བླ་བྲང་བཀྲ་ཤིས་འཁྱིལ་རང་གི་ཉེ་འཁོར་གྱི་རི་ཁྲོད་ལྔའི་ལོ་རྒྱུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-07-19 23:07:52     རྩོམ་པ་པོ།   འབོ་རའི་ཡོན་ཏན།    ཀློག་ཐེངས།  

 693789234314856903.jpg

        ༄༅།།བྱང་གི་བྱང་གཉིས་པར་བགྲངས་པའི་ནང་གི་གཙོ་བོ་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་ཀྱི་སྡེ་ཆེན་པོ་རང་ལ་གྲྭ་ཚང་དྲུག་ཡོད་ནའང་། རྒྱུད་སྡེ་གོང་འོག་གི་བཤད་སྒྲུབ་ཆ་ཚང་འཛུགས་དཀའ་བར་དགོངས་ནས་མཆོད་རྟེན་ལ་བང་རིམ་གྱི་ཚུལ་དུ་བུ་དགོན་མང་དུ་གྱེས་པར་ཀུན་མཁྱེན་གཉིས་པ་འཇིགས་མེད་དབང་བོའི་རྣམ་ཐར་དུ་གསུངས། དེ་ཡང་མ་དགོན་རང་དུ་བདེ་གསང་འཇིགས་གསུམ། དུས་འཁོར། ཀུན་རིག རྣམ་སྣང་མངོན་བྱང་།  མི་འཁྲུགས་པ་ལྷ་དགུ སྨན་བླ། ཉེ་འཁོར་གྱི་རི་ཁྲོད་གོང་ངམ་བཀྲིས་དགེ་འཕེལ་གླིང་དུ་ཞལ་གྲངས་བཅུ་དྲུག་ལ་གནས་བརྟན་བཅུ་དྲུག་གི་མཚན་གསོལ་ནས་དྲིལ་བུ་ལྷ་ལྔ་ལུས་དཀྱིལ།  དེ་མིན་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་རྒྱུན། ཐར་བ་རྩེའི་རི་ཁྲོད་དུ་ཞལ་གྲངས་བརྒྱ་ལ་ཆག་མེད་དུ་དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྨྱུང་གནས། ཡིད་དགའ་ཆོས་འཛིན་དུ་མི་འཁྲུགས་པ་ལྷ་བཅུ་གསུམ། བླ་བྲང་རྙིང་མའི་ཇོ་དགོན་དུ་ཀློང་ཆེན་སྙིང་ཐིག་དང་རླུང་འཕྲུལ།   གཞན་གླ་རི་མགོར་ཀྱཻ རྐང་ཚའི་དགོན་དུ་དམ་ཚིག་གསུམ་བཀོད། ཨ་མཆོག་ལམ་རིམ་གྲྭ་ཚང་དུ་ཐུགས་རྗེ་ཆེན་པོ། དམེ་ཤུལ་རི་ཁྲོད་དུ་ཁྲོས་ནག གྱི་ལིང་སྒར་དུ་གདུགས་དཀར། ཀར་གླིང་ཞི་ཁྲོའི་ཆོས་ཐོག་བཙུགས།  མཆོད་རྟེན་ཤར་དུ་མཁའ་སྤྱོད་མ། དེ་བཞིན་མཚན་ཉིད་གྲྭ་ཚང་མ་ཡིན་པའི་གཞན་དག་བུ་དགོན་དག་ལ་མི་འདྲ་བའི་སྲོལ་དང་ཕྱག་ལེན་ཡོད་པ་འདྲ། འོན་ཏེ་རེ་རེ་ཞིབ་ཏུ་བྲིས་པའི་དགོས་དབང་མང་དུ་ཡོད་ནའང་དཔྱད་གཞི་ཡིག་ཆ་དང་ལེ་ལོ་སོགས་ཀྱིས་དབང་གིས་འབྲི་བའི་སྤོབས་པ་མ་མཆིས།   དེས་ན་འདིར་གཙོ་བོ་ཁ་བྱང་ནང་གསལ་བ་བཞིན་ཉེ་འཁོར་གྱི་རི་ཁྲོད་དག་གི་ལོ་རྒྱུས་འབྲི་བར་བྱ།  ཡིན་ནའང་ཆོས་འབྱུང་རང་ནས་ཐིག་ཕྲེང་གཉིས་གསུམ་ལས་མེད་པའི་དཔྱད་གཞི་ཡིག་ཆ་དེ་གཞིར་བྱས། དེའི་ཐོག་གདན་རབས་དང་རྣམ་ཐར་ལོ་རྒྱུས་སོགས་སུ་ག་ལེར་མཇལ་ནས་འོང་བའི་ཐོ་བཀོད་པ་དག་གིས་ཟུར་རྒྱན་པ་ཙམ་ལས་འདོད་བློར་ཁེངས་པ་ཞིག་ཡོང་མི་སྲིད་པས་འབྲེལ་ཡོད་གྱི་མི་སྣ་དང་མཁས་དབང་རྣམ་པས་རྗེས་གཟིགས་མཛོད།
 

དང་པོ། བཀྲ་ཤིས་ཆོས་གླིང་ངམ་རྒྱོའུ་རྒྱའི་རི་ཁྲོད།

217582010735028386.jpg

         ཐོག་མར་གནས་ཀྱི་དགེ་མཚན་དང་གང་དེར་བྱིན་གྱིས་བརླབས་པ་བོ།  རིམ་པས་རི་ཁྲོད་འདེབས་པ་དང་།   ཚེ་གཅིག་བློས་གཏོང་གི་བྱ་བྲལ་བ་སུ་བཞུགས་བཅས་འབྲི་བར་བྱའོ།  །

         དང་པོ།    དེ་ཡང་གནས་ཀྱི་བཀོད་པ་འདིའི་ཁོ་ར་ཁོར་ཡུག་སྤྱི་ནི་བཀའ་གདམས་གླེགས་བམ་དང་མ་ཅིག་ལབ་ཀྱིས་སྒྲོན་མ་སོགས་ཀྱིས་དཔལ་ལྡན་བཀྲ་ཤིས་འཁྱིལ་བ་ཅི་ལྟར་ལུང་བསྟན་པ་བཞིན་ཕལ་ཆེར་མ་ཚང་བ་མེད་ལ།  བྱེ་བྲག་ས་དཀར་ཡར་ཁའི་གླེ་དྲུག་གམ་གཞི་མོ་གླེ་དྲུག་ནི་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་རང་དང་ཐུགས་སྲས་ངག་དབང་བཀྲ་ཤིས་དཔལ་བཟང་བོ་སོགས་དངོས་ཀྱི་བུ་སློབ་དག་གིས་དཔལ་ལྡན་བཀྲིས་འཁྱིལ་བ་ཕྱག་འདེབས་གནང་སའི་ཡུལ་དུ་ངོས་བཟུང་། དེ་ཡང་དགོན་ས་འཚོལ་ཕྱིར་དུ་འབོ་རའི་རྒྱ་སྒར་ཐང་བརྒྱུད་ནས་བསང་གཞུང་དང་།  དེ་ནས་ཐུར་གད་པ་ལུག་མང་དང་གཞི་མོ་གླེ་དྲུག   བཀྲ་ཤིས་འཁྱིལ་གསུམ་པོར་གནས་གཟིགས་མཛད་པས་གསུམ་པོ་གང་ལའང་ཕྱག་འདེབས་མཛད་ནའང་ཁྱད་མེད་དུ་དགོངས།     ཡིན་ནའང་དེ་གསུམ་གྱི་ནང་གི་གང་འགྲིག་མིན་མར་མེའི་བརྟགས་པ་མཛད་པའི་མཐར་བཀྲ་ཤིས་འཁྱིལ་ནི་ཀུན་མཁྱེན་རང་དང་དངོས་ཀྱི་བུ་སློབ་གཙོ་བོ་བསེ་ཚང་གཉིས་མ་གྲོས་གཅིག་མཐུན་དུ་སོང་བའི་ཚུལ་སོགས་ནི།  གདན་རབས་ལས།  རིམ་གྱིས་གནས་གཟིགས་མཛད་པས་གད་པ་ལུག་མང་དང་གཞི་མོ་གླེ་དྲུག་གཉིས་གནས་བཟང་འདུག ཞེས་དང་།    ཡང་དེ་ཉིད་དུ།   དེ་ནས་བཀྲ་ཤིས་འཁྱིལ་ལ་ཕེབས་ནས།  གད་པ་ལུག་མང་།  གཞི་མོ་གླེ་དྲུག་བཀྲ་ཤིས་འཁྱིལ་གསུམ་ལ་མར་མེ་བརྟག་པ་མཛད་པས་བཀྲ་ཤིས་འཁྱིལ་གྱི་མར་མེ་ཤིན་ཏུ་ལེགས་པ་བྱུང་།  ཞེས་པའི་ཚིག་ན་གསལ་བ་བཞིན་གཞི་མོ་གླེ་དྲུག་ནི་དགོན་ས་འཚོལ་བར་ཕྱིན་པའི་མཐར་དོན་རྙེད་པའི་གྲས་སུ་བབས་པར་མ་ཟད། ཁོང་གིས་དང་པོ་ནས་གཞི་མོ་གླེ་དྲུག་འདིར་མདོ་སྔགས་ཀྱི་བསྟན་པ་འཛིན་ཅིང་སྤེལ་བའི་སྡེ་རྨད་དུ་བྱུང་བ་ཞིག་འོང་བར་ཐུགས་དགོངས་ཡོད་པ། ཆོས་འབྱུང་དུ།   གཞི་མོ་གླེ་དྲུག་འདི་ས་གནས་བཟང་བས་དགོན་པ་དེར་སྤོས་ན་འདུ་ཁང་ང་རང་གིས་འཕིབ་ཆོག   །ཞེས་གཙང་སྒར་དོན་འགྲུབ་རབ་བརྟན་དང་ཨུརྒེའུ་ལྦང་བཅས་ཀྱི་བླ་མ་ལས་སྣེ་དང་མགོ་བ་དག་ལ་དེ་ལྟར་གསུངས། འདི་ལྟ་བུའི་གནས་བཟང་བོར་སྔ་གཞུག་གང་ཡིན་ནའང་སྒྲུབ་རྒྱུད་འཛིན་པའི་སྡེ་ཞིག་བྱུང་བར་སྨྲས་མ་དགོས།  དགོན་འདི་གཉིས་ཀུན་མཁྱེན་ཡབ་སྲས་ཀྱིས་ཆེད་དམིགས་ཀྱིས་བདག་གིར་འཛིན་གྱི་ཡོད། གཙང་སྒར་དོན་འགྲུབ་རབ་བརྟན་ཕྱག་འདེབས་གནང་བ་བོ་གཙང་སྤྲུལ་སྐུ་བསྟན་པ་རྒྱ་མཚོ་མཆོག་ནི་བསེ་སྐུ་ཕྲེང་གཉིས་པ་ཡིན་པའི་བཤད་རྒྱན་ཡང་ཡོད།    འདི་ནི་ཞར་བྱུང་ཙམ།  
             གང་དེར་བྱིན་གྱིས་བརླབས་པ་བོ།
          ཡིན་ནའང་དང་པོ་གནས་འདིར་ལུང་རྟོགས་ཀྱི་བསྟན་པ་ཚུལ་བཞིན་འཛིན་པ་ལ་སླར་སྟོན་པ་ཐུབ་པའི་དབང་བོ་རང་ཉིན་བྱོན་པ་གཅིག་ཏུ་མཚུངས་པའི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོ་ཁོང་གི་རིང་ལུགས་ཕྱོགས་མཐར་སྤེལ་བ་ལ་གཞན་དྲིང་མི་འཇོག་པའི་མཁས་གྲུབ་ཀླུ་དབང་བྱེ་བའི་གཙུག་རྒྱུན་དམ་པ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་གི་སྲས་གཅིག་བུ། རིང་ནས་བདག་པས་གཞན་གཅེས་པའི་སྙིང་རྗེ་ཆེན་པོས་རིས་མེད་ཀྱི་འགྲོ་བ་མཐའ་དག་ཡོངས་སུ་འདྲེན་པའི་ཐར་བའི་མིག་འབྱེད་མཁན། བཀའ་དྲིན་མཚུངས་མེད་སྲས་ངག་དབང་བཀྲ་ཤིས་སམ་བསེ་ཁྲིད་རྒན་ཚང་ཞེས་སྙན་པའི་གྲགས་པ་སྲིད་ན་བརྒལ་བའི་དམ་པ་ཁོང་གིས་སྐུ་ཚེ་དངོས་ཀྱི་མཛད་པ་ཐ་མ་བསྡུས་པ་དེའི་ཚེ།   དངོས་ཀྱི་བུ་སློབ་བཀའ་རམ་འབྱམས་དགེ་བའི་བཤེས་གཉེན་དང་རྒྱུད་པ་དཔོན་སློབ་སྡེ་ཁྲིད་རིན་པོ་ཆེ།   དེ་མིན་གྲྭ་ཚང་རིན་པོ་ཆེས་བཅས་ཀྱིས་སྐུ་གདུང་རིན་པོ་ཆེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཤིང་རྟར་བཞུགས་སུ་གསོལ་ནས།     དགེ་འདུན་པ་གང་མང་གིས་མཆོད་རྫས་དཔག་དུ་མེད་པ་ཐོགས་ནས་སེར་སྦྲེང་དང་བྱས་དགོན་པའི་གཡས་ཕྱོགས་ས་དཀར་ཡར་ཁའི་གླེ་དྲུག་ངོས་སུ་གདན་དྲངས།    སྡེ་ཁྲིད་རིན་པོ་ཆེ་གཙོས་པའི་དགེ་འདུན་བྱིངས་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཞུགས་འབུལ་བྱས།     དེ་ནས་བདུན་ཕྲག་གཅིག་གི་རྗེས་ནས་གདུང་ཁང་ཞལ་ཕྱེ་བས་ཤིན་ཏུ་དཀར་ལ་གཙང་བའི་རིང་སྲེལ་དང་ཞུན་ཐིག་མང་དུ་བྱོན་པ་དག་ཕྱིར་བཀུར་བསྟི་མཆོད་པ་རྒྱ་ཆེར་བྱས་ནས་གདན་དྲངས།  དེ་ནས་བདུན་ཕྲག་ལྷག་མ་དག་གི་ནང་དུའང་བདེ་གསང་འཇིགས་གསུམ་དང་དགེ་འདུན་ལ་མང་འགྱེད་གང་ལེགས་བྱས་པའི་མཐར་གདུང་རུས་སྒ་ཆུང་བཀང་དང་།  འཇམ་དབྱངས་ཀྱི་སྐུ་པར་ཁྲི་ཕྲག་དུ་མ་བཅས་དངུལ་སྲང་བདུན་བརྒྱ་དང་བཅུ་གཉིས་ལས་བསྐྲུན་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་ནང་བཞུགས་ནས་སྐུ་ཕྱོགས་འཇམ་དབྱངས་བཞད་པའི་སྐུ་གདུང་གི་གཡས་ཕྱོགས་སུ་བཞུགས་སུ་གསོལ་བའོ།  །འདི་ལྟར་མ་ཟད་ཞུགས་འབུལ་གནང་ཡུལ་གྱི་ཤུལ་དེ་རུ་འཇམ་དབྱངས་ཀྱི་སྐུ་བརྙན་མང་བོ་གཟུངས་གཞུག་ཅན་གྱི་མཆོད་རྟེན་བཞེངས།     དེའི་རྗེས་སུ་དཔོན་བསྟན་འཛིན་དབང་ཕྱུག་གི་སྲས་དགའ་ལྡན་བསམ་འགྲུབ་ཀྱི་གདུང་དེ་ནས་ཞུགས་འབུལ་བྱས།   (འདི་ནི་བསེ་ཁྲིད་རྒན་ཚང་གིས་ཀུན་མཁྱེན་རིན་པོ་ཆེའི་སྤྲུལ་སྐུའི་དོན་དུ་བརྟག་པ་ཞིག་མཛད་པའི་མཚན་ལམ་དུ་བྱུང་བ་དང་།   འཁྲུངས་དུས་འབྲས་ཀྱི་ཆར་བ་འབབ་པ་སོགས་བཤད་རྒྱུན་ཅི་རིགས་ཀྱིས་བཞད་པའི་རྡོ་རྗེ་མཆོག་གི་སྤྲུལ་སྐུ་ཡིན་པའི་ཕྱོགས་སུ་ལྷུང་བ་དེ་རེད།  དེ་མིན་འདི་ལ་ཐུན་མིན་གྱི་རྣམ་ཐར་རམ་ལོ་རྒྱུས་ཅུང་ཡོད་པ་འདྲ་བས་གཞན་ནས་ཤེས་དགོས) མ་ཅིག་ལམ་ཀྱིས་སྒྲོན་མས་ལུང་བསྟན་པ་བཞིན་ཁོང་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེར་སྤྲུལ་སྐུ་གསུམ་བྱུང་བའི་འཇིགས་མེད་དབང་བོ་ཐུགས་ཀྱི་སྤྲུལ་བ་ཡིན་པར་གསུངས།  འོན་ཏེ་སྤྲུལ་བའི་སྐུ་དེ་གསུམ་ངོས་འཛིན་སྟབས་མི་འདྲ་བ་འདུག་པས་དཔྱད།

                 རིམ་པས་རི་ཁྲོད་འདེབས་པ།

        རེ་འགས་སྲས་དགའ་ལྡན་བསམ་འགྲུབ་ཀྱི་དགོངས་རྫོགས་སུ་རི་ཁྲོད་བཀྲ་ཤིས་ཆོས་གླིང་ཞེས་པའི་ཕྱོགས་ཀྱི་རི་ཁྲོད་ཐོག་མ་འདི་བཏབ་པར་བཤད་མོད་།  འོན་ཏེ་ཕྱོགས་ཀྱི་རི་ཁྲོད་ཐོག་མ་འདི་སྡེ་ཁྲིད་རིན་པོ་ཆེ་མཆོག་གིས་སྤོང་བའམ་རི་ཁྲོད་པ་རེ་གཉིས་བཞུགས་སའི་རི་ཁྲོད་ཅིག་ཡོང་ན་བཟང་བར་དགོངས་ནས་དཔོན་བཀྲ་ཤིས་འབྱུང་ནས་ལས་ས་བསླངས་ཏེ་རྒྱོའུ་རྒྱར་གཟིམས་ཁང་བརྒྱབ་པར་ཆོས་འབྱུང་དུ་གསལ།  དེ་ཡང་དང་པོ་ཨ་ཁུ་སྦྱིན་པའམ་ཡོངས་གྲགས་སུ་སྦྱིན་པ་རག་ཆོབ་ཟེར་བ་ཁོང་བཞུགས།  ཡིན་ནའང་ལོ་རེ་འགའ་ལས་མ་བསྡད་པར་ཆོས་གྲྭར་ཞུགས། མ་ཟད་ཁོ་དམ་བཅར་བཞུགས་པའི་སྐབས་གང་ཞིག་ལ་དམེ་གྱའི་སངས་རྒྱས་ཀྱིས།    ལར་དེང་དུས་ཨ་ཁུ་སྦྱིན་རྒན་དེ། །གཞུང་ཐོས་པ་བྱེད་ཚེ་རི་ཁྲོད་འགྲིམ།  །ཕྱིས་རི་ཁྲོད་བསྐྱུར་ནས་དམ་བཅར་ལངས། །བདག་དམེ་གྱའི་སངས་རྒྱས་སྐྱོ་བ་སྐྱེས།  །ཞེས་ཀུ་རེ་བྱས་པའི་གཏམ་ཞིག་ཀྱང་མཆིས།    དེ་མིན་རི་ཁྲོད་པ་ཁོང་གིས་མགུར་སྐལ་ལྡན་ཡིད་བསྐུལ་ཟེར་བ་ཞིག་རྩོམ་གནང་མཛད་ཡོད་པ་འདྲ།  དེ་དང་ཉེ་བར་གྲུབ་པ་དུང་སྣ་ཅན་དུ་གྲགས་པ་ལྟ་བ་ས་སྐྱ་དང་མཚུངས་ཤིང་།  སྤྱོད་པ་རང་ཕྱོགས་དང་མཐུན་པའི་གང་དེས་སྒྲུབ་ཁང་བཙུགས།      (འདི་ནི་ཀུན་མཁྱེན་ལྔ་བ་ཆེན་མོའི་རྣམ་ཐར་ལས་གསལ་བ་ལྟར་ན་སྐུ་དམར་གདུང་དུ་བཞུགས་འདུག  དེ་མིན་ཁོང་གི་རྣམ་ཐར་རྒྱས་བསྡུས་གང་ཡང་མ་ཐོན། ) སྡེ་བ་བློ་བཟང་དོན་འགྲུབ་སོགས་ཡབ་སྲས་གདན་དྲངས་ཏེ་དབང་བཀའ་ཆོས་ཅི་རིགས་གསུང་དུ་བཅུག  ཀུན་མཁྱེན་ལྔ་བ་བསྟན་པའི་རྒྱལ་མཚན་མཆོག་འདིར་ཕེབས་ནས་ཉིན་གཉིས་ལ་བསྙེན་བཀུར་མང་འགྱེད་དང་མགོ་ཆོས་ཞིང་སྐྱོང་སོགས་སྒྲུབ་ཏུ་བཅུག་པ་ནི་རྣམ་ཐར་ལས།  ཉེར་དགུར་རྒྱོའུ་རྒྱུའི་རི་ཁྲོད་དུ་ཕེབས་ཏེ།   རི་ཁྲོད་པ་རྣམས་ལ་བསྙེན་བཀུར་ཉིན་འཁྱོངས་གཉིས་དང་འགྱེད་རྡྰ་ཡན་རེ་ཕུལ་ཏེ་མགོན་ཆོས་དང་ཞིང་སྐྱོངས་ལ་སྒེར་གསོལ་བཅས་བསྒྲུབ།   གྲུབ་དབང་དུང་སྣ་བར་གྲགས་པའི་དམར་གདུང་ལ་གོས་ཆེན་གྱི་འབོལ་སྟན།  གདིང་བ་ཆོས་གོས་བཅས་ཕུལ།  ཞེས་པ་ལས་གཞན་ཕེབས་བཞུགས་མང་ནའང་ལག་སོན་མ་བྱོན།  

བཀྲ་ཤིས་དགེ་འཕེལ།

392063895444439311.jpg


         བཀྲ་ཤིས་དགེ་འཕེལ་རི་ཁྲོད་ཀྱི་མིང་གཞན་ལ་རི་ཁྲོད་གོང་ཟེར། སྔར་གནས་འདིར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོས་སྒྲུབ་པ་ཉམས་ལེན་མཛད་པ་ཡིན་པས་དེར་སྒྲུབ་ཕུག་ཅིག་ཡོད་ལ། ཕྱིས་སུ་ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་དགུང་ལོ་སོ་བཞི་བ་ལྕགས་སྦྲུལ་གྱི་ལོར་སྐུ་གོང་མའི་རྣམ་ཐར་བཞིན་ཐུགས་དམ་མཛད་ཡུལ་གྱི་རི་ཁྲོད་ཅིག་ཐོག་མར་ངེས་ཅན་དུ་ཕྱག་འདེབས་དགོས་པར་དགོངས་ནས།  དགོན་པའི་གཡས་ཕྱོགས་ཀྱི་ལུང་བའི་ཕུར་ད་ལྟའི་རི་ཁྲོད་གོང་དུ་འབོད་པ་བྱོན་ནས་ས་བརྟག་བསླངས་ནས་གཟིམ་ཆུང་གསར་བཞེངས་ཀྱི་བཀོད་ཁྱབ་མཛད་པ་སོགས་ནི།   ཁོང་གི་རྣམ་ཐར་ལས།   ཐུགས་དམ་མཛད་ཡུལ་ལ་རི་ཁྲོད་ཅིག་འདེབས་བཞེད་ནས་དགོན་པའི་གཡས་ཕྱགས་ཀྱི་ལུང་བའི་ཕུར་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག་ཅིག་ཡོད་པ་དེར་ས་བརྟག་བསླངས་པ་སོགས་མཛད་ཅིང་གཟིམས་ཆུང་གསར་རྒྱག་གི་བཀོད་ཁྱབ་སྩལ།  ཞེས་གཟིམ་ཁང་དང་འདུ་ཁང་།  སྤྱིལ་ཆུང་སོགས་ཇི་ལྟར་བཀོད་ཁྱབ་གནང་ནས་ཕྱི་ལོའི་ཟླ་ལྔ་བའི་ཚེས་གང་ཞིག་ལ་སྔར་གཟིགས་པའི་རི་ཁྲོད་བྱོན་ནས།  མང་ཐོས་འདུལ་འཛིན་ཆེན་པོ་རིན་ཆེན་ཆོས་བཟང་གནས་བརྟན་དུ་བསྐོས།   རི་ཁྲོད་པའི་ཞལ་གྲངས་འཕགས་པའི་གནས་བརྟན་བཅུ་དྲུག་གི་གྲངས་ལྟར་མཛད་ཅིང་རྟེན་འབྲེལ་ལ་དགོངས་ནས་མི་རེ་རེར་གནས་བརྟན་པའི་མཚན་གསོལ།    མི་ཚད་རི་ཁྲོད་ཀྱི་མིང་ལ་བཀྲ་ཤིས་དགེ་འཕེལ་དུ་བཏགས་པ་སོགས་ཁོང་གི་རྣམ་ཐར་དུ་གསལ་བོ་ཡོད།
        རི་ཁྲོད་པ་དེ་གའི་ཁྲོད་ཀྱི་གནས་བརྟན་པ་མང་ཐོས་འདུལ་འཛིན་པ་ཆེན་པོ་རིན་ཆེན་ཆོས་བཟང་མཆོག་ནི་ད་ལྟ་བ་རིན་ཆེན་ཆོས་བཟང་ཡིན་ན་ཁོང་གི་རྣམ་ཐར་བསྡུས་ཙམ་ཉི་མ་བླ་བྲང་གི་ཐོག་མའི་གྲྭ་རྒྱུན་ཟེར་བ་དེའི་ནང་དུ་འཁོད་ཡོད་པས་དེར་གཟིགས། ན་ལུང་སྨོན་ལམ་རྒྱ་མཚོས་སྐྱབས་མགོན་མཆོག་གི་སྐུ་ཚེའི་སྟོད་ཀྱི་གསུང་རྩོམ་གང་ཡོད་པོད་གསུམ་བདག་ཉིད་དུ་བྱས་ནས་ཕྱག་བྲིས་མཛད།  གཤེགས་ཁར་དཔེ་མཛོད་གསར་ཚུགས་ལ་རིགས་ཚོགས་དྲུག་བཞག   ཆོས་གོས་སྣམ་སྦྱར་གྱོན་ཏེ་ཐུགས་དམ་གྱིས་གཤེགས།   ཞལ་ཆེམས་ལྟར་ད་ལྟ་བ་རིན་ཆེན་ཆོས་བཟང་གདན་དྲངས།  ཁོང་ཕེབས་ནས་ཧིཀ་བཏབ་ནས་ཐུགས་དམ་ལས་གྲོལ།  དེ་མིན་ཚ་ཁོ་སྨྱུང་གནས་པ་སོགས་གཞན་རྣམས་ཀྱང་འདུལ་འཛིན་ཉམས་རྟོགས་ཅན་ཤ་སྟག་ཏུ་བྱུང་བར་ཆོས་འབྱུང་དུ་གསུངས།  དེ་མིན་དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་རྒྱུན་བཙུགས་པར་མདོ་སྨད་ལོ་རྒྱུས་ཆེན་མོར་བཤད་ཀྱང་ཤིན་ཏུ་མ་དག ཡིན་པ་ནི་གདན་རབས་ཉེར་ལྔ་བ་དཀོན་མཆོག་སེང་གེ་མཆོག་ཡིན་ཏེ།  ཆོས་འབྱུང་ལས། མཁན་པོ་སིངྷའི་མཚན་ཅན་གྱིས་ཐིག་ལེ་བཅུ་དྲུག་གི་སྒྲུབ་རྒྱུན་ཀྱང་བཙུགས།  ཞེས་དང་། ད་རུང་ཁོང་གི་རྣམ་ཐར་དུ། བཀྲ་ཤིས་དགེ་འཕེལ་དུ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་གནས་སྟེ་དེའི་སྒྲུབ་མཆོད་ཚུགས།  དཀྱིལ་འཁོར་གྱི་ཡོལ་བ་སོགས་མཆོད་ཆ་གང་དགོས་དང་།  ལི་ཏིང་དབུས་མ་བརྒྱ་དང་སོ་ལྔ་བཅས་བཞག ཞེས་གསུངས།   གཞན་ཀུན་མཁྱེན་གཉིསཔའི་རྣམ་ཐར་དུ་དྲིལ་བུ་ལྷ་ལྔ་ལུས་དཀྱིལ་བཅས་བཙུགས་པར་གསུངས་པ་ནི།   ཀུན་མཁྱེན་རྣམ་ཐར་རང་དུ་ཇི་ལྟར་བཙུགས་པ་སོགས་ནི་མི་གསལ་ནའང་འདིའི་སྐབས་ཡིན་སྣང་སྟེ། དགུང་ལོ་རེ་གཅིག་ཡས་མས་ལ་དགེ་འཕེལ་རི་ཁྲོད་པ་རྣམས་ཀྱིས་ཅི་ལྟར་གསོལ་བ་བཏབ་པ་བཞིན་ཉིན་གསུམ་གྱི་རིང་ལ་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་དབང་ཆེན་གནང་བ་སོགས་ནི་རྣམ་ཐར་ལས།   དགེ་འཕེལ་རི་ཁྲོད་པ་རྣམས་ཀྱིས་ཞུས་ངོར་ཁོང་རྣམས་དང་དགོན་པའི་བླ་མ་སྤྲུལ་སྐུ་དགེ་བཤེས་སོགས་ཧྲག་བསྡུས་ལྔ་བརྒྱ་སྐོར་ལ་ཉིན་གསུམ་གྱི་རིང་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་བདེ་མཆོག་ཕྱི་དཀྱིལ་ལྷ་ལྔ་དང་ལུས་དཀྱིལ་ལྷ་རེ་གཉིས་ཀྱི་དབང་ཆེན་མ་རྒྱུད་སྤྱིའི་ཁྱད་ཆོས་དང་།  སྒོས་སུ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཟབ་གནས་ཀྱི་ཁྱད་པར་།  དབང་སོ་སོའི་སྐབས་ཀྱི་དབང་བརྡ་འཕྲོད་ངེས་པ་སོགས་གསུང་བཤད་ཞིབ་རྒྱས་དང་བཅས་པ་གནང་སྟེ་དོན་དམ་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་འགྱུར་བའི་སྣོད་རུང་དུ་མཛད།    ཞེས་པའོ།   ། 
         ཡང་དགུང་ལོ་ང་ལྔ་བར་བཀྲ་ཤིས་དགེ་འཕེལ་གྱི་རི་ཁྲོད་པ་རྣམས་ཀྱི་ཇི་ལྟར་གསོལ་བ་བཏབ་པ་བཞིན་མཆོད་ཁང་དུ་ཉིན་གཉིས་ཀྱི་རིང་ལ་བླ་མ་ཁྲི་གདན་ཟུར་དང་འདུས་ཚོགས་བྱིངས་ལ་མི་འཁྲུགས་པ་ལྷ་དགུའི་དབང་ཆེན་གནངས།  མ་ཟད་སྐུ་ཕྲེང་གསུམ་པ་ཁོང་གིས་ཀྱང་དབང་བཀའ་ཆོས་མང་བོ་གནང་བ་སོགས་ནི་རྣམ་ཐར་དུ་ཡོང་གིན་ཡོད་པ་དེ་རེད།   དཔེར་མཚོན་ཙམ་བཀོད་ན། རྣམ་ཐར་ལས།  ཉེར་དྲུག་ལ་ས་དཀར་སྡེ་ཕུ་མདོས་རྟ་ཐབ་བཅས་རི་ཁྲོད་བཀྲ་ཤིས་དགེ་འཕེལ་དུ་ཕེབས།   འདུ་ཁང་དུ་བཀྲ་ཤིས་གསོ་སྦྱོང་།  སྒྲོལ་མ་དང་།   ལྕམ་སྲིང་གི་རྗེས་གནང་།  གནས་བཅུ་ལམ་གཙོ།  པཎ་ཆེན་ཐུན་དྲུག་རྣལ་འབྱོར།  ཤམ་བྷ་ལའི་སྨོན་ལམ་རྗེ་ཉིད་ཀྱིས་མཛད་པ་རྣམས་ཀྱི་ལུང་སྩལ།  རྡོ་རམས་པ་མཁྱེན་རབ་ཀྱིས་བརྟན་བཞུགས་བཤད་པ་ཕུལ།   ཀུན་མཁྱེན་གོང་མ་དང་། རྗེ་སྐལ་ལྡན་རྒྱ་མཚོའི་སྒོམ་ཁང་དུ་ཕེབས།   ཞེས་པའོ།   །
          མ་ཟད་ཀུན་མཁྱེན་ལྔ་བ་བསྟན་པའི་རྒྱལ་མཚན་ཁོང་ཐེངས་དུ་མར་དགེ་འཕེལ་དུ་ཕེབས་ནས་ཟབ་གསལ་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར་བར་རྣམ་ཐར་དུ་གསལ།   ཐེངས་ཤིག་དགེ་འཕེལ་རི་རྩེར་བྱོན་ནས་ལྷ་བཟང་གཏོང་བ་དང་གཏེར་འབུལ་བ་སོགས་མཛད།  རྒྱུན་ཆགས་གསུམ་པ་གསུངས་ཤིང་དམ་བཅའ་བཙུགས་ནས་ཐལ་སྐད་གཏོང་བ་སོགས་གནང་།   ཡང་སྐབས་ཤིག་ཉིན་བཞིའི་རིང་ལ་དགེ་འཕེལ་རི་རྩེར་སྐྱོ་བསང་དུ་ཕེབས་ནས་ལྷ་བསང་བཏང་ཞིང་།  ཞབས་ཕྱི་བ་ཚོར་རྒྱལ་རབས་རྣམ་ཐར་སོགས་གང་ཤེས་གསུང་དུ་བཅུག་ནས་ཐམས་ཅད་སྤྲོ་བསང་ངེ་བ་བྱོན།  དེ་མིན་ཚེས་བཅོ་ལྔར་རྒྱལ་མཁན་པོའི་ཡབ་ཀྱི་བསྔོ་སྨོན་དུ་རི་ཁྲོད་ཀྱི་འདུ་ཁང་དུ་སྤྱན་དྲངས་ནས་དེ་གའི་སྤོང་བ་པ་རྣམས་དང་གུང་ཚིགས་དྲངས།  དེའི་ཐོག་དེ་བཞིན་གཤེགས་པ་གསུམ་ལས་ཤིན་ཏུ་རྣམ་པར་རྒྱལ་བའི་སྐུ་བརྙན་རྒྱ་གར་ནས་སྤྱན་དྲངས་པ་ཤིག་དང་།  མདོ་ཏིང་ངེ་འཛིན།  མ་ཎི་བཀའ་འབུམ་གྱི་གླེགས་བམ།  དངུལ་སྲང་ཉེར་ལྔའི་འབུལ་བ་བཅས་བཏེགས།   དེ་མིན་འདུ་ཁང་དུ་སྤོང་བ་པ་རྣམས་ལ་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་དང་།  ཐ་དགེ་བཤེས་ཟེར་བ་བསྙེན་ཆེན་དུ་བཞུགས་སར་ཕེབས་ནས་ཤམ་སྨོན་དང་དཔལ་ལྡན་དང་པོའི་མའི་ལུང་གནངས།     
          སྐབས་གང་ཞིག་ཏུ་དེར་ཕེབས་པའི་ནམ་སྣམ་གླིང་སྤྲུལ་བའི་སྐུར་གསུངས་དོན།  རྣམ་ཐར་ལས།  བཅུ་དགུར་རི་ཁྲོད་བཀྲ་ཤིས་དགེ་འཕེལ་དུ་ཕེབས་ནས་བཀའ་གདམས་ཕོ་བྲང་དུ་བཞུགས།   རི་ཁྲོད་པ་རྣམས་ལ་ཉིན་བདུན་དུ་བསྙེན་གཟབ་ཕུལ་ཐོག་རྣམ་འཇོམས་གཟུངས་རིང་སྒྲུབ་ཅིང་ཞབས་བསྐོར་མང་དུ་མཛད།   ནུབ་གཅིག་དགེ་འཕེལ་རི་རྩེར་ཐད་ཀྱི་ནམ་མཁའ་ཐིག་ལེ་དང་ཐིག་ཕྲན་དར་འཕན་རྒྱལ་མཚན་སོགས་རྣམ་པའི་འཇའ་འོད་ཤིན་ཏུ་ངོ་མཚར་བས་ཁྱབ་རྗེས།  རི་ལུང་ཐམས་ཅད་ན་བུན་དཀར་པོས་ཁེབས་པ་རིམ་པར་ཡལ་མཚམས་སྤང་ལྗོངས་ཉམས་དགའ་བ་ཞིག་ན་དབུ་གུར་སེར་པོ་ལྕགས་རི་ཅན་གསེར་ཏོག་གི་གཡས་ན་རྒྱལ་མཚན་ཆེན་པོ་ཞིག་སྒྲེང་འདུག་པ་གཟིགས་ཚུལ་གླིང་སྤྲུལ་བའི་སྐུར་གསུངས།  ཞེས་པའོ།   །སྐབས་ཤིག་ཏུ་བཀྲ་ཤིས་དགེ་འཕེལ་དུ་ཆོས་སྲིད་ཀྱི་ཉི་ཟླ་ཁ་སྤྲོད་འཛོམས་པའི་ཐོག་ནས་ཞབས་ཕྱི་བ་བཅས་ལ་རིགས་གསུམ་མགོན་པོའི་བཟླས་ལུང་དང་།  ཟི་ལེན་ལ་སྒེར་དུ་རིག་བྱེད་མའི་མངོན་རྟོགས་ཀྱི་ལུང་ཡང་གནང་།  དེ་གའི་མདུན་རིའི་རྩེར་བྱོན་ནས་ལྷ་བསང་གཏོང་བ་དང་བསྐྱོད་དར་འཛུག་པ།  དེ་མིན་བུམ་གཏེར་འབུལ་བ་བཅས་གནང་ཞིང་ཁང་བཟང་རྒྱན་འབུལ་སོགས་རྒྱ་གླིང་གཏོད་དུ་བཅུག་པ་སོགས་འཕྲིན་ལས་ཟབ་མི་ཁྱབ་བསྒྲུབས། སྐབ་ཤིག་ལ་དབེན་གནས་རང་གི་འདུ་ཁང་དུ་གསོལ་ཚིགས་དྲངས་པའི་འཁོར་འདུའི་བྱིངས་ལ་ཡོན་ཏན་གཞིར་གྱུར་མ་དང་།  ཤམ་སྨོན་གྱི་ལྗགས་ལུང་བསྩལ། སྒོམ་ཁང་གང་འོག་ཏུ་ཕེབས་ནས་ཞལ་འདོན་གནང་ཞིང་ཐུགས་དམ་མཛད།  སྐབས་དེར་གྲུབ་ཆུ་སྐམ་ལ་ཉེ་བར་འདུག་པས་ཁྲུས་གསོལ་གནང་བའི་ཕྱི་ཉིན་སོར་ཆུད་པ་བྱུང་།  འདི་ག་མཚོན་པའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་གང་དང་ཇི་ལྟར་སྐོར་བ་སོགས་རྣམ་ཐར་དུ་གསལ་བས་གཟིགས་དགོས།  མདོར་ན་ཁོང་ལྷ་ལྡན་ནས་ཕྱིར་གདན་སར་འབྱོར་ནས་སྐུ་མདའ་ཁའི་བར་དུ་བསྡོམས་ན་ཐེངས་བརྒྱད་ལ་ཕེབས་པར་འདུག 
         དེ་བཞིན་ཁྲི་གདན་ཟུར་གྱི་དགེ་བཤེས་མང་བོ་ལས་རེ་འགའ་དུས་ཚོད་ངེས་མེད་དུ་བཅའ་རྒྱ་མཛད་པ་དང་། དེ་ཡང་གདན་ས་རང་དང་རི་ཁྲོད་གོང་འོག་ཕེབས་ནས་སྐུ་མཚམས་དམ་པོར་བཞུགས་ཀི་ཡོད་པ་རེད།  དཔེར་ན་སྒོ་མང་མཁན་པོ་སངས་རྒྱས་རྡོ་རྗེའི་སྤྲུལ་སྐུ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ཁོང་ཡང་འདིར་ཕེབས་ནས་སྐུ་མཚམས་མཛད་པ་སོགས་ནི།  ཁོང་གི་རྣམ་ཐར་ལས།  དབེན་གནས་བཀྲ་ཤིས་དགེ་འཕེལ་དུ་ཕེབས་ནས་སྐུ་མཚམས་ལོ་གཅིག་གནང་།  འདུ་ཁང་དུ་ཙཎྡན་དཀར་བོའི་བཅུ་གཅིག་ཞལ་དང་།  རི་ཁྲོད་པ་སྤྱིར་འོ་རྒྱུན་གྱི་ཐེབས་སུ་མཛོ་མོ་ཁ་ཤས་བསྩལ།  རི་ཁྲོད་པ་རྣམས་ལ་སྙིང་བོ་དོན་གསུམ་གྱི་ཁྲིད་དང་།   ལྕམ་སྲིང་གི་རྗེས་གནང་བསྩལ།  ཞེས་པའོ།  །དེ་བཞིན་དབལ་མང་དཀོན་མཆོག་རྒྱལ་མཚན་གྱིས་དགེ་འཕེལ་དུ་བཅད་རྒྱ་མཛད་པའི་སྤོང་བ་པ་དང་བསོད་གྲགས་སྤྲུལ་བའི་སྐུ་རིན་པོ་ཆེ་བཅས་ལ་ལམ་རིམ་བདེ་ལམ་གྱི་ཁྲིད་དང་།  མཇུག་ཏུ་སེམས་བསྐྱེད་མཆོད་པ་བཅས་བཀའ་ཆོས་མང་དུ་གནང་།  དེ་མིན་བསོད་གྲགས་རིན་པོ་ཆེར་ལོ་འདི་གར་ནམ་སྣང་རྨི་ལམ་གྱི་ལྟས་གང་འདྲ་བྱུང་བར་བཀའ་འདྲི་བརྟེན་ནས་རྒྱུད་པའི་ཁྲིར་བསྐོས། མ་ཟད་དགེ་འཕེལ་རི་ཕུག་ཏུ་སྡེ་ཁྲི་རིན་པོ་ཆེའི་སྒོམ་ཁང་དུ་བདུན་མཚམས་མཛད་དེ་གསུང་རྩོམ་མང་དུ་གནང་བ་སོགས་རྣམ་ཐར་དུ་གསུངས། འདི་མཚོན་པའི་བླ་མ་དགེ་བའི་བཤེས་གཉེན་མང་བོ་འཕེལ་བཞུགས་མང་ནའང་རེ་རེ་བྲིས་པའི་ངལ་བ་མ་བསྟེན།  

 
ཐར་བ་རྩེ།

127302389361635034.jpg

         རི་ཁྲོད་འདི་ནི་དགོན་པའི་རྒྱབ་རིའི་རྩེར་ཁོད་སྙོམས་ཤིང་དགེ་སྦྱོང་ངང་གིས་འཕེལ་བའི་སར་ཕྱག་འདེབས་གནང་ཡོད་པར་མ་ཟད། ཀུན་མཁྱེན་གོང་མས་བདེ་མཆོག་ཀླད་འཁོར་ལོའི་སྡོམ་པའི་ཕོ་བྲང་དུ་བསྔགས་པའི་གནས་ཁྱད་པར་བ་ཞིག་ཏུ་རྩིས་ཡེ་ཡོད།   དེ་ཡང་དང་པོ་ཁོང་ཐམས་ཅད་གཟིགས་པ་ཆེན་མོ་ངེས་པ་དོན་གྱི་མ་ཧ་པཎ་ཊ་ཀུན་མཁྱེན་འཇིགས་མེད་དབང་བོ་ཁོང་གིས་དང་པོ་ཕྱིང་གུར་ཕུབ་ནས་དབུ་མའི་བསྟན་བཅོས་ལུང་རིགས་སྒྲོན་མེ་ལྗགས་རྩོད་མཛད།  དེ་མིན་སྒྲུབ་པ་ཉམས་ལེན་གནང་སའི་ཡུལ་དུ་དགོངས་ནས་གཟིམ་ཁང་གསར་དུ་རྒྱག་དགོས་པའི་ལྗགས་བཀོད་གནང་བ་སོགས་ནི།  བསྟན་པའི་སྒྲོན་མེ་ཚང་གིས་མཛད་པའི་ཁོང་གི་རྣམ་ཐར་ལས།   དགོན་པའི་རྒྱབ་རའི་རྩེར་བདེ་མཆོག་ཀླད་ཅེས་ཀུན་མཁྱེན་གོང་མའི་གསུང་རྒྱུན་ལས་འབྱུང་བའི་གནས་ཁྱད་པར་ཅན་བདེ་ཁོད་སྙོམ་པ་ཞིག་ཡོད་པ་དེར་ཕྱིང་གུར་ཕུབས་ནས་བཞུགས་ཏེ་དབུ་མའི་མཐའ་དཔྱོད་ལྗགས་རྩོམ་མཛད།  དེར་སྐབས་སྐབས་བཅད་རྒྱ་གནང་ཡུལ་གྱི་གཟིམས་ཁང་ཞིག་གསར་དུ་རྒྱག་རྒྱུའི་ལྗགས་བཀོད་གནང་སྟེ་མིང་ལ་ཐར་བ་རྩེར་བཏགས།  ཞེས་མིང་དོན་མཚུངས་པའི་གནས་མཆོག་ཐར་བ་རྩེ་ནི་སྒྲུབ་པ་ཉམས་ལེན་དང་རྩེ་གཅིག་ཏིང་འཛིན་ལ་གོམས་པའི་སྐྱེས་བུའི་ཞིང་དུ་ལགས།  མ་ཟད་ཀུན་མཁྱེན་བླ་མ་ཁོང་ནི་འདུ་འཛི་དང་འཁོར་བྱ་བྱེད་མང་བོར་དུས་ངེས་མེད་དུ་ཁ་བྲལ་ས་ཞིག་ཡིན་པ་དེ་རེད། ཡིན་ནའང་རྔམ་ཞིང་བརྗིད་པའི་གླང་ཆེན་དབྱིབས་གཟུགས་ཀྱི་རྒྱལ་རི་འདི་མཐོ་ཞིང་གཟར་བའི་མི་ཚད།  ལམ་ཕྲན་དོག་མོ་ཞིག་ཀྱང་མེད་པས་ཁོང་དུས་ངེས་མེད་དུ་རྩེར་འཛེགས་པ་དང་།  དེ་ནས་ལོ་དང་ཟླ་བར་བཅད་རྒྱ་མཛད་པ་ནི་ཅི་འདྲའི་བློ་ཡུལ་ལས་འདས་པའི་རྣམ་ཐར་གཙང་མ་ཞིག་མ་རེད་ཨང་།  
        གོང་གི་ཚིག་ན་གསལ་བ་བཞིན་སྐབས་དུ་མར་ཕེབས་ནས་བཅད་རྒྱ་མཛད་པ་སོགས་ནི།    དགུང་ལོ་ཞེ་དགུ་བ་མེ་ཕོ་སྤྲེའུའི་ལོར་ལོ་གསར་དང་སྨོན་ལམ་ཆེན་མོའི་གསུང་ཆོས།  ཕྱོགས་ཡས་མས་ཀྱི་བསྟན་འགྲོ་དོན་རྒྱ་ཆེན་བསྒྲུབས་ནས་མཐར་ཐར་བ་རྩེར་བྱོན་ནས་གསུང་རྩོམ་འགའ་ཞིག་ལྗགས་རྩོམ་མཛད་པར་མ་ཟད། དོན་གཉེར་བ་ཁ་ཤས་ལ་ཉིད་ཀྱི་གསུམ་འབུམ་ཁྲོད་ནས་ལུང་ཡང་གནང་། དགུང་ལོ་ང་གཅིག་པ་ས་ཁྱི་ལོར་སྨོན་ལམ་གསུང་ཆོས་དང་སྡེ་ཁྲིད་རིན་པོ་ཆེ་གཙོས་པའི་བླ་གྲྭ་ཁག་དང་ཕྱོགས་ཕན་ཚུན་དོན་གཉེར་བ་གཉིས་སྟོང་ལྷག་ལ་ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་ཁྲིད་ཡིག་སྟེང་ནས་མཇའ་དཔལ་ཞལ་ལུང་གི་ཁྲིད་གནང་།  དེ་ནས་བསྟན་འགྲོའི་དོན་རེ་འགའ་བསྒྲུབས་ནས་སླར་དབེན་གནས་ཐར་བ་རྩེར་བྱོན་པ་སོགས་ནི་རྣམ་ཐར་ལས། དབེན་གནས་ཐར་བ་རྩེར་བྱོན་ནས་བཅད་རྒྱ་མཛད་ཅིང་།  སྐུ་མཚམས་ཀྱི་ཁོང་ནས་བདག་གཅིག་བུར་འཇམ་དབྱངས་དམར་སེར་དང་།  དབྱངས་ཅན་མའི་རྗེས་གནང་།  དུག་སྦྱོང་གི་མན་ངག་ཆིག་བརྒྱུད་གནང་།  ཕྲན་དབུས་ཕྱོགས་སུ་འགྲོ་རྒྱུར་གནང་ཆ་དང་།  སློབ་གཉེར་བྱེད་ལུགས་སོགས་བསླབ་བྱ་ཞིབ་རྒྱས་བཀའ་དྲིན་བསྐྱངས།  ཞེས་དངོས་ཀྱི་བུ་སློབ་དཀོན་མཆོག་བསྟན་པའི་སྒྲོན་མེ་དབུས་ཕེབས་ཀྱི་ཞལ་བཀོད་འདི་ནས་གནང་བར་མ་ཟད།  སླར་གདན་ས་རང་དུ་ཕེབས་ནས་དགོན་པ་སྐྱོང་དགོས་པའི་ཞལ་ཏ་གནང་བའི་སྐོར་སོགས་ནི།  དབལ་མང་ཚང་གིས་མཛད་པའི་བསྟན་པའི་སྒྲོན་མེ་རྣམ་ཐར་རང་ལས།   ཡབ་རྗེ་མཆོག་གི་དྲུང་དུ་ཐར་བ་རྩེར་ཉིན་བར་མ་ཆད་ལྟ་བུར་ཕེབས་པར་གང་ཅིའི་གསུང་བཀོད་ཕྲ་ཞིབ་ལུང་བསྟན་གྱི་ཚུལ་དུ་ལྷུག་པར་བསྩལ།   ཉིན་གཅིག་སྐུ་མདུན་ནས་དཀར་སྤྲོ་དམར་སྤྲོའི་དགྱེས་སྟོན་དང་བཅས་ཕེབས་རྫོངས་གྱ་ནོམ་པ་གནང་སྟེ་ཞལ་ཏ་གནད་བསྡུས་དང་། མདོར་ན་དབུས་སུ་སྐུ་ཡོན་གསན་སྦྱོང་མཐར་ཕྱིན་པ་གནང་ནས་སླར་མདོ་སྨད་དུ་བྱོན་ཏེ།   དགོན་པ་འདིར་ཕན་གྲོགས་བཟང་པོ་གནང་དགོས།   ང་ཡང་ལོ་མཐོན་པོ་འདི་ལྟར་སོང་བའི་ཚེགས་ལེན་རེ་བྱེ་དགོས་ཞེས་དབུ་ལོ་དཀར་པོ་སྟོན་པར་མཛད་པས་གསུང་གི་ཁུར་ཐུགས་ལ་ལྕི་བར་གྱུར། ཞེས་པའོ།  ། སྐབས་འདིར་ཁོང་བསྟན་པའི་སྒྲོན་མེ་ཚང་དགུང་ལོ་བཅུ་བདུན་པའི་སྨད་ཙམ་ཡིན། 
         ཡང་དགུང་གྲངས་མ་ངེས་ན་ཕྱོགས་སོ་སོའི་དགོན་གྲོང་མང་བོས་ཅི་ལྟར་གསོལ་བ་བཏབ་པ་བཞིན་ཕེབས་པ་དང་ནང་སྒོས་མ་ཅིག་ལབ་ཀྱི་སྒྲོན་མེས་ལུང་དུ་བསྟན་པའི་སྔོན་པོ་ཐང་དུ་ཕེབས་པ་སོགས་ལུགས་གཉིས་ཀྱི་བཀའ་དྲིན་བསྐྱངས་ནས་ཕྱིར་གདན་ས་ཕེབས།  དེ་ནས་ཐར་བ་རྩེར་ཕེབས་ནས་བཅད་རྒྱ་དམ་པོར་གནང་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད།   དེ་མིན་སྐབས་ཤིག་ཏུ་དབེན་གནས་ཐར་བ་རྩེ་ནས་ཞག་བདུན་གྱི་བར་དུ་ཆབ་ཚན་མཛད།  དེའི་བར་གསེང་དུ་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་སྐུར་འཇམ་དབྱངས་ཆོས་སྐོར་དང་སྣང་ཐང་བརྒྱ་རྩའི་རྗེས་གནང་བསྩལ།   རྣམ་འགྲེལ་ཊྰིཀ་ཆེན་གྱི་མཆོད་བརྗོད་སོགས་གོ་དཀའ་བའི་ཚིགས་བཅད་དེ་དག་གི་འགྲེལ་ཡང་ཐར་བ་རྩེར་བྱོན་ནས་ལྗགས་རྩོམ་གནང་བར་རྣམ་ཐར་ལས། རེ་ཞིག་ཐར་བ་རྩེར་བཅད་རྒྱ་གནང་ཞིང་སྔར་པཎ་ཆེན་ཐམས་ཅད་མཁྱེན་པ་ཕོ་བྲང་དུ་ཆིམས་བསྒྱུར་སྐབས་བསྐུལ་མ་གནང་ཡོད་པ་ལྟར་ཐུན་མཚམས་སུ་རྣམ་འགྲེལ་ཊྰིཀ་ཆེན་གྱི་མཆོད་བརྗོད་སོགས་མགོ་མཇུག་གི་ཚིགས་བཅད་སྙན་ངག་གི་ལམ་ནས་དྲངས་པའི་ཤིན་ཏུ་གོ་དཀའ་བ་རྣམས་ལ་འགྲེལ་བ་གསལ་ཞིང་དོན་འདྲིལ་བ་ཟླ་མེད་པའི་ལེགས་བཤད་ཕུལ་དུ་ཕྱིན་པ་འདི་ཉིད་མཛད།   ཞེས་པའོ། །ཊྰི་ཀ་དེའི་མཇུག་བྱང་དུ་ཤིན་ཏུ་གསལ་བོ་འཁོད་འདུག  འདི་མིན་དུས་ངེས་མེད་ངང་དབེན་གནས་འདིར་ཕེབས་ནས་བཅད་རྒྱ་མཛད་པ་དང་བདེ་མཆོག་གི་ཞལ་དངོས་སུ་གཟིགས་པ་སོགས་རྟགས་མཚན་ཁྱད་པར་བ་མང་བོ་བྱུང་བར་ཆོས་འབྱུང་དུ་གསུངས་པས་རྣམ་ཐར་ལ་གཟིགས། 
         སྐུ་མཁྱེན་སྐུ་ཕྲེང་གསུམ་པ་ཁོང་གི་རིང་ལ། ཆོས་འབྱུང་དུ་གསུང་བ་ལྟར་ཁོང་གིས་ཐེབས་བཞག་སྟེ་མངོན་པར་བྱང་ཆུབ་པའི་དུས་སྟོན་དང་བསྟུན།     ཞལ་གྲངས་བརྒྱར་དགེ་སློང་དཔལ་མོའི་ལུགས་ཀྱི་སྨྱུང་གནས་ཆག་མེད་དུ་བསྲུང་བའི་སྲོལ་བཙུགས།  
         ཀུན་མཁྱེན་ལྔ་བ་ཆེན་མོ་མཆོག་གིས་ཀྱང་ཀུན་མཁྱེན་གོང་མ་རྣམ་གཉིས་ཀྱི་བརྩེ་གཟིགས་ཅི་ལྟར་གནང་བ་བཞིན་བདེ་མཆོག་འཁོར་ལོའི་སྡོམ་པའི་ཕོ་བྲང་དུ་སྔགས་པ་འདིར་ཐེངས་དུ་མར་ཕེབས་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་སོགས་ནི་གོང་སྒྲིག་པ་ཙམ་ལས་རྟགས་དང་རྟེན་འབྲེལ་དང་ཟུར་མཆན་སོགས་འགོད་པར་ག་ལ་རིགས།  
         འོན་ཏེ་འདི་ལྟར་རྣམ་ཐར་རང་ལས་གསུང་བ་བཞིན་འདིར་འགོད་རྒྱུ་བྱུང་བ་ཡང་ལས་དང་སྐལ་བ་ལྡན་སོང་སྙམ་བཞིན་སོར་མོ་གཡོ་བར་བྱེད་ན།   དེ་ཡང་དང་པོ་ཁོང་ལྔ་བ་ཆེན་མོར་བླ་མ་མཆོད་པའི་སྒོ་ནས་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་པ་སོགས་ཀྱི་བརྟན་བཞུགས་བརྟན་འབུལ་བྱེད་པ་སོགས་ནི།   ཁོང་གི་རྣམ་ཐར་ལས།   ཐར་བ་རྩེར་ཕེབས་ཏེ་བླ་མཆོད་བརྟན་བཞུགས་ཀྱི་མགོན་དུ་མངའ་གསོལ།  ཁོང་བླ་ཁོ་རིན་པོ་ཆེ་ནས་སྒྲོལ་དཀར་ཚེ་སྒྲུབ་དང་།  རྒྱལ་མཁན་ཆེན་ནས་ཚེ་བདག་མགོན་པོའི་ཚེ་སྒྲུབ་ཞུས།  ཞེས་པའོ།  །དེ་ནས་ཉིན་འགའི་རྗེས་སུ་སླར་རི་རྩེར་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེན་སྒྲུབ་པའི་སྐོར་སོགས་ནི་རྣམ་ཐར་ལས།   རྟེན་གཙོ་ཁག་ལ་མཆོད་འབུལ་རྒྱ་ཆེ་བ་དང་།  སྤོང་བ་རྣམས་ལ་ཇ་ཐུག་དང་གྲོན་འགྱེད་བསྟར་ཐོག    སྨན་བླ་དང་མདོ་གདུགས་བསྒྲུབས་སུ་བཅུག་ནས་།  ཉེར་དགུའི་གཏོར་ཆེན་གྱི་གཏོར་རྡེབ་ལ་གཟིགས་ཏེ་སྤྱན་དམིགས་མཛད།     དེ་དགུང་མོའི་མཚན་ལམ་དུ།  དུར་ཁྲོད་ཆེན་པོ་ཞིག་ཏུ་མི་རྐང་ཐོག་པའི་སྔགས་པ་རལ་བ་ཅན་ཞིག་གིས་བེམ་རོ་རློན་པ་གྲིས་གཤགས་པ་ཏེ་ཁྲག་ནས་མཁར་འཐོར་བ་དང་།  ཡང་ལྗོན་ཤིང་ཆེན་པོའི་རྩེར་ཁྱུང་ཚང་ཡོད་པར་སྦྲུལ་ཞིག་སྡོང་བོར་འཁྲིས་ཏེ་འཛེགས་ནས་ཁྲུང་ཕྲུག་ཟ་བར་བརྩམས་པས་ཁྲུང་ཕྲུག་དེས་སྦྲུལ་གྱི་ཀླད་པ་འགེམས་པ་ཞིག་བྱུང་གསུངས་ཏེ་བསྟན་དགྲ་ཚར་བཅད་པའི་རྟགས་མཚན་དུ་ངེས་སོ།  །གནམ་སྟོང་གི་ཉིན་ཕྱོགས་བཞིར་ཕུར་བུ་བཞི་བཙུགས་པའི་དབུས་སུ་མེ་སྤར་ཏེ་དགྲ་བོ་བསྲེག་པ་ཡིན་ཞེས་སྐུ་རྩེད་ཀྱི་རྣམ་པ་ལྟ་བུ་ཞིག་མཛད་པ་ཡང་བསྟན་དོན་ཁོ་ན་ཐུགས་ལ་བཅགས་པས་བསྟན་དགྲ་ལྷག་མར་ལུས་པ་རྣམས་དམིགས་ནས་ཀྱི་ངང་དུ་བསྟིམ་པར་གོར་མ་ཆག་གོ  །བདུན་པའི་ཚེས་གཅིག་ལ་རི་ཁྲོད་དེ་ཀའི་སྤོང་བ་བ་རྣམས་ནས་བདེ་མཆོག་དཀར་པོའི་སྒོས་སྐུ་ཚེ་བསྒྲུབས་པའི་ཚེ་ཆུ་ཕུལ།   ལམ་གཙོ་ཐུགས་འཛིན་གྲུབ།  ཞེས་བསྟན་དང་འགྲོ་བར་འཚེ་པའི་དགྲ་བོ་ཚར་གཅོད་དང་ལམ་གཙོ་སོགས་གནས་དེ་ནས་ཐུགས་འཛིན་གནང་བའི་སྐོར་སོགས་འགྲོ་དོན་རྒྱ་ཆེ་འགྲུབ་པ་འདི་ལྟར་ལགས། འོན་ཏེ(1928)མྰ་ཀ་ཞི་ཧྲོན་གྱི་དམག་བྱོན་ནས་དབེན་གནས་ཀྱི་འདུ་ཁུང་དང་སྤྱིལ་ཆུང་སོགས་མེར་བསྲེགས་བྱས་པར་ལོ་རྒྱུས་ཤིག་ཏུ་འཁོད་འདུག  དེ་ཡང་ཁོང་དགུང་གྲངས་བཅུ་གཅིག་ཡས་མས་སུ་སྣང་ལ།   རྣམ་ཐར་དུ་གསལ་བོ་མེད་ནའང་འདིའི་སྐབས་ཡིན་ཚོད་དུ་སྣང་།  དེ་ཉིད་ལས།  ཉི་སྐར་མ་ངེས་ཀྱང་འབྲོག་ཕྱོགས་སུ་ཆིམས་བསྐྱོད་མ་མཛད་སྔོན་དེར་ཉིན་གཅིག་ལྕགས་མཁར་ཟུར་དགུ་ཞིག་དང་།  དོན་ལྔ་དོམ་གྱིས་ཟ་བའི་གཟུགས་འགྲོས་བཟོས་ལ་ཁྱེར་ཤོག་གསུངས་པ་ལྟར་འཕྲལ་མར་བསྒྲུབས་པས།  མགོན་ཆོས་ཀྱི་བསྐང་བཤགས་བསྟོད་བསྐུལ་བཅས་གསུངས་ཏེ།  ལྕགས་མཁར་མེར་བསྲེགས་པ་གནང་།   ཉིན་དེར་རྩེ་དབུ་རི་ཁྲོད་དམག་གིས་གཏོར་ཏེ་རྩེ་དབུ་ཨ་ལགས་བཀྲོང་ཚུལ་སོགས་ཕྱིས་སུ་ཐོས་ཚུལ་དེ་དུས་ཀྱི་ཞབས་གྲྭས་རྣམས་གླེང་།  ཞེས་པའོ། །  ཡིན་ནའང་སྐབས་གང་ཞིག་དང་ལོ་གྲངས་གང་ཞིག་ཏུ་ཞིག་གསོ་གནང་བར་མ་ངེས་ནའང་ལོ་དེའི་ཕྱི་ལོ་ཡས་མས་སུ་རྒྱབ་རིའི་དབུ་རྩེར་བྱོན་ནས་ཤར་དུང་རིའི་བཀོད་པ་གཟིགས་ནས་ལྷ་བསང་བཏང་བ་དང་བདེ་མཆོག་སྨོན་ལམ་དང་བསྟན་པར་མ་བཅས་གསུངས་ནས་བསྟན་པ་བླ་ནས་བླར་འཕེལ་བའི་ཐུགས་སྨོན་རྒྱ་ཆེ་གནངས།   དེ་མིན་སྒྱུ་འཕྲུལ་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅན་མཁྱེན་པའི་ཞབས་རིམ་ལ་དམིགས་ཏེ།   དམིགས་བརྩེ་མ་དུང་ཕྱིར་དག་བསྒྲུབས་ཀྱི་དགེ་ལྡན་རིལ་བུ་ཐུང་མྱུར་ངང་དགོས་པའི་དགོངས་པ་ལ། ཐམས་ཅད་མཁྱེན་པ་རང་ནས་གནང་བའི་རིལ་བུ་ཕབ་རྟ་དང་།   རྒྱུན་བཙུགས་ཐར་བ་རྩེའི་དགེ་ལྡན་རིལ་བུ་གཞི་བཅས།  དེའི་ཐོག་གཞན་བྱིན་རྟེན་འགངས་ཆེ་བཅས་ཚོགས་ཆེན་ནས་ཉིན་ལྔར་བསྒྲུབས་པ་རྣམ་ཐར་ནང་གསལ། དེ་ལྟར་ན་ཐར་བ་རྩེར་རྒྱུན་བཙུགས་དགེ་ལྡན་རིལ་བུ་ཡོད་པའང་ཤེས།   དེ་བས་ཀྱང་ཁོང་དགུང་ལོ་ཉེར་གཉིས་ཡས་མས་སུ་རི་ཁྲོད་པ་རྣམ་པས་གདན་དྲངས་པ་བཞིན་ཕེབས་ནས་འདུ་ཁང་དུ་མཎྜལ་རྟེན་གསུམ་ཕུལ་བར་གཞིག་ན་ཁོང་དགུང་ལོ་བཅུ་གཅིག་ནས་ཉེར་གཉིར་བར་ཅི་རིགས་ལ་རི་ཁྲོད་ཉམས་གསོ་བྱེད་ཐུབ་པར་མངོན་འདུག  འོན་ཏེ་ད་རུང་དཔྱད་དགོས།  

  
 ཡིད་དགའ་ཆོས་འཛིན།

 348035296758605949.jpg

         འདུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་སྟེ་མདོ་སྔགས་ཀྱི་རྣལ་འབྱོར་ལ་གཞོལ་བའི་མང་ཐོས་ཚུལ་ལྡན་གྱི་དྲང་སོང་སྤོང་བ་པའི་བསྟི་གནས་མཆོག་ཏུ་གྱུར་བ།  རྗེ་བཙུན་བྱམས་མགོན་གྱི་བསམ་གཏན་ཁང་ཡིད་དགའ་ཆོས་འཛིན་གྱི་མིང་གིས་འདོགས་པར་མཛད་པའི་དབེན་གནས་ཆེན་པོ་ཡིད་དགའ་ཆོས་འཛིན་གླིང་ནི།    ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་སྤྲུལ་བའི་སྐུ་རིན་པོ་ཆེ་རྗེ་ངག་དབང་བསྟན་པའི་རྒྱལ་མཚན་ཁོང་གིས་ད་ནི་ཁོར་ཡུག་སྣ་ཚོགས་མེ་ཏོག་བཀྲ །རྐང་དྲུག་ལྡན་སོགས་འདབ་ཆགས་དབྱངས་སྙན་སྒྲོགས།  །བག་ཕེབས་རིགདྭགས་རྒྱུ་ཞིང་དྭངས་བསིལ་ཆུ། །ལྷང་ལྷང་འབབ་པ་ས་འཛིན་མཐོན་པོའི་ངོས།  །ལོ་འདབ་རབ་མཛེས་ལྗོན་ཤིང་ན་ཆུང་མ། །ཡིད་འོང་མེ་ཏོག་ཕྲེང་པས་ཐོད་མཛེས་རྣམས།  །འདུ་འཛིས་གཡེང་བ་སྒྲིབ་ཕྱིར་ལག་སྦྲེལ་ཞིང་།  །སྐབས་འགར་ཤུབ་བུའི་སྔགས་བཟླས་ལ་བརྩོན་དབུས།  །ཀུན་གསལ་མཛེས་མས་ཉི་ཟླའི་སྒྲོན་འདེགས་ཤིང་།  །བདེ་ལྡན་གནས་ལྟར་ཡིད་འོང་དབེན་གནས་སུ།  །དམ་པའི་ཞལ་ལུང་ཐོས་དོན་སྨན་གྱི་མཆོག   རྩེ་གཅིག་བསམ་དང་བསྒོམ་ལ་བརྩོན་པར་སྨོན།  །ཞེས་དབེན་པའི་གནས་ཀྱིས་དགའ་བདེས་ཐུགས་འཕྲོགས་ནས།  སྒྲུབ་པ་མཛད་སའི་རི་ཁྲོད་ཅིག་འདེབས་བཞེད་དགོངས་ནས་བདེ་མཆོག་ཀླད།   བྱིའུ་རྒྱལ་མོ།   བཀྲ་ཤིས་སྐ་རགས།  མཎྜལ ་ཀླད།   དགོན་པའི་བྱང་ཕྱོགས་ཀྱི་རྒྱལ་ཡོལ་ནང་སོགས་སུ་གནས་བཙལ་བས་ཕྱི་མ་ཐུགས་ལ་འབབ་པ་བྱུང་ཡང་ཆུ་མེད།  ཡིན་ནའང་ཁོང་གིས་གྲོག་མོ་སྐམ་པོ་ཞིག་ཏུ་ཕྱུགས་ཀྱི་རྨིག་རྗེས་མངོན་ཙམ་གྱི་རླན་བཟུང་ཡོད་པ་ཞིག་ལ་སྤྱན་གྱིས་གཟིགས་ནས་འདི་བརྐོས་གསུངས་པ་བཞིན་བརྐོས་པས་ཆུ་མིག་རྡོལ་བྱུང་།   དེ་མ་ཟད་ཁོང་གིས་ཆུ་མིག་འདི་ལ་ཀླུ་ཁས་ཞན་པ་ཞིག་གིས་གནས་གཡར་སྣང་བས་ཆུ་བདག་གཞན་ཞིག་མེད་ན་ཁོའི་ལག་ནས་ཀླུ་དབང་ཆེ་བ་ཚོས་འཕྲོག་ལས་ཆེ་གསུངས་ནས་རྡོ་རྗེ་ལེགས་པའི་རྡོ་སྐུ་ཞིག་བཞེངས་སུ་བཅུག་ནས་དེར་བཞུགས།  མ་ཟད་སྒྲུབ་སྡེ་ཇི་སྲིད་ནམ་གནས་ཀྱི་བར་དུ་བསྟན་པ་སྲུང་བའི་གྲོགས་དན་མཛད།   སྒོས་སུ་གསང་འདུས་ལྷ་གྲངས་ལྟར་སྒྲུབ་པའི་རྒྱལ་མཚན་འཛིན་པ་སོ་གཉིས་ལ་སྤྱིལ་ཆུང་རེ་བཏང་།  དེ་མིན་གཟིམས་སྤྱིལ་དང་འདུ་ཁང་གསར་བསྐྲུན།  དེའི་ཐོག་ཆོས་འདུལ་བའི་ཕྱག་ལེན་ལྟར་སྡོམ་གསུམ་གྱི་ཕྱིར་བཅོས་རྒྱས་པ།  དབྱར་དགག་གཉིས་ཀྱི་ཕྱག་ལེན།  ཚོགས་འདོན་ལ་བདེ་མཆོག་བདག་འཇུག  གསང་འཇིགས་མི་འཁྲུགས་པ་བཅས་ཀྱི་ཆོ་ག  བདེ་ལམ།  བློ་མཆོད།  སྨན་བླ།  གཏོར་མ་བརྒྱ་རྩ།  བསྐང་གསོ།  ལོ་སར་ལ་སྲིད་གསུམ་བདག་མོའི་ཚེས་གཏོར་བཅས་དང་།   བསྟན་པའི་གཞི་མ་གཞི་གསུམ་ཕྱག་ལེན་དང་གསོ་སྦྱོང་།  ལོ་རེ་ལ་ལོ་མཚམས་པ་བཞི་རེ་འཆར་ཅན།  དུས་རྒྱུན་ནངས་ནུབ་ལ་ཤག་སོ་སོ་ནས་རང་རང་གིས་མདོ་སྔགས་ཀྱི་ཉམས་ཁྲིད་དམ་མ་མཐའ་བཟློས་བརྗོད་ཀྱི་ཐུན་གཉིས་རེ་ངེས་ཅན་དུ་སྐྱོང་དགོས་པ་དང་། གྲོང་ཆོག་སོགས་ལ་གཏན་ནས་སོང་མི་ཆོག་པར་མཛད།   དེ་མིན་ཁོང་གི་ཞབས་ཕྱི་ལྟ་བུར་འགྲོ་དགོས་བྱུང་ཚེ་རྙེད་པ་སྤྱི་སོར་སྤྲོད་རྒྱུ་དང་།  ནད་པ་ལྟ་བུ་མ་གཏོགས་ཚོགས་སུ་མེད་ན་ཇ་མར་གྱི་སྐལ་བླང་མི་ཆག་པ་བྱས། མ་ཟད་ཁོང་གི་བཅའ་ཡིག་ཞིག་བཞག་ཡོད་པ་འདྲ།  དེ་ལྟར་ལུགས་གཉིས་ཀྱིས་འཛིན་བདག་བྱས་ནས་དགུང་གྲངས་སོ་གསུམ་གྱི་བར་དུ་ཐུན་མོང་མ་ཡིན་པའི་རྣལ་འབྱོར་ཟབ་མོའི་ཉམས་བཞེས་ལྷུང་ལེན་མཛད་པའི་ཞར་ལ་སྤོང་བ་པ་རྣམ་པ་གཙོས་པའི་ཡར་མར་དོན་གཉེར་ཅན་མང་བོར་ཟབ་རྒྱས་ཆོས་ཀྱི་འཁོར་ཡང་ཡང་བསྐོར།  ཁྱད་པར་ལོ་གཅིག་གི་ནང་མེ་ཏོག་བཅུད་ལེན་གྱི་དཀའ་ཐུབ་མཛད་པའི་ཁོང་ནས་ཐུགས་དམ་ཉམས་བཞེས་ཉིན་མཚན་ཁོར་མོ་ཡུག་ཏུ་མཛད་པས་ཉམས་རྟོགས་ཀློང་རྡོལ་བ་ལྟ་བུར་གྱུར་ཏེ།  ཉམས་རྟོགས་ཀྱི་མགུར་མ་ཅི་རིགས་དབྱངས་སུ་གྱེར།   དེ་མིན་ཁོང་གི་རྣམ་ཐར་རྒྱས་བསྡུས་འཚམ་པ་ཞིག་གདན་རབས་སུ་འཁོད་འདུག་པས་དེར་གཟིགས།   ཁོང་གདན་རབས་ལྔ་བ་བ་ཡིན།
        ཁོང་གི་སྤྲུལ་བའི་སྐུ་རིན་པོ་ཆེ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཚང་གིས་ཀྱང་དམ་པ་གོང་མའི་ཕྱག་ལེན་བཞིན་རི་ཁྲོད་འདིར་ལུགས་གཉིས་ཀྱིས་སྒོ་ནས་བསྐྱངས་པ་དང་སྒོས་ཟབ་གསལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་སོགས་ལས་བསྡུས་ཙམ་བཀོད་ན།  དེ་ཡང་ཁོང་རི་ཁྲོད་ཆེད་ཕེབས་ངང་སྤོང་བ་པ་རེ་རེར་སྒོམ་ཞྭདང་།  ལིའི་མཎྜལ་རེ་གནང་།  དེའི་ཐོག་ནངས་རེ་སེམས་བསྐྱེད་མཆོད་པ་ཆག་མེད་ཀྱི་སྲོལ་བཙུགས།   དེ་ཡང་ལག་ལེན་སྐབས་སུ་ཡན་ལག་བདུན་གྱི་བསགས་སྦྱང་དང་།  དངོས་གཞི་སེམས་བསྐྱེད།   མཇུག་ཏུ་བསྔོ་སྨོན་གྱིས་རྒྱས་གདབ།    སྐབས་ཤིག་སྒྲུབ་ཁང་དུ་སྐུ་མཚམས་ལ་བཞུགས་ནས་ཐུན་བཞིའི་རྣལ་འབྱོར་ཆག་མེད་མཛད།   དགུང་ལོ་ཉེར་དྲུག་པ་མེ་ལུག་ལ་རི་ཁྲོད་ཀྱི་ཕྱག་སྲོག་བཞིན་སྲིད་གསུམ་བདག་མོ་མཆོད་པའི་ཚེས་གཏོར་གྱི་ཚོགས་དབུ་མཛད་དེ་རྒྱལ་བསྟན་སྙིང་བོ་མཁའ་ཁྱབ་ཏུ་དར་ཞིང་རྒྱས་པའི་འཕྲིན་བཅོལ་གནང་།  མ་ཟད་ལོ་དེའི་ནང་རི་ཁྲོད་དུ་དབྱར་བཞུགས་མཛད་ནས་ཚོགས་ཆེན་ཁྲི་ཟུར་བསོད་ནམས་གྲགས་པ་དང་།  རྒྱུད་པ་སློབ་ཟུར་ནམ་མཁའ་རྒྱལ་མཚན།  དགོན་པའི་དགེ་བཤེས་རིགས་པ་སྨྲ་བ་ཏིལ་གྱི་གང་བུ་ལྟར་བཅེར་ཞིང་།  འདུ་ཁང་གི་སྒོར་འབྱོར་དང་བཅས་པར་མ་ཤོང་བ་ཙམ་ལ་ལག་གཙོ་རྣམ་གསུམ་གྱི་བཤད་ལུང་ཉིན་གསུམ་ལ་གནང་།   དགུང་ལོ་ཉེར་བརྒྱད་པ་ས་བྱ་ལ་ཕལ་ཆེར་རི་ཁྲོད་དུ་རྒྱུན་བཞུགས་ལྟ་བུར་ཉམས་བཞེས་སྔར་བཞིན་མཛད།   མགོན་པོའི་བསྙེན་པ་ཞིག་གི་སྐབས་སུ་དམིགས་རྟེན་རས་བྲིས་ཀྱི་ཐང་ག་དེ་མགོན་པོ་དངོས་སུ་གྱུར་ནས་ཞི་དྲག་གི་རྣམ་འགྱུར་མི་འདྲ་བ་དུ་མ་བསྟན་པས་སྐུ་མཚམས་གྲོལ་མ་ཐག་རས་བྲིས་དེ་ཉིད་ཀྱི་ཞལ་ཁེབས་ཕྱག་གིས་བཙེམས།  དེ་མིན་ལོ་མཇུག་དེར་རི་ཁྲོད་ལ་རྟ་ནོར་བདུན་དང་།  མཛོ་མོ་བཅུ་གསུམ་བཞག  སྐངས་གང་ཞིག་ཏུ་ཀུནམཁྱེན་སྐུ་ཕྲེང་གསུམ་པ་རི་ཁྲོད་དུ་སྤྱན་དྲངས་ཏེ་འདུ་ཁང་དུ་གསོལ་སྟོན་གནང་བའི་ཐོག་ཏུ་དངུལ་སྲང་ལྔ་བཅུ།  དོང་ཚེ་ཁྲོན་ལྔ་བཅུ་ཕུལ།  གཟིམས་ཁང་དུ་གུང་ཚིགས་དྲངས་ནས་ལམ་རིམ་ཆེན་མོ་ཞིག་ཕུལ་ཏེ་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་མངལ་གསོལ་དགོས་པའི་དགོངས་པ་གཏད།  དེ་བཞིན་སྐུ་མདའ་ཁའི་བར་དུ་དགོན་པ་དང་རི་ཁྲོད་གཉིས་ཀར་རེ་མོས་ངང་བཅད་རྒྱ་མཛད་པ་དང་འཆད་རྩོད་རྩོམ་གསུམ་སྤེལ་བ་སོགས་ནི་རྣམ་ཐར་དུ་ཤིན་ཏུ་གསལ་བས་གཟིགས། 
         དེ་ཡང་རི་ཁྲོད་ཀྱི་འདུ་ཁང་ཚོན་རྩི་དང་བཀའ་འགྱུར་ཡོངས་རྫོགས་བཞུགས་སའི་ཆོས་འཁོར་ལྟ་ཁང་སོགས་རྟེན་བཞེངས་དང་།  དེའི་ཐོག་ཆོས་འདུལ་བའི་ཀུན་སྤྱོད་གཙང་མ་གཞིར་བྱས་ཏེ་བསྟན་པ་ཡོངས་རྫོགས་ཉམས་ལེན་ཚང་བའི་སྒོམ་སྒྲུབ་འདི་ལ་བཅའ་ཡིག་བཞག་པ། དེའི་ཐོག་འཕྲལ་གྱི་བྱ་བྱེད་མང་བོར་ཞིབ་ཆ་མ་ཐོན་སར་བསྐྱར་དུ་བཅའ་ཡིག་གི་ཟུར་འདེབས་མཛད་པ།   དེ་ཡང་གཙོ་བོ་བསྡུས་ན་འཇུག་པ་བོ་རྟེན་གྱི་གང་ཟག   ཞུགས་ནས་བླང་དོར་ཇི་ལྟར་བྱེད་ཚུལ།  དེའི་ཡན་ལག་འགྲིག་ལམ་ཐོར་བུ་དང་བཅས་ཚན་པ་གསུམ་གྱི་ཐོག་ནས་མདོ་སྔགས་ཀྱི་སྒྲུབ་པ་གནད་དུ་སྨིན་པ་ཡོང་བར་མཛད་པ་སོགས་ནི་བཅའ་ཡིག་དང་རྣམ་ཐར་དུ་གསལ་བས་གཟིགས།      
 

མན་ཌལ་བདེ་ཆེན་ཀླད།

 380500853581276978.jpg

        རི་ཁྲོད་འདི་གདན་ས་རང་གི་ཁྲི་རབས་བཅུ་དགུ་བ་རྗེ་དཀོན་མཆོག་བདེ་ཆེན་གྱིས་ཕྱག་འདེབས་མཛད། ཁོང་ནི་མཛོད་དགེ་སྨད་ཀྱི་སར་མེ་སྤྲེལ་ལ་རྟགས་མཚན་དུ་མ་དང་བཅས་འཁྲུངས།   ལྷ་དང་ཆོས་སྐྱོང་དུ་མའི་ལུང་བསྟན་བཞིན་རྒྱུད་པ་དཔོན་སློབ་ངག་དབང་དཔལ་ལྡན་པའི་སྤྲུལ་སྐུར་ངོས་འཛིན་བྱས།  གདན་ས་རང་གི་ཆོས་གྲྭར་ཞུགས་ནས་ཡིག་ཆའི་ཐལ་འཕྲེང་ཟུལ་བཀོལ་དུ་མ་དང་།  གསེར་འཕྲེང་གི་སྐབས་དང་པོ་བཅས་ཐུགས་འཛིན་མཛད།  མ་ཟད་དབང་ལུང་མན་ངག་བཅས་མདོ་སྔགས་གཉིས་ཀའི་མཁས་པའི་རྩེར་སོན།   དེར་མ་ཟད་ཡུལ་དབུས་སྒོ་མང་ཆོས་གྲྭར་ལོ་གསུམ་འགྲིམ་ནས་ཕྱིར་གདན་སར་ཕེབས།  དེ་ནས་སྐྱབས་མགོན་མཆོག་གི་བཀས་མངགས་པ་བཞིན་དགོན་པ་དུ་མའི་ཁྲིར་བཞུགས།  དེ་མིན་གདན་ས་རང་གི་ཐོས་བསམ་གླིང་དང་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་བཞུགས།  འདིའི་སྔ་གཞུག་དུ་མར་ཕྱོགས་ཀྱི་དབེན་གནས་དུ་མར་སྒྲུབ་པ་ལ་གཞོལ།   དེ་ཡང་གཙོ་བོ་བདེ་ཆེན་མཎྜལ་ཀླད་དང་དོམ་ལུང་སྟག་མོ་རྫོང་དུ་བཞུགས།   ཞལ་འདོན་དཔེ་གཟིགས་དང་དགེ་སྦྱོང་ཁོ་ནས་འབད། དེ་ཡང་ཡིག་དྲུག་ཞལ་འདོན་གཙོ་བོ་བྱས།  གདན་རབས་ལས།   ཕྱོགས་འདི་གར་ཕེབས་ནས་དགེ་བསྐུལ་མཛད་པའི་མ་ཎི་དང་སྨྱུང་གནས་ཀྱི་ཐོ་ཡི་གེར་བྲིས་པ་ལ་ཡིག་དྲུག་ཐེར་འབུམ་ཆེན་པོ་གཅིག་ལྷག་ཙམ་སྣང་།   ཞེས་པའོ།  གནས་དེར་གཟིམས་སྤྱིལ་ཡང་རྒྱབ། ཕྱིས་སུ་ཀུན་མཁྱེན་བཞི་བའི་བཀོད་པ་ལྟར་འདུ་ཁང་བཞེངས། གཞན་མཁན་པོ་ངག་དབང་དགེ་ལེགས་ཀྱི་གཟིམ་ཁང་ཡང་ཡོད་ཟེར། རྒྱུན་བཞུགས་རི་ཁྲོད་ཉི་ཤུ་ལོང་བ་ཙམ་ཡོད་པར་མདོ་སྨད་ལོ་རྒྱུས་སུ་འཁོད་འདུག   དེ་མིན་སྙན་གྲགས་སྤྲུལ་བའི་སྐུ་བློ་བཟང་ལུང་རྟོགས་ཉི་མ་ཐར་བ་རྩེ་དང་།  མཎྜལ་ཀླད།  ཙ་ཡུས་མགོ་འདལ་ཤར་རྣམས་དང་གདན་ས་རང་ནས་སྐུ་མཚམས་ཁོ་ནས་བཞུགས་པ་སོགས།  མདོར་ན་ཚིག་སྤྱི་ཙམ་ལ་གཡེང་བར་མི་མཛད་པའི་དམ་པ་གོང་མ་རྣམས་ནི་དང་པོ་ཐོས་པ་རྒྱ་ཆེན་བཙལ་ཕྱིར་གྲྭ་ས་འགྲིམ་པ་དང་།  བར་དུ་གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་གོ་ཕྱིར་བླ་མའི་རྣལ་འབྱོར་དང་ལམ་རིམ་དུ་མར་དཔེ་གཟིགས་མཛད་པ།  མཐའ་མར་ཉམས་ལེན་ལ་གཞོལ་ཕྱིར་དུས་ངེས་མེད་ངང་སྐུ་མཚམས་མཛད་པ་དང་རི་ཁྲོད་མགྲིམ་པ་སོགས་སྤྱི་བའི་ལུགས་སུ་ངེས།  
        ད་རུང་འདིར་མ་ཐེ་བའི་ཉེ་འཁོར་ན་རི་ཁྲོད་རེ་འགའ་ཡོད་པར་སྣང་།  དཔེར་ན་ཨ་གནམ་རྒྱ་ལི་བླ་མ་ཁོང་གི་ཚ་བོ་རིན་ཆེན་རྒྱ་མཚོ།  ཁོང་ནི་དབུས་ཀྱི་དགའ་ལྡན་དགོན་པའི་དགེ་བཤེས།  བཀའ་བཅུ་བ་དང་ཁམས་ཚན་དགེ་རྒན།  དོག་ར་ར་ཡུས་མ་ཞེས་པར་སྤྱི་ཁང་བརྒྱབ།  རྒྱལ་མཆོག་ལྔ་བ་ཆེན་པོས་ཁམས་ཚན་ལ་བཀའ་ཤོག་གནང་བ་བཞིན་རང་ཡུལ་གྱི་དཔོན་ཇུ་ནང་ཡབ་ཡུམ་གྱི་ཐར་མི་ཆི་ཕེབས།  བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད་ནས་དེང་མ་ཕྱིང་གུར་ཕབས་པའི་དུས་ཀྱི་དགེ་བསྐོས་བྱས།  དེ་ནས་ལུང་དཀར་དང་བཀྲ་ཤིས་སྐ་རགས་བར་ནས་རི་ཁྲོད་བཟུང་ནས་བཞུགས་པར་དབལ་ཤུལ་སྒོམ་ཁང་དུ་གྲགས་པར་ཆོས་འབྱུང་དུ་འཁོད་པ་དེའོ།  །

 

                                    རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 


གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།