ཆེན་པའི་ཚལ།།དབྱེར་མེད་ངང་ནས་འགེགས་མེད་ཆེན་པོའི་ཚལ།།ཀུན་གསལ་འཛིན་མའི་ཕྱོགས་ཀྱི་འཁོར་ལོ་ཀུན།།ལེགས་བྱས་ཀུན་བཟང་རོལ་བའི་མཆོད་པའི་སྤྲིན།།ཟག་མེད་བདེ་སྟོང་དགྱེས་པ་བསྐྱེད་པའི་རྫས།།དྭངས་གསལ་མཆོད་ཡོན་བྷུ་དྷ་རི་ཀའི་ཚོགས།།དྲི་ཞིམ་གསུར་དང་གསལ་བྱེད་ཚར་དུ་ངར།།འབྲུ་བཅུད་རོ་བརྒྱའི་ཞལ་ཟལ་ལྷུན་པོར་སྤུངས།།སིལ་གྲོལ་སྙན་བརྗིད་སྒྲ་དབྱངས་ཕྱོགས་བཅུར་རྒོད།།འདོད་ཡོན་ལྔ་་དང་སྲོག་ཆགས་ཚལ་དུ་མངར།།སྨན་འབྲུ་དར་ཟབ་དྲི་ཞིམ་མཁའ་ལ་མ་ཁྱབ།།མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས།།རྩ་བ་གསུམ་གྱི་ལྷ་ཚོགས་དགྱེས་ཕྱིར་འབུལ།།ཁྱད་པར་གསང་བདག་ཕྱག་ན་པདྨ་དང་།།རིགས་གསུམ་དབྱེར་མེད་རྩ་བརྒྱུད་བླ་མ་དང་།།ཡི་དམ་ཆོས་སྐྱོང་བཀའ་ཉན་རྒྱ་མཚོ་བཅས།།ཁྱད་པར་ལི་བྱིན་སྟག་གདོང་མཐུ་རྩལ་ཅན།།ཡུམ་སྲས་བློན་འབངས་བཀའ་ཉན་བྱེ་བའི་འཁོར།།ཕྱོགས་བཅུར་གནས་པའི་སྡེ་བརྒྱད་དྲེགས་པའི་ཚོགས།དམ་ཚིག་རྫས་ཀྱི་མཆོད་པའི་དགྱེས་པར་བརྔན།།སྨན་ཕུད་བདུད་རྩི་ཇ་དཀར་བཏུང་བའི་མཆོད།།དྲི་ཞིམ་སྨན་དང་འབར་བའི་ཤུགས་ཀྱི་བསངས།།མདའ་མདུང་རྦ་མཁར་རྟེན་ལ་དགྱེས་པར་བཞུགས།ཚོན་སྐུ་རོལ་བའི་ཚོགས་ཀྱིས་དགྱེས་པར་རོལ།རྣམ་གསུམ་དམ་ཚིག་དབང་གི་དགྱེས་ཚིམ་ནས།།སྣང་སྟོང་ཀུན་ཏུ་བཟང་པོའི་འདོད་དགུའི་སྤྲིན།།ཅི་སྣང་བདེ་སྟེར་ཏིང་འཛིང་རོལ་བའི་ངང་།།མི་བྱེད་གསང་བའི་དགྱེས་ཞིང་རབ་ཚིམ་ནས།།མཁའ་ཁྱབ་དེ་སྲིད་འདོད་དགུའི་རོལ་གྱུར་ཅིག།ཀྱེེཆོས་ཉིད་འགག་མེད་སྤྲོས་བྲལ་དཀྱིལ་འཁོར་དུ།།ཕྱག་ན་པདྨ་གསང་བའི་བདག་པོ་ཡིས།།དབང་བསྐུར་བྱིན་རླབས་དྲེགས་པའི་མཚན་བཏག་པ།གཉིས་མེད་མཚོ་སྒྱེས་རྡོ་རྗེ་བེེ་རོ་ཡིས།།དམ་བཏགས་སྲོག་སྙིང་བླངས་པའི་དགེ་བསྙེན་ཆེ།།སྔོན་གྱི་དམ་ཚིག་ཁས་བླངས་ཇི་ལྟ་བུར།།ཞི་དུལ་བྱམས་བརྩེའི་འགྲོ་ཀུན་སྐྱོང་བར་མཛོད།།འཕགས་པའི་བཀའ་གནང་དམ་ཚིག་རོལ་བའི་རྫས།།བདེ་སྟོང་ཏིང་འཛིང་བུར་གྱི་ལེགས་བཀོད་ནས།།སྣང་སྟོང་སྒྱུ་མ་ཆེན་པོའི་དམ་ཚིག་གི།དགྱེས་བཞིན་བསྒྲུབ་ལ་དངོས་གྲུབ་མ་ལུས་སྩོལ།།དེ་ནས་ཕྲིན་ལས་བཅོལ་བབ་ནི།ཧཱུཾ་དེ་ལྟར་མཆོད་སྤྲིན་རྒྱ་མཚོ་ལེགས་མཆོད་ཅིང་།།དམ་བསྒྲགས་འཕྲིན་ལས་གཉེར་དུ་གཏད་པ་ནི།།རིས་མེད་འགྲོ་བའི་ཡིད་མུན་མཐར་བྱེད་པའི།།རྒྱལ་བསྟན་དྲི་མེད་རབ་དཀར་ཀུན་དའི་གཉེན།།དགེ་བསྙེན་ལྷ་ཆེན་་སྤྱི་བོའི་གཙུག་བཀོད་ནས།ལེགས་བཤད་དྲི་མེད་འོང་སྟོང་རྒྱས་པར་མཛོད།།ཁྱད་པར་རྒྱུ་འབྲས་ལྷུན་གྲུབ་རྡོ་རྗེའི་ཐིག།ངེས་གསང་ཟབ་ལམ་ནོར་བུའི་ཙན་དན་གྱིས།།མཐའ་ཡས་ཡིད་ཅན་ཀླུ་དབང་ཉེར་འཚེ་གཞིར།།ཕྱིར་འདིར་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛོད།།ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ།།ཞལ་ལུང་གསེར་སྦྱང་དྲི་མེད་འོད་པོ་ཆེ།།རྨད་བྱུང་བདེ་ལེགས་སྣང་བའི་ཉིན་མོར་བྱེད།།ཐུག་བསྟན་གླིང་བཞིའི་དཔལ་ཏུ་རབ་གསལ་མཛོད།།ཡང་དགོས་རྣལ་འབྱོར་དཔོན་སློབ་མི་ནོར་བཅས།།ལས་རྐྱེན་ཉེར་འཚེར་ནད་གདོན་ཀུན་ཞི་ཞིང་།།ཚེ་དང་བསོད་ནམས་སྟོབས་འབྱོར་རླུང་རྟའི་ཚལ།།ཆེས་ཆེར་གོང་ནས་གོང་དུ་འཕེལ་བར་མཛོད།།ཕྱོགས་འདིར་མི་ནད་ཕྱུགས་་ནད་འཁྲུགས་པ་ཞི།།ས་བདག་ཀླུ་གཉན་བསམ་སྦྱོར་གདུག་རྩུབ་བྲལ།།སྣོད་བཅུད་བརྟེན་གཡོའི་བཀྲ་ཤིས་དགེ་མཚན་ཀུན།།རྟག་བར་འཕེལ་ཞིང་རྒྱས་པའི་འཕྲིན་ལས་སྒྲུབས།།འདོད་དགུའི་འབྱུངས་རྒྱལ་བསྟན་དར་ཞིང་རྒྱས།།མ་ལུས་སེམས་ཅན་བདེ་སྐྱིད་དཔལ་དང་ལྡན།།སྣོད་བཅུད་འབྱུང་བའི་དགེ་མཚན་རྒྱ་མཚོ་ཆེར།།བཀྲ་ཤིས་འདོད་དགུའི་རྦ་རླབས་གཡས་འཁྱིལ་མཛོད།།ལེགས་བྱས་དཔལ་མངའ་ལྷ་ཀླུ་སྲིད་འབྱོར་དཔལ།།ལེགས་ཚོགས་ཀུན་འབྱུང་བཀྲ་ཤིས་རྟགས་དང་རྫས།།ལེགས་བསྒྱུར་འཁོར་ལོ་བསྒྱུར་བའི་རིན་ཆེན་བདུན།།ལེགས་འབྱོར་སྲིད་ཞིའི་དཔལ་དབྱིངས་མ་ལུས་སྩོལ།།མདོར་ན་ལས་བཞིའི་འཕྲིན་ལས་ལྷུན་གྱིས་བསྒྲུབ།།སྡེ་བཞིའི་དག་པ་འདོད་ལེགས་རྒྱས་འཁྱིལ་མཛོད།།བཀྲ་ཤིས་ཕན་བདེའི་སྣང་བ་གསལ་བའི་དཔྱིད།།ཕུན་ཚོགས་མཆོག་ཐུན་སྒོ་བརྒྱ་བཞད་གྱུར་ཅིག།དེ་ནས་གཤེགས་གསོལ་ནི།ཨོཾ་སྐྱེ་མེད་སྟོང་བ་རང་རིགས་འགག་མེད་ཚལ།།སྣང་སྟོང་བདེ་བ་ཆེན་པོའི་ངང་ཉིད་ལས།།ཆུ་ལ་ཟླ་བཞིན་ཤར་བ་རྣམ་བཞིའི་མགྲོན།།རང་བཞིན་དག་པའི་དབྱིངས་སུ་བཛྲ་མུ༔བཀྲ་ཤིས་ནི།དངོས་གྲུབ་འབྱུང་གནས་རྩ་བརྒྱུད་བླ་མ་དང་།།ཡི་དམ་ཆོས་སྲུང་དམ་ཅན་རྒྱ་མཚོ་ཡིས།།སྣོ་བཅུད་བསྟན་གཡོའི་དགེ་བའི་བཀྲ་ཤིས་ཆར།།ཕྱོགས་དུས་ཀུན་ཏུ་ཁྱབ་པའི་དགེ་ལེགས་སྩོལ།།ཅེས་སོགས་ཀྱི་བསྔོ་བ་སྨོན་ལམ་གྱི་མཐའ་བརྒྱན་པར་བྱའོ།།སྨྲས་པ།སེམས་ཉིད་འདི་དག་ཆོས་དབྱིངས་མེད་པའི་ངང་།།ཅི་སྣང་རྩ་གསུམ་འདྲ་བའི་ཟློས་གར་གྱིས།།དུང་ལྔའི་གྱ་གྱུ་འཁོར་བའི་རང་ཚང་ལ།།སྣང་སྲིད་ལྷ་འདྲེའི་ཚང་བཟུང་ཡུལ་བྲལ་ཤིང་།།འཁོར་འདིས་སྲིད་ཞིའི་རང་སེམས་ཤེས་པའི་བློས།།མཐའ་བྲལ་སྤྲོ་བ་རྒྱ་མི་ཉེར་བཏབ་ནི།།རྣམ་མང་མགྲོན་རྣམས་བདེ་བ་ཆེན་པོའི་ངང་།།སྣང་སྟོང་ཕུན་ཚོགས་འདོད་དགུའི་གར་གྲུབ་པས།།རིགས་གསུམ་རྒྱལ་དང་འཕགས་པ་མཆོག་བསྙེས་པ།།རྟེན་འབྲེལ་བསླུ་མེད་འབྱིན་ཀྱང་དེ་འབྲས་ཀྱང་།།ཡིད་མིིན་ཉེ་བར་སྨིན་གཅིག་སུ་མ་མཐོང་།།བཀྲ་ཤིས་བདེ་ལེགས།།

༄༅།།ཀྱེེ།ཕུན་ཚོགས་འདོད་དགུའི་དངོས་གྲུབ་ཆར་ལྟར་དུ།འབེབ་མཛད་བླ་མ་ཡི་དམ་ཆོས་སྲུང་བཅས།རྩེ་གཅིག་གུས་པའི་ཡིད་ཀྱི་སྤྱན་འདྲེན་ནོ།།འདིར་གཤེགས་མདུན་གྱི་ནམ་མཁར་བཞུགས་སུ་གསོལ།ཁྱད་པར་སྐ་སྟོད་འཛིན་མར་གནས་བཅས་སྟེ།མི་ཕྱུགས་སྐྱོང་མཛོད་སྟག་རྩེ་འཁོར་དང་བཅས།གཞན་ཡང་རྩེ་རྒྱལ་ནག་གཡུ་ལས་སོགས་པའི།ཕྱོགས་འདིར་གནས་པའི་ཡུལ་ལྷ་གཞི་བདག་ཀུན།སྤྱན་འདྲེན་འདིར་གཤེགས་ཡིད་འཕྲོག་གདན་ལ་བཞུགས།དམ་རྫས་སྤྱན་རིགས་མཆོད་པའི་བྱེ་ཕྲག་ཀུན།དངོས་བཤམས་ཡིད་ཀྱི་སྤྲུལ་ཏེ་འབུལ་ལོ་བཞེས།རབ་འབར་མེ་ལ་ལྷ་ཤུག་ཕྱེ་མར་སོགས།བསྲེགས་པའི་དུ་སྤྲིན་ནམ་མཁའ་གང་བ་འདིས།ལེགས་ཚོགས་འབྱུངརྩ་རྒྱུད་བླ་མ་བསང་།དངོས་གྲུབ་ཀུན་སྩོལ་ཡི་དམ་ལྷ་ཚོགས་བསང་།བར་ཆད་ཀུན་སེལ་ཆོས་སྐྱོང་སྲུང་མ་བསང་།མཐུ་ལྡན་སྟག་ཙེ་གཉན་པོ་འཁོར་བཅས་བསང་།རྩེ་རྒྱལ་ནག་གཡུ་སོགས་བྱས་གཞི་བདག་བསང་།དུག་གསུམ་དབང་གི་ཡུལ་ལྷ་ཁྱེད་རྣམས་ཀྱི།ཐུགས་དང་འགལ་བ་གང་བགྱིས་བཟོད་མཛོད་ལ།མི་ནད་ཕྱུག་ནད་གོད་ཁ་དགྲ་ཇག་སོགས།རྐྱེན་ངན་བར་ཆད་མཐའ་དག་ཞི་བར་མཛོད།ཚེ་དང་བསོད་ནམ་སྟོབས་འབྱོར་རིགས་རྒྱུད་དང་།སྙན་གྲགས་ལེགས་ཚོགས་དབྱར་མཚོ་ལྟར་འཕེལ་ཞིང་།མི་མཐུན་དགྲ་སྡེའི་ཚོགས་ཀུན་ཚར་བཅད་ནས།བདེ་སྐྱིད་དཔལ་ལ་རྟག་དུ་རོལ་བར་མཛོད།བཛྲ་མིམ།མགྲོན་རྣམས་རང་རང་གནས་སུ་གཤེགས་རམ་ལ།ཅེས་བརྗོད་ནས།ཅེས་པ་འདི་ནི་རུང་རུའི་དཔོན་པོ་དགེ་སློང་རྒྱལ་མཚན་གྱི་བསྐུལ་ངོར།སྐུ་ཕྱོགས་འཇིགས་མེད་དབང་བོས་སྦྱར་བས་ཡི་གེ་བ་ནི་ཀུན་དགའ་བསམ་འགྲུབ་སོ།།དགེའོ།།བཀྲ་ཤིས་ཤོག།

༄༅།ཨོྃ་བསང་རྫས་མཆོད་གཏོར་ཕྱི་ནང་གསང་བ་ཡི།དམ་པས་སྤྱན་གཟིགས་འཆི་མེད་ལམ་བཀང་བས།ཟགས་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེར།ཀུན་བཟང་མཆོད་བའི་སྤྲིན་ལ་འགྲན་བར་གྱུར།ཨོྃ་ཨ༔ཧཱུཾ།ལམ་གསུམ།དངོས་གྲུབ་ཀུན་གྱི་འབྱུང་གནས་གཏེར་གྱུར་བའི།བསླུ་མེད་སྐྱབས་གསུམ་དམ་པ་ཡི་དམ་ལྷ།རིག་འཛིན་གྲུབ་དབང་པདྨ་འབྱུང་གནས་དང་།བླ་བཟང་རྒྱལ་པ་གཉིས་པ་གཙུག་གི་མཆོད།ཀྱེེ༔ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན།འཛམ་གླིང་བྱང་ཕྱོགས་འཛིན་མའི་དབུས།བཅུད་ལྡན་ས་ཡི་བྱང་སྟོད་ན།ཚ་བ་རྒྱལ་མོ་རོང་གི་འཚམས།ཡུལ་ཕྱོགས་དག་ལ་དབང་ཐོབ་བའི།དགྲ་བླ་འོད་ལྡན་སྟག་རྩེ་སོགས།ལྷ་རི་མཚོ་སྨན་རྒྱལ་མོ་སོགས།དེ་རིང་འབོད་གྱི་གཤེགས་སུ་གསོལ།སྔགས་དང་ཕྱགས་རྒྱའི་བྱིན་རླབས་ནས།དངོས་བཤམས་ཡིད་གྱི་སྤྲུལ་པ་ལས།ཤ་རུས་གཏོར་མ་རི་ལྟར་སྤོངས།ཁྲག་ཆུང་བཏུང་བ་མཚོ་ལྟར་འཁྱིལ།དྲི་ཞིམ་བསང་གསུར་དུད་པ་ཡི།ནམ་མཁའ་གང་བའི་བསང་ཆེན་དང་།ལྷ་མིའི་དཔལ་འགྲན་མཆོད་པ་འདིས།དགྲ་ལྷའི་གཙོ་བོ་འཁོར་བཅས་བརྔན།ཁྱེད་རྣམ་མཆོད་ཅིང་བརྔན་པའི་མཐུས།གཞི་ལམ་གང་དུ་གནས་ཀྱང་རུང་།རྒྱབ་རྟེན་མདུན་གྱི་ནམ་མཁར་བྱོན།ཕར་སྐྱེལ་ཚུར་འོང་བསུ་མ་མཛོད།ལེགས་བས་ལེགས་པ་བརྒྱ་དང་སྤྲོད།མི་མཐུན་ཉེས་པ་སྟོང་དང་སྣོལ།རྨ་གཡང་ཕྱུག་གི་དངོས་གྲུབ་སྩོལ།གཡང་གི་ར་བ་གང་བར་ཤོགམདོར་ན་བདེན་པའི་དམ་ལས་མ་འདའ་བར།མི་མཐུན་དགྲ་བགེགས་གཡུལ་ལས་རྣམ་རྒྱལ་ཞིང་།ཕྱོགས་བཅུའི་ཕུན་ཚོགས་གཡང་རྣམས་རབ་འབྱོར་བའི།ཡར་ངོས་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྩོལ།ཅེས་པ་འདི་ནི་བྱང་སྟོད་ཀྱི་ཁ་ཤུལ་དགེ་སློང་ཛམ་བུའི་རིང་ཡུལ་གྱི་གཞི་བདག་ཡུལ་ལྷ་ལ་བསང་ཡིག་དགོས་ཞུས་ངོར།སྒོ་མང་དཔལ་རིང་བླ་མས་སྦྱར་བ་མང་ག་ལམ།དགེ་འོ།ཁ་དྲོ།

ན་མོ་བཛྲ་བྷེེ་ར་ཝཱ་ཡ།དེའང་བསང་རྫས་དངོས་གཙང་ཞིང་རྒྱ་ཆེ་བ་དང་།དཀར་གསུམ་གྱིས་བརྒྱན་པའི་གཏོར་མ།རྔ་སིལ་སོགས་སྟ་གོན་ལེགས་པར་བྱས།སྐྱབས་སེམས་སྔོན་དུ་བཏང་།རང་སྐད་ཅིག་གིས་ལྷར་བསྐྱེད་ཅིང་བསང་རྫས་བྱིན་གྱིས་བརླབས་ནས།ཀྱེ་ཀ་བིའི་སྟག་རྩེ་རྩེ་རྒྱལ་ནག་ཡུ་སོགས།།ཁ་རྗེ་དབང་ཐང་དཔལ་བསྐྱེད་ཡུལ་གྱི་ལྷ།།ག་ཤེད་མི་མངོན་དབྱིངས་ན་བཞུགས་པ་ཀུན།།ང་ཡིས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ།།ཅ་ཅོའི་དབྱངས་དང་རོལ་མོ་འབྲུག་ལྟར་སྒྲོགས།།ཆ་ཤས་ཀུན་རྫོགས་གཏོར་མ་རི་ལྟར་སྤུངས།།ཇ་ཆང་དཀར་གསུམ་རྒྱ་མཚོ་ལྟར་བསྐྱིལ་ཏེ།།ཉ་རྒྱས་ཟླ་ལྟར་དྭངས་པའི་ཡིད་ཀྱིས་དབུལ།།ཏ་ལའི་འདབ་འདྲ་ལྷ་ཤུག་སྔོན་མོ་སོགས།།ཐ་དད་བསང་ཤིང་སྣ་ཚོགས་དུད་པའི་སྤྲིན།།ད་ལྟ་ཉིད་དུ་ལྷ་ལམ་དགོངས་བཟོད་པ།།ན་བུན་སྔོན་པོའི་ཕྲེང་ལྟར་གཏིབས་ཏེ་འབུལ།།པ་སངས་ལྟར་དཀར་མཆེ་གཙིགས་རྒྱ་སྟག་སོགས།།ཕ་རོལ་འཇོམས་པའི་གཅན་གཟན་སྣ་ཚོགས་དང་།།བ་གླང་ཅང་ཤེས་རྟ་དང་ར་ལུག་སོགས།།མ་ལུས་སྤྱན་གཟིགས་ཚོགས་ཀྱིས་ཐུགས་དམ་བསྐང་།།ཙ་ཏུར་འབྱུང་འཁྲུགས་གག་ལྷོག་གཉན་གཟེར་དང་།།ཚ་བའི་རིམས་སོགས་ནད་རིགས་ཀུན་ཞི་ཞིང་།།ཛ་ལངས་རབ་རྒྱས་གདོང་ལྔའི་དབང་བོ་བཞིན།།ཝ་སྐྱེས་ལྟ་བུའི་དགྲ་ལས་རྒྱལ་བར་མཛོད།།ཞ་ལྟར་སྤྱི་བོའི་གཙུག་ཏུ་ཁྱོད་བཀུར་ཞིང་།།ཟ་འོག་རྒྱལ་མཚན་བཞིན་དུ་ཁྱོད་འཕྱར་ན།།འ་འུར་ཆོ་འཕྲུལ་སྣ་ཚོགས་དཔུང་དང་བཅས།།ཡ་མཚན་འཕྲིན་ལས་ཐོགས་མེད་དུས་ལ་བབས།།ར་བ་བཙན་པོས་བསྐོར་བའི་སྲོག་མཁར་བཞིན།།ལ་ལུང་གང་དུ་ཉེར་འཚེ་མི་འབྱུང་ཞིང་།།ཤ་འོད་རྡོལ་བཞིན་ཟས་ནོར་ལོངས་སྤྱོད་ཚོགས།།ས་འདིར་རྫོགས་ལྡན་ཀུན་དགའ་རྒྱས་པར་མཛོད།།ཧ་རི་ཙན་དན་ངད་ལྡང་བསང་མཆོད་དང་།།ཨ་མྲི་ཏ་ཡི་རང་བཞིན་མཆོད་གཏོར་འདིས།།ལྷ་གཉན་འཁོར་བཅས་ཚིམ་ཞིང་དགྱེས་གྱུར་ཏེ།།འདོད་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།ཅེས་རོང་རུའི་ཕྱོགས་ཀྱི་ཡུལ་ལྷའི་བསང་མཆོད་ཅིག་དགོས་ཚུལ་མགོ་བ་སྙིང་ཁར་སོགས་ཀྱིས་བསྐུལ་ངོར་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།