སྟག་རྩེའི་འབྲེལ་ཡོད་དཔྱད་ཡིག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-13 10:12:28         ཀློག་ཐེངས།  

微信图片_20200617082432.jpg

སྟག་རྩེ་ནི་ཧུང་ཡོན་རྫོང་སྐྱ་རོང་ཡུལ་ཚོ་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ32ལྷག་སོང་བའི་མཚམས་སུ་ཡོད་པ་དང་།དེ་ནི་སྐ་ཀླུང་རིང་མོ་དལ་གྱིས་འབབ་པའི་ཆུ་མགོ་རྨ་འབྲིའི་དབྱེ་མཚམས་སྟེ་ས་བབས་ཀྱི་ངོས་ནས་བལྟས་ན་ཅུང་མཐོ་ཤོས་ཀྱི་གནས་སུ་ཡོད་པ་དང་།མཐའ་འཁོར་གྱི་རི་གཤིས་དང་མི་འདྲ་བར་རི་དཔྱད་དང་ངག་རྒྱུན་ཕུན་སུམ་ཚོགས་པའི་གནས་རི་ཁྱད་པར་བ་ཞིག་ཡིན།གནས་རིའི་ཤར་བྱང་གི་མཚམས་སུ་འཇིང་མོ་དང་ནུབ་བྱང་གི་མཚམས་སུ་མདུན་རི་བཀྲ་ཤིས་རྟགས་བརྒྱད་ཚང་བའི་གནས།རི་ངོས་སུ་དབྱིབས་སྣ་ཚོགས་ཀྱི་བྲག་རྡོ་དང་ལྷ་ཤིང་ཤུག་པས་བརྒྱན་པ།རྒྱབ་རི་ཚང་ཚིང་ནགས་ཀྱིས་མཛེས་པར་བརྒྱན་ཡོད་པའི་གནས་ཤིག་ཡིན།དེའི་བྱང་གི་འཕྲེད་ཐིག32.2889དང་ཤར་གྱི་གཞུང་ཐིག102.4234ཡིན་ལ།མཚོ་ངོས་མཐོ་ཚད་ལ་སྨི4068ཡོད་པ་རེད།

སྟག་རྩེ་ཡི་འབྲེལ་ཡོད་ལོ་རྒྱུས་འགའ་ཡོད་དེ། སྟག་རྩེ་ནི་སོག་པོའི་མདའ་ཚན(དེང་གི་རྨ་ལྷོ་སོག་རྫོང་གི་གསེར་ལུང་སྡེ་བ)གྱི་ཀླུའི་ཆབ་བྲག་ནས་ཡོང་བ་ཡིན་པར་བཤད།ཀླུའི་ཆབ་བྲག་ནི་ཀླུ་མོ་དཔའ་བཙུན་མ་གཙོས་ཀླུ་མོ་སྟོང་གི་གནས་ཡིན་པ་དང་བར་སྐབས་ཤིག་ལ་རྐྱེན་དབང་གིས་འབྲོ་དགོས་པར་ཐུག་པས།ཡན་འབའ་སྐྱ་བདུན་དང་བན་དེ་སྐྱབས།རྔ་མོང་རྡོ་རྒྱག  ཉིན་གྱི་སྒལ་ཚིགས་དང་སྲིབ་ཀྱི་ས་ཚིགས།ཀླུ་ཁོག་གི་ཀླུ་འཕྱོར།ཤྭ་རྭ་ཁུ་ཚུར(ས་ཕྱོགས་དེའི་ངག་རྒྱུན་ཡོད་པའི་གནས་རི་ཡིན)སོགས་ཀྱིས་ར་མདའ་བྱེད་དུས་སྟག་རྩེའི་དཔའ་བོ་ངར་ལངས་ངོ་ལ་བུད་ནས་གཡུལ་བཤམས་སྐབས་ས་གནས་དེའི་སྐྱེས་ཆེན་ཞིག་གི་བར་འཕངས་བར་ཡན་ཆུ་ཞེས་ཀླུའི་ཆབ་བྲག་ནས་ཤར་དུ་བཞུར་བཞིན་པའི་ཆུ་བོ་ཞིག་ཡན་འབའ་སྐྱ་བདུན་དང་སྟག་རྩེའི་དཔའ་བོ་ངར་ལངས་གཉིས་ཀྱི་བར་དུ་འཕངས་ཡོད།མུ་མཐུད་སྐ་ཁོག་བརྒྱུད་ནས་ཡོང་སྐབས་བན་དཀར(ས་མིང)ནས་བན་ལུས་པ་དང་བོའུ་ཁྱི(ས་མིང)ནས་ཁྱི་ལུས།རིམ་གྱིས་སྐ་སྟོད་ཀྱི་རྫ་གསེབ་ཏུ་ཡིབ་པ་ཡིན།དེར་གནས་བཅས་རྗེས་ས་གནས་དེའི་གཞི་བདག་འཇིང་མོ་དང་འཕྲད་ནས་དུས་ད་ལྟའི་བར་ཡོད་པ་འདིའོ།།སྤྱིར་འཇིང་མོ་ནི་སྟག་རྩེ་ལས་མཐོ་ལ་གཡང་གཟར་ཆེ་བ་ཞིག་ཡིན་པས་ངག་རྒྱུན་ལ་སྟག་རྩེ་མི་མཐོ་འཇིང་མོ་མཐོ།སྐྱེས་ཕོ་མགོ་མི་མཐོ་མོ་མགོ་མཐོ་ཞེས་ས་གནས་དེའི་བུད་མེད་ཀྱི་དབང་ཆ་མཐོན་པོ་ཡིན་པ་ཁ་དཔེར་ཆགས་ཡོད།སྟག་རྩེ་དེ་ལྟར་བྲོས་ནས་ཡོང་སྐབས་ལམ་བར་དུ་ད་དུང་གཏམ་རྒྱུད་མང་དུ་སྣང་སྲིད་ཀྱང་མིག་སྔར་རྩད་ཆོད་པ་ནི་སོག་རྫོང་གི་གསེར་ལུང་སྡེ་བ་དང་ཀླུ་ཆུའི་རྒྱུད།ཁྱུང་མཆུ་རྫོང་གི་སྐ་ཆུའི་རྒྱུད་ཀྱི་ངག་རྒྱུན་ཉུང་ཤས་ཤིག་ལས་ལག་སོན་བྱུང་མེད།

གཞན་ཡང་གནས་རིའི་ངོས་སུ་བེ་རོ་ཙ་ནའི་སྒྲུབ་ཕུག་དང་དཔལ་ལྡན་ཤ་བ་རིའི་སྒྲུབ་ཕུག མགོན་པོ་ཕྱག་དྲུག་པའི་བཞུགས་གནས།ཀླུ་མོ་འོད་དཀར་བྱེ་བའི་གནས།རིག་བྱེད་མའི་གནས།ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག འདན་མའི་དངུལ་ཁྲི་དང་བསང་ཁྲི།འདན་མའི་རྟ་རྗེས་དང་རྟ་ལྕག་གིས་བྲབས་ཤུལ།སྒྲོལ་མ་དཀར་ལྗང་གི་རྡོ་རང་བྱོན།རྡོ་རྗེ་འཕགས་མོའི་གནས་རྡོ་རང་བྱོན(རིག་གསར་སྐབས་ཆགས་འཇིགས་བྱུང་ཡོད)སོགས་ངོ་མཚར་གྱི་རྗེས་ཤུལ་དང་གཏམ་རྒྱུད་ཀྱིས་གང་ཡོད།

སྟག་རྩེའི་སྐོར་ལོ་རྒྱུས་ཡིག་ཚངས་སུ་བྲིས་པ་ཡང་འགའ་རེ་ཡོད་པ་སྟེ།བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི《མདོ་སྨད་ཆོས་འབྱུང》(ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས།241)གི་ཕྲེང17ནས་18བར།“རྐ་ཆུ་ཀ་དབུ་སྟག་རྩེ་ནས་འབབ་པའི་སྟོད་དུ་ཨ་མཆོག་སྨྲ་སེང་གླིང་གི་མཆོད་གཞིས་རྭ་ཁོག་ཚོ་བ་བརྒྱད་ཀྱི་འབྲོག་སྡེ་ཡོད།”ཅེས་སྐ་ཆུའི་སྟོད་དུ་སྟག་རྩེའི་གནས་རི་ཡོད་པ་ཞིབ་འབྲི་བྱས་ཡོད།

《རྗེ་བཙུན་དམུ་དགེ་བསམ་གཏན་དཔལ་བཟང་བོའི་གསུང་འབུམ་པོད་དྲུག་པ》(སི་ཁྲོན་ཏང་དེབ་ཚོགས་པ།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།)ཡི་ཤོག་ངོས245ཕྲེང5པར་ཡང“སྐ་ཆུ་སྐ་བར་སྟག་རྩེ་ནས་འབབ་པའི་སྟོད་དུ་ཨ་མཆོག་སྨྲ་སེང་གླིང་གི་མཆོད་གཞིས་རྭ་ཁོག་ཚོ་བ་བརྒྱད་ཡོད”ཅེས་སྐ་ཆུའི་སྐ་ས་སྐ་བསྒྱུར་ནས་སྟག་རྩེ་དང་སྐ་ཆུ་བྲིས་ཡོད།དེ་མིན་དཔེ་ཆ་དེའི་ཤོག་ངོས་496པའི་ཕྲེང་7ནས་12བར“ཡང་ངེད་ཅག་གི་སར་སྐ་བར་སྟག་རྩེ་ཞེས་པའི་གནས་རི་ཞིག་ཡོད་པ་དེའི་མདུན་ནས་འོང་བའི་ཆུ་བོ་དེ་སྐ་ཁོག་བརྒྱུད་མཛོད་དགེ་སོག་ཚང་དགོན་པའི་མདུན་ནས་རྨ་ཆུ་དང་འདྲེས་པའི་ཆུ་དེའི་མིང་བཅིངས་བགྲོལ་སྐབས་སྐད་སྒྱུར་ཞིག་ལ་དྲིས་པས།སྐ་ཆུ་ཟེར་ཞེས་བརྗོད་པར།འོ།དཀར་ཆུ་ཟེར་བ་ཡིན་རྒྱུ་རེད་སྙམ་ནས་རྒྱ་སྐད་ལ་དེང་སང་དཀར་ཆུ(白河)ཞེས་བརྗོད་བཞིན་ཡོད།དེ་ལྟར་མིང་གང་བྱུང་དུ་བཏགས་ནས་ལོ་རྒྱུས་ལ་རྙོག་དྲ་བཟོས་པ་ཤིན་ཏུ་མང་ངོ”སོགས་སྐ་ཆུའི་མིང་འབྲི་ལུགས་ལ་མིང་གཞིར་མ་བཟུང་བར་ཐེར་འདོན་བྱེད་སྐབས་ཡང་སྐ་སྟོད་ཀྱི་སྟག་རྩེའི་མིང་ཐོན་ཡོད།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།