རྒན་གྱའི་བྲག་དཀར་གནས་ཁང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-21 09:55:10     རྩོམ་པ་པོ།   འཇམ་དབྱངས་སྦྱིན་པ།    ཀློག་ཐེངས།  

 

 

         cba46cb.jpg

          བོད་མདོ་སྨད་གྱི་ལྷོ་བརྒྱུད་དེ་ཀན་ལྷོ་གཡང་ལྡན་ཕྱུག་མོའི་བྱང་ཕྱོགས་དབུས་གཙང་གཉིས་པ་ཉི་མ་བླ་བྲང་དང་འབྲེལ་མཚམས་སུ་སྙན་གྲགས་གྱི་བ་དན་དགུང་དུ་གཡོ་ཞིང་དུད་ཁྱིམ་སྟོང་ལ་ཉེ་བའི་ཕ་ཡུལ་རྒན་གྱ་ནི་རི་ཆུ་སྤང་གསུམ་གྱིས་མཛེས་ལ་རྟ་ནོར་ལུག་གསུམ་གྱིས་ཕྱུག རྒན་རྣམས་གཞོན་ལ་བྱམས་ཤིང་གཞོན་རྣམས་རྒན་ལ་བཀུར་ཡ་རབས་གོམས་སྲོལ་བཟང་བོ་ཡུལ་མིའི་རྒྱན་དུ་མཛེས་པའི་ལྗོངས་འདི་ཡང་མདོ་སྨད་ཀྱི་ལུང་བ་གཞན་དང་འདྲ་བར་ཆེས་སྔ་མོ་ནས་ས་ལ་གཡང་ཆགས་གཡང་ལ་བཅུད་ཆགས་ཏེ་ད་ལྟའི་བར་ས་སྒང་གོ་ལ་འདིའི་མེ་ཏོག་རྐང་གཅིག་ཏུ་གྱུར། ད་དུང་རྒན་གྱའི་བྲག་དཀར་དགོན་ཕྱག་འདེབས་མཛད་པ་པོ་ཡུལ་ཕྱོགས་འདིར་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒན་གྱའི་པཎྜི་ཏ་མཆོག་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་བོ་དབལ་ཤུལ་ངག་དབང་བརྩོན་འགྲུས། ཁྲི་ཆེན་དཔལ་ལྡན་གྲགས་པའི་ཡང་སྤྲུལ་རྗེ་འཇིགས་མེད་གྲགས་པ་རྒྱ་མཚོ། མ་ཅིག་ལབ་སྒྲོལ་མའི་སྤྲུལ་བ་གུང་ཡེ་ཤེས་ཀྱི་མཁའ་འགྲོ་མ་སོགས་ལོ་རྒྱུས་ཀྱི་མེ་ལོང་དུ་གསལ་བའི་སྐྱེས་ཆེན་མང་བོ་འཁྲུངས་མྱོང་། ལྷག་དོན་སྐབས་འདིར་གླེང་བར་བྱ་བ་ནི་གནའ་ནས་ད་བར་ད་ནས་མཐའི་བར་དུ་ཡུལ་འདིའི་སྤོབས་པ་དང་གཟི་བརྗིད་ཀྱི་དཔལ་དུ་འགྱིང་པའི་འཛམ་གླིང་གནས་ཆེན་ཉེར་བཞིའི་ཡ་གྱལ་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་རྒན་གྱའི་བྲག་དཀར་གནས་ཁང་འདི་ནི། སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཐོག་མར་གནས་སྒོ་ཕྱེ་ཞིང་། དེ་ནས་ས་སྐྱའི་འགྲོ་མགོན་འཕགས་པ། ཏཱ་དབོན་གཞོན་ནུ་སེང་གེ ཀིརྟི་བསྟན་པ་རབ་རྒྱས། སྟོང་འཁོར་མདོ་རྒྱུད་རྒྱ་མཚོ། སྒོམ་ཆེན་དགེ་འདུན་ཤེས་རབ། བསོད་ནམས་ཡེ་ཤེས་དབང་བོ། ཤར་སྐལ་ལྡན་རྒྱ་མཚོ། གུང་རུ་མཁའ་འགྲོ་མ་རིམ་བྱོན་གྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་སྒོམ་སྒྲུབ་ཡུན་རིང་གནང་གཤིས་ཉམས་རྟོགས་མཐར་སོན་ཏེ་སངས་རྒྱས་བྱང་སེམས་དུ་མའི་ཞལ་གཟིགས་ཤིང་ལྷ་སྐུ་ཡིག་འབྲུ་སོགས་ཀྱི་རང་བྱོན་ངོས་འཛིན་གནང་། གཞན་ཡང་ཡུལ་ཕྱོགས་འདིའི་སྐྱབས་མགོན་༧ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་དང་། ཐུའུ་བཀན་ཆོས་ཀྱི་ཉི་མ། ཞང་སྟོན་བསྟན་པ་རྒྱ་མཚོ། པན་ཆེན་ཐམས་ཅད་མཁྱེན་པ་སྐུ་འཕྲེང་བཅུ་བ་མཆོག རྩ་བའི་བླ་མ་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་དབང་ཕྱུག་སོགས་སྐྱེས་ཆེན་མང་བོ་བྱོན་ནས་གནས་འདི་བྱིན་གྱིས་བརླབས་ལ་རང་ཅག་གི་དད་རྟེན་དུ་རང་བྱོན་ཀྱང་མང་བོ་ངོས་འཛིན་གནང་ཡོད། གཡུ་མུ་ཏིག་བསྟར་ལ་བརྒྱུས་འདྲ་བའི།། རྫ་བྲག་རི་དགུང་སྔོན་དབྱིངས་ལ་ཟུག། གནས་རང་བྱོན་སྐྱེ་རྒུའི་དཔལ་དུ་ཤར།། སྨན་ཆུ་མིག་ཆབ་རྒྱུན་ཤག་ཤག་བཞུར།། ཞེས་པའི་སྨན་ཆུའི་ལུང་བ་འདིར་སླེབས་མ་ཐག་གནས་འདིའི་རྟེན་གྱི་གཙོ་བོ་མ་རྒྱུད་འཁོར་ལོ་སྡོམ་པ་རྟེན་དང་བརྟེན་པར་དམིགས་ཏེ་ཀུན་སློང་རྣམ་པར་དག་པའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་དང་སྦྲགས་ཕྱག་གསུམ་འཚལ། དེ་ནས་ཡར་ལ་གཟིགས་ཚེ་གཡས་ཀྱི་བྲག་རི་དགུང་ལ་ཟུག་པ་དེ་ནི་ཡུལ་འདིའི་གནས་ཀྱི་གཙོ་བོ་བདེ་མཆོག་གནས་རི་རེད། འདིའི་གཡས་ཟུར་གྱི་བྲག་གཤམ་གྱི་ཉིན་ངོས་སུ་ཤར་སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག་དང་ཉིན་སྲིབ་ཏུ་སྒྲུབ་ཕུག་གཞན་ཞིག་ཡོད། དེའི་ཞོལ་གྱི་རི་སྣ་དེ་ལ་བཀྲ་ཤིས་རྟགས་བརྒྱད་ཚང་ཞིང་། ངོས་དེར་གཏེར་ས་སྐད་གྲགས་ཅན་ཞིག་ཀྱང་ཡོད། མ་ནི་ཆུ་འཁོར་སྐོར་བཞིན་ཤག་ཤག་ཏུ་འབབ་པའི་ཡན་ལག་བརྒྱད་ལྡན་གྱི་སྨན་ཆུ་འཕེལ་འགྲིབ་མེད་ཅིང་དབྱར་བསིལ་ལ་དགུན་དྲོ་བ་ཞིག་ཡོད་པ་དེ་ནི་དཔལ་འཁོར་ལོ་སྡོམ་པའི་གནས་ཁང་གི་ལྷ་སྐུའི་རང་བྱོན་ལས་བབས་པའི་བདུད་རྩིའི་རྒྱུན་ཡིན་པས་ནད་རིགས་ཀུན་ལ་ཕན་ཞིང་ཁྱད་པར་ཕོ་བའི་ནད་ལ་མཆོག་ཏུ་བསྔགས་པའི་འཐུང་བ་དང་ཁྲུས་སོགས་བྱེད། ཡང་གཡོན་གྱི་བྲག་རི་མཐོན་པོ་རྩེ་གསུམ་པ་དེ་ལ་རིགས་གསུམ་མགོན་པོའི་གནས་རི་ཟེར།དེའི་མདུན་ངོས་ཀྱི་བྲག་རྩར་གུང་རུ་མཁའ་འགྲོ་མའི་སྒྲུབ་ཕུག་དང་གཡས་ངོས་ཀྱི་གཤམ་དུ་དཔའ་རིས་སྒྲུབ་ཕུག་ཡོད། མཐོ་ལ་རིང་བའི་བྲག་བརྒྱུད་འདིའི་ངོས་རྣམས་སུ་མཆོད་རྟེན་བརྒྱ་དང་བརྒྱད་དང་། དཔལ་གསང་བ་འདུས་པ། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་གནས་སོགས་བྱིན་ཅན་མང་བོ་ཡོད། ད་དུང་ངོས་དེར་ལྷ་ཤུག་གི་དྲི་ངད་ལྡང་ཞིང་གནའ་ཁྱུ་ཡིས་བང་རྩལ་ངོམ།གླགས་རྒོད་ཀྱིས་གཤོག་ཟུང་ལྡེམ་ལ་བྱ་བྱེའུ་ཡིས་སྐད་སྙན་འབྱིན། རི་ཁྲོད་པའི་ཉམས་མགུར་གྱེར་ཞིང་སྐལ་ལྡན་གྱི་ཁྱུ་ཚོགས་འཁྲིགས། ཆུ་ཁ་དེ་ནས་ལྗོན་ཤིང་གཡུ་ལོའི་ནགས་ཚལ་དུ་ཡར་རྐང་ལམ་དེད་དེ་སོང་ཚེ་ལམ་འོག་ཏུ་སོ་དང་མིག་ལ་ཕན་པའི་ཆུ་མིག་གཉིས་ཡོད། དེ་ནས་གནས་ཁང་གི་ཕྱི་སྒོའི་བྲག་ངོས་དེར་སྟོང་སྐོར་མདོ་རྒྱུད་རྒྱ་མཚོ་དང་། ཀིརྟི་བསྟན་པ་རབ་རྒྱས། ཤར་སྐལ་ལྡན་རྒྱ་མཚོ་གང་རུང་གིས་ཕྱག་སེན་གྱིས་བྲིས་པའི་ཨོ་རྒྱན་རིན་པོ་ཆེའི་མཚན་སྔགས་ཡོད། སྒོ་མགྲམ་དུ་ཀླུ་སྡོང་སྐམ་པོ་ཞིག་ཡོད། འདི་ང་བརྒྱད་ཡར་སྔོན་ལ་ཧ་ཅང་ཆེ་བའི་ཀླུ་སྡོང་ཞིག་ཡིན་མོད། ང་བརྒྱད་སྐབས་ལྷ་ཀླུ་འདྲེ་གསུམ་ཕྱིར་ཕུད་བྱས་པས་འདི་ཡང་རྐྱེན་དབང་གིས་རྩ་བ་ནས་བཅད་དེ་བཅད་ཤུལ་ནས་ཁྲག་འཛག་པའི་གཏམ་རྒྱུད་ཀྱང་ཡོད། འདིའི་གཤམ་གྱི་བྲག་ངོས་སུ་རྡོ་རྗེ་རྒྱ་གྲམ་རང་བྱོན་ཡོད། འདིའི་འོག་གི་རྫ་ཆུ་དེ་ལ་ཆུ་དཀར་ཆུ་ཟེར།ཆུ་དེ་བཞུར་སའི་ལུང་བ་དེ་ལ་འཇང་ལའི་ཁོག་ཟེར་ཞིང་དེ་ནའང་གནས་བསྟན་བཅུ་དྲུག་དང་བླ་ནག་བཟང་སྐྱོབ་རྒྱལ་གྱི་གོ་རེ་ཟེར་བ་སོགས་རང་བྱོན་མང་བོ་ཡོད། གནས་ཁང་གི་མདུན་ཕྱོགས་ཀྱི་མར་ངོས་སུ་དེའུ་འབུར་འགོར་ཀླུང་རྟ་བཙུགས་པ་ཞིག་ཡོད་པ་དེ་ལ་བདུད་ཟེར། ཡང་དེའི་དྲང་ཐད་ཀྱི་ཅུང་མཐོ་སར་ཀླུང་རྟ་ཅན་ཞིག་ཡོད་པ་དེ་ལ་བཙན་རི་ཟེར།དེའི་གཤམ་དུ་གུང་རུ་མཁའ་འགྲོ་མའི་ནང་ཆེན་ཡང་ཡོད། དེ་ནས་བར་སྒོར་ཕེབས་ནས་ཆུའི་ཕ་རོལ་ལ་གཟིགས་ན་བྲག་ཐོ་ཞིག་མཆིས་པ་དེ་ནི་གནས་ཁང་གི་སྒོ་གཅོད་བྱེད་ཡིན་པར་གྲགས། སྒོ་ནང་ནས་ཡར་ཕྱག་གསུམ་འཚལ། སྒོའི་ལོགས་སུ་བྱང་ཆུབ་མཆོད་རྟེན། དེའི་ཡན་དུ་གཡས་ཀྱི་བྲག་ངོས་སུ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྤྲུལ་ངེད་བྲག་དཀར་དགོན་པའི་ཆོས་སྲིད་ཀྱི་བདག་པོ་ཉེ་རབས་ཀྱི་མཁས་པའི་དབང་བོ་ངེས་དོན་གྱི་བླ་མ་རིན་པོ་ཆེ་གུང་ཐང་དྲུག་པ་ཆེན་པོ་༧རྗེ་བསྟན་པའི་དབང་ཕྱུག་མཆོག་དགུང་གྲངས་སུམ་ཅུའི་སྟེང་གནས་མཇལ་དུ་ཕེབས་སྐབས་རྡོ་དེ་གནས་ཁང་འདིའི་སྒོ་གླེགས་ཡ་གཅིག་ཏུ་གཟིགས་ཤིང་། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན།། ཞེས་པའི་ཚིག་བཞི་དེ་གསུང་བཞིན་བྲག་ལ་ཕབ་པའི་ཕྱག་རྗེས་ཤིན་ཏུ་གསལ་བོ་ཞིག་ཡོད། དེའི་གོང་དུ་པན་ཆེན་རིན་པོ་ཆེ་དང་ཀུན་མཁྱེན་རིན་པོ་ཆེ་རྣམ་གཉིས་ཀྱི་བཞུགས་ཁྲི་ཡོད། ཡར་ཅུང་ཕེབས་ནས་རྡོ་གཞོང་ནང་ཐེངས་གསུམ་བརྡུང་དགོས།འདི་ང་ཚོ་གཞན་ཁྱིམ་དུ་འགྲོ་བའི་ཚེ་གཞན་གྱི་སྒོ་བརྡུང་བ་དང་འདྲ་བར་འདིའི་ནང་གི་ལྷ་ཀླུ་སོགས་ལ་སྙན་གསན་ཕུལ་བ་རེད། ཡང་བཤད་ཚུལ་ཞིག་ལ་འདིའི་ནང་དུ་གཅན་གཟན་གདུག་པ་ཅན་མང་བས་དེ་དག་ཕར་བསྐྲོད་སླད་ཡིན་ཟེར་བའང་ཡོད། འཇིག་རྟེན་རྙིང་བར་གཟིག་གཉིས་འདི་ལས་ཕྱིར་ཐོན་པ་མངོན་སུམ་དུ་མཐོང་བའི་མི་ཡོད།འདིའི་ཡན་དུ་ལེབ་ཐོག་ཅིག་ཡོད་པ་དེར་ཐོན་པ་དང་ནང་སྒོར་སླེབས་སོང་ཟེར། ཡར་ལམ་དཀྱིལ་དུ་ཚོགས་བདག་གླང་སྣ་དང་དེའི་གཡས་ཀྱི་བྲག་འབུར་དེ་རྒྱ་ཆེན་རང་བྱོན་ཡིན།དེ་ནས་ལྕགས་སྐུད་ལ་འཇུས་ཏེ་ཡར་སོང་ཚེ་གཤིན་རྗེ་ཕོ་དོང་ཁར་སླེབས། ཕོ་དོང་ཁའི་སྒོའི་ཀླད་དུ་མཁའ་འགྲོའི་བརྡ་ཡིག་འོག་ཏུ་ཐུའུ་བཀན་ཆོས་ཀྱི་ཉི་མས་ངོས་འཛིན་གནང་བའི་ཨོཾ་ཨཱ་ཧཱུཾ་སྟེ་འབྲུ་གསུམ་གྱི་རང་བྱོན། གཡོན་དུ་ཨོ་རྒྱན་པད་སྡོང་གི་རྩ་བ། འདིའི་རྩེ་མོ་གནས་འགོར་ཡོད་པར་བཤད། གཤམ་དུ་ཨོ་རྒྱན་ཚེ་ཆུ་ཡོད། ཀུན་གཟིགས་པན་ཆེན་རིན་པོ་ཆེ་འདིའི་བར་དུ་ཕེབས་ཡོད། ཕོ་དོང་དུ་མགོ་སྒུར་སྒུར་གྱིས་འཛུལ་ཟམ་དང་ལྕགས་སྐས་སོགས་རིམ་པར་བརྒྱུད་བདེ་མཆོག་ཉག་ཁར་སླེབས། དེའི་གནམ་གྱི་བྲག་དཀྱིལ་དུ་བདུད་རྩིའི་རྒྱུན་འབབ་པའི་མཁའ་འགྲོ་མའི་ནུ་མ་རང་བྱོན་དང་། བདུད་རྩིའི་རྒྱུན་འབབ་སའི་ཐང་དུ་ཐོད་པ་རང་བྱོན། ནུ་མའི་འཁྲིས་སུ་སྤྲིན་གྱི་བང་རིམ་འཁྲིགས་པའི་དབུས་སུ་རྭ་རྩེ་སྤྲིན་གསེབ་ཏུ་ཟུག་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབུ་གསལ་ལེར་མངོན། དེ་དང་ཉེ་བའི་དྲང་ཐད་ཀྱི་བྲག་འདབས་སུ་བདེ་མཆོག་དཀར་བོ། དེའི་འོག་ཏུ་སྒྲོལ་དཀར་རང་བྱོན་ཡོད། ཉག་ཁ་དེ་ནས་གཡས་སུ་བབས་ཚེ་གནས་འདིའི་རྟེན་གྱི་གཙོ་བོ་མ་རྒྱུད་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་ཡོད་ལ་འདི་རུ་གསོལ་བ་དྲག་ཏུ་འདེབས་ཤིང་སྐྱབས་འཇུག་ཞུ།ཞིབ་ཏུ་མཇལ་ཚེ་ན་བཟའི་སྟག་པགས་ཀྱི་སུག་སྣེ་ཡང་མཐོང་ཐུབ། མདུན་དུ་ཚོགས་གཏོར། ཚོགས་འཁོར་གྱི་རྒྱུ་མ་རང་བྱོན་སོགས་ཞིབ་མཇལ་བྱ་དགོས། ཡང་མར་བབས་ན་གཡས་ཀྱི་བྲག་ངོས་སུ་མཁའ་འགྲོ་མ་བྱེ་བ་འབུམ། ག་ལེར་མར་ཕྱིན་ན་ཚོགས་ཀྱི་རུས་པ་རྡུང་སའི་རྡོ་ཀོང་། སྔོ་ལྟེམ་མེར་འཁྱིལ་བའི་བདེ་མཆོག་ཡབ་ཡུམ་གྱི་བླ་མཚོ་གཉིས་ཡོད། གཡོན་གྱི་མཚོའི་ནང་དུ་ཀུན་མཁྱེན་ལྔ་བ་བསྟན་པའི་རྒྱལ་མཚན་གྱིས་དུང་གཏེར་ཕུལ་ཡོད་སྐལ་ལྡན་ལས་འཕྲོ་ཅན་གྱིས་མཇལ་ཡོང་ཟེར།དེ་ནས་ཕྱིར་བདེ་མཆོག་ཉག་ཁར་སླེབས།གཡོན་དུ་མར་བབས་ནས་གཡོན་གྱི་བྲག་དམའ་ས་དེར་བསྐལ་བཟང་གི་སངས་རྒྱས་སྟོང་དང་དེའི་གོང་དུ་གནས་བསྟན་བཅུ་དྲུག་རང་བྱོན་ཡོད། དེ་ནས་བྲག་འགག་ཅིག་བརྒྱུད་ཕར་སོང་ན་དོང་ཁ་ཞིག་ཏུ་སླེབས།དོང་ཁའི་སྟེང་ཕྱོགས་ཀྱི་བྲག་ངོས་སུ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། དེའི་གོང་དུ་རྨ་བྱའི་མདོངས་ཀྱི་གདུགས་དང་བཅས་པའི་མ་ཅིག་དཔལ་ལྡན་ལྷ་མོ། དེའི་མདུན་གྱི་ཚུར་རོོལ་ཏུ་ལྷ་མོའི་བྱང་རི་དམར་བོ་དབུར་ཚེ་གཏོར་དང་བཅས་པ་ཡོད། དོག་ཅིང་གཟར་བའི་དོང་ནང་དུ་གཡས་སུ་ལྷ་མོའི་བླ་མཚོ། གཡོན་དུ་མཚོའི་ངོགས་སུ་འདོད་འཇོ་བའི་ཆུར་བ་ཡོད། དོང་ཀླད་དུ་ཕྱིར་ཐོན་རྗེས་བྱང་རི་ལ་སྐོར་དེ་སོང་ན་གཡོན་གྱི་བྲག་ཤུར་ཞིག་ཏུ་མཛོ་མོའི་མཁར་ཞེས་པའི་སྐད་གྲགས་ཅན་དེ་ཡོད། འདིའི་ནང་དུ་མཛོ་མོ་ཞིག་འཛུལ་ནས་བྲག་དཀར་སྤྲེལ་རྫོང་ནས་བུད་པ་དང་གནས་སྒོ་གཞན་ནས་བུད་པ་སོགས་ངག་རྒྱུན་མང་བོ་ཡོད། ཡང་མཁར་འདི་ནས་གཅན་གཟན་གདུག་པ་ཅན་ཚུར་ཡོང་མི་ཆོག་པ་དང་རང་ཅག་ཕར་འགྲོ་མི་ཆོག་པའི་བཀའ་བསྒོས་དམ་བཞག་མཛད་གནང་བར་གྲགས། དེ་ནས་མར་བབས་ན་མཁའ་འགྲོའི་བྲོ་ར་འདི་ནས་གླུ་བྲོ་ཡིས་མཆོད་པ་ཕུལ་ན་ཆོད་ཆེ་ཟེར། བཤད་ཚུལ་ལ་ནམ་རྒྱུན་བྲོ་འཆམ་སའི་ཐང་དེར་མིའི་རྐང་རྗེས་དང་ཅུང་མི་འདྲ་བའི་རྐང་རྗེས་མང་བོ་བབས་ཟེར་བ་སོགས་སྣ་མང་བཤད། བྲོ་ར་ནས་ཡར་དཀྱོགས་ན་གླང་ཆེན་སྣ་ཞགས་ཡོད་ལ་དེར་ན་ས་གཟེར་ས་སོགས་རེག་ན་ཕན་པ་ཡོད་ཟེར། དེ་ནས་ཅུང་ཡར་ཡོང་ན་རྡོའི་ཐོད་པ་ཁ་མིག་རང་བྱོན། དུས་རྒྱུན་བདུད་རྩིས་བརླན་པའི་ས་ལ་འབྱར་བའི་དབང་བོ་སྣ་ལྔ། དེ་ནས་ཕྱིར་ལམ་བརྒྱུད་གཡོན་གྱི་ངོས་དེར་ཁྱད་འཕགས་ཀྱི་ཕུར་བུ་རང་བྱོན། དེའི་གོང་ངོས་ན་ཁྲ་ལེམ་མེར་མུ་ཏིག་གི་དྲ་བ་དྲ་ཕྱེད་དང་མེ་ཏོག་གི་དྲ་བ་དྲ་ཕྱེད་ཡོད། དེ་ནས་བདེ་མཆོག་ཉག་ཁར་བརྒྱུད་གཤིན་རྗེའི་འཕྲང་མདོར་སླེབས། དེ་ནས་གདུང་ཤུགས་དྲག་པོས་མ་ནི་འདོན་བཞིན་གཤིན་རྗེའི་འཕྲང་ལམ་དེད་དེ་དོག་ཅིང་གཟར་བའི་གཤིན་རྗེའི་མོ་དོང་ནས་འཛུལ་དགོས།མི་སྡིག་སྒྲིབ་ཆེ་བ་རྣམས་དོང་འདི་ལས་ཐར་དཀའ་བར་གྲགས། དོང་ཁར་བུད་མ་ཐག་བྲག་ངོར་ཡར་མཇལ་ཚེ་དོང་དེ་ནས་འདྲེན་མཁན་འཕགས་མཆོག་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་དེའི་གཤམ་དུ་ཚེ་ཆུ་ཡང་འཐུང་རྒྱུ་ཡོད། ཡང་གཡོན་དུ་བྲག་ལུང་ཞིག་ཡོད་པ་དེ་ལ་སེང་གེ་རྐང་ལག་བརྒྱད་པ་ཟེར།དེ་ནས་མར་འབབ་དགོས་ལ་མར་སྣེ་ན་གདོད་ནས་གྲུབ་པའི་དུར་ཁྲོད་དམ་མཁའ་འགྲོ་མའི་དུར་ཁྲོད་ཡོད་དེར་རོ་འདོགས་སའི་ཕུར་བུ་གཉིས་ཡོད། ཕོ་རྣམས་གོང་གི་ཕུར་བུར་འཇུས་ནས་སེང་གེའི་ཉལ་སྟབས་ཀྱིས་སྨོན་ལམ་འདེབས།མོ་རྣམས་ཞོལ་གྱི་ཕུར་བུར་འཇུས་ནས་སེང་གེའི་ཉལ་སྟབས་ཀྱིས་སྨོན་ལམ་འདེབས། བཏབ་ཚར་ནས་ཡར་ཅུང་ཡོང་ན་ཡུམ་རྡོ་རྗེ་ཕག་མོ་རང་བྱོན། ཏཏཏདེ་ནས་ཡར་མཐོ་རིས་སྐས་ལམ་བརྒྱུད་ནས་སྐས་འགོའི་ཐང་གི་རྡོའི་སྟེང་དུ་གླང་ཆེན་གྱི་པགས་པ། གནས་འདི་སྔར་དང་བོར་འགྲོ་སའི་གཤིན་རྗེ་ཕོ་དོང་ཁ་ཡིན། དེ་ནས་ཕྱིར་ལམ་བརྒྱུད་ཅུང་ཡོང་ན་སྲིན་པོའི་གློ་སྙིང་། སྒོ་ཁའི་གནམ་གྱི་བྲག་བར་ཏུ་དཔལ་དུར་ཁྲོད་ཀྱི་བདག་པོ། དེ་ནས་བཞུགས་ཁྲི་ལ་བསྐོར་དེ་སྒོ་ཁར་འབྱོར།དེ་སྐབས་སུ་ཉིད་ཀྱིས་ཐུགས་བསམ་གཏོང་རྒྱུ་ནི་ཕྱིར་མགྱོགས་པོར་འགྲོ་རྒྱུ་མ་ཡིན་པར་དད་པ་དག་སྣང་གཙང་མས་གོང་དེ་མ་ཐག་མཇལ་བའི་རང་བྱོན་གྱི་རྟེན་བྱིན་ཅན་རྣམས་ཡིད་ལ་ཡང་ཡང་དྲན་པར་བྱས་ཏེ་འདིར་མཇལ་བའི་མཐོང་ཐོས་རེག་གསུམ་དང་ཡིད་ལ་བསམ་པའི་དགེ་བ་ཐམས་ཅད་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་དོན་དུ་བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་པའི་ཀུན་སློང་དང་བཅས་ཉིད་གྱི་གནས་མཇལ་གྲུབ་པ་ཡིན། དགེའོ།། འདིར་གསལ་བྱེད་ཅིག་ལ། ཡུལ་འདི་དང་གནས་འདིའི་ཕྱི་ནང་ཀི་བཀོད་པ་རྒྱས་པར་མཁྱེན་འདོད་པ་རྣམས་ཀྱིས་༼མདོ་སྨད་རྒན་གྱའི་ལོ་རྒྱུས་༽དང་༼བྲག་དཀར་གདན་རབས་གསལ་བའི་མེ་ལོང་༽སོགས་ལས་ཤེས་པར་བྱའོ།།

                                                                

              རྩོམ་སྒྲིག་པ།  ཀླུ་ཚང་ འཇམ་དབྱངས་ཤེས་རབ། 


 

       གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།