རྭ་རྒྱའི་དུར་ཁྲོད་མཚམས་སྦྱོར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-28 21:51:57     རྩོམ་པ་པོ།   རྭ་རྒྱ་བཟོད་པ་བཟང་བོ།    ཀློག་ཐེངས།  

490844234008601398.jpg

རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་ཕྱོགས་བཞིར་དུར་ཁྲོད་བྱིན་ཅན་མང་བོ་ཡོད། དེ་ཡང་ཤར་གྱི་སྟག་སྐྱ་བོའི་དུར་ཁྲོད། ལྷོའི་བཙུན་མོ་རིའི་གཡས་ཟུར་གྱི་དུར་ཁྲོད། ནུབ་ཀྱི་ནོར་བུ་དེའུ་ཡག་གི་དུར་ཁྲོད། བྱང་གི་བཀྲ་ཤིས་ལྷ་སྒང་གི་དུར་ཁྲོད་སོགས་མཆིས། འོན་ཀྱང་དེང་གི་ཆར་ཀུན་ལ་ཆ་རྒྱུས་ཡོད་པ་ནི་ཤར་གྱི་སྟག་སྐྱ་བོའི་དུར་ཁྲོད་འདི་ཉིད་ཡིན།

སྤྱིར་རྭ་རྒྱའི་ཡུལ་འདི་དཔལ་བདེ་མཆོག་འཁོར་ལོ་ཕོ་བྲང་ཡིན་པར་སྐྱབས་མགོན་ཨ་རིག་དགེ་བཤེས་ཆེན་མོ་སོགས་སྔོན་གྱི་སྐྱེས་ཆེན་དམ་པ་མང་བོའི་ལུང་གིས་ཟིན་ཅིང་མཐོང་སྣང་གིས་ཀྱང་གྲུབ་པར་བཤད་པས་རྭ་རྒྱའི་དུར་ཁྲོད་འདིའང་དཔལ་བདེ་མཆོག་འཁོར་ལོའི་གནས་སུ་ཡོད་པས་གནས་གཞན་ལས་ཁྱད་དུ་འཕགས་པར་གྲགས། ད་དུང་ཨ་རིག་དགེ་བཤེས་ཆེན་མོ་དང་ཤིང་བཟའ་པཎྡི་ཏ་སོགས་ཀྱིས་ཐུགས་སྨོན་གྱིས་ཟིན་ཅིང་ཕྱག་ནས་གཏོར་བའི་གནས་བྱིན་ཅན་ཡིན་པས་མདོ་སྨད་དུ་གྲགས་ཆེ་ཞིང་དགོན་འདིའི་མཐའ་འདུག་ཚོ་བཞི་ཙམ་མ་ཡིན་པར་མདོ་སྨད་ཀྱི་ཕྱོགས་མཐའ་དག་ནས་ཕུང་བོ་འདིར་སྐྱེལ་མཁན་ཧ་ཅང་མང་།

འོན་ཀྱང་དུར་ཁྲོད་འདིར་དུར་ལས་བྱེད་མཁན་ཆེད་དུ་མེད་པས་ས་གནས་འདིའི་ཡུལ་སྲོལ་ལྟར་དུར་ལས་རང་མིས་བྱེད་ཅིང་སྨན་བླ་དང་བསྔོ་སྨོན་སོགས་འདོན་མཁན་རྭ་རྒྱ་དགོན་ནས་གདན་འདྲེན་ཞུ་སྲོལ་ཡོད། ཤི་བོའི་གོན་པ་མེར་བསྲེགས་ཤིང་རུས་པ་སྤར་མོ་གང་ཡང་མི་སྐྱུར་བར་ཞིབ་མོར་རྡུང་སྟེ་བྱ་གཡེང་བྱེད་པ་ཡིན། དུར་ཁྲོད་གཞན་དུ་དུར་ལས་བྱེད་མཁན་ཆེད་དུ་མི་ཞིག་ཡོད་མོད་གནས་འདིར་དུར་ལས་བྱེད་མཁན་མེད། རྒྱུ་མཚན་རང་རང་མི་ཚེ་ལས་འདས་ཟིན་ནའང་དེའི་ཕུང་བོར་མི་གང་ཡིན་རེག་ཏུ་མི་འཇུག་པ་མ་ཟད་རང་སྡེའི་ནང་གི་རྒན་པོ་བསམ་ཤེས་དག་གིས་དུར་བྱེད་པ་ཡིན། རང་ཉིད་ཀྱི་ཕ་མ་དང་དགེ་རྒན་སོགས་ཚེ་ལས་འདས་ཚེ་བུ་ཕྲུག་དག་གིས་དུར་ཁྲོད་དུ་བསྐྱལ་རྗེས་ཕྱག་འཚལ་བའི་སྲོལ་ཀྱང་ཡོད། ཐག་རིང་ནས་ཕུང་བོ་འདིར་སྐྱེལ་མཁན་ཁྲོད་དུར་ལས་བྱེད་མཁན་ཡོད་མེད་ཀྱང་འདྲི་མོད། དྲི་བ་དེ་ནི་ཡུལ་ཕྱོགས་འདིར་མཚོན་ན་ཧ་ལས་པའི་སྐད་ཆ་ཞིག་ཡིན། རྒྱུ་མཚན་རང་མིའི་ཕུང་བོ་བདག་རང་ཉིད་ཀྱིས་མི་བྱེད་པ་ཅི་ཡིན་ནམ་ཞེས་ཁྱད་མཚར་དུ་བརྩི།

429214526925750971.jpg

ད་དུང་དུར་ཁྲོད་དུ་གངས་རུས་རྒྱུ་བའི་གཏམ་རྒྱུད་དང་སྐྱེས་ཆེན་དམ་པ་མང་བོ་སྐུ་གདུང་སྐྱེལ་སྐབས་འཇའ་འོད་ཀྱི་གུར་ཕུབ་པ་དང་ལྷའི་རོལ་མོས་བར་སྣང་ཁྱབ་པ་སོགས་ངོ་མཚར་བའི་གཏམ་རྒྱུད་མང་བོ་ཞིག་བྱུང་ཟིན་མོད་གནས་སྐབས་དེ་དག་རེ་རེ་བཞིན་རྩར་གཅོད་བྱེད་མ་ཐུབ་པས་ངོ་སྤྲོད་རགས་བསྡུས་ཙམ་བྱས་པ་ཡིན་ནོ།།

                                                     ༢༠༡༦.༡༡.༢༠

                                    

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

 

བརྒྱུད་འགོད།