ལ་མོའི་ཡོངས་འཛིན་རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གི་རྗེས་དྲན་ལྷ་ཁང་གི་ངོ་སྤྲོད་མདོར་བསྡུས།
༄༅ ། ། ལ་མོའི་མདའ་བཞི་བེ་རུའི་དགོན་དགེ་ལྡན་རྣམ་རྒྱལ་གླིང་དུ་བཞུགས་པའི་ཁོང་ལ་མོའི་ཡོངས་འཛིན་རྡོ་རྗེ་འཆང་གི་རྗེས་དྲན་ལྷ་ཁང་འདི་ནི་དགོན་བདག་བླ་མ་བེ་རུ་མེརྒན་མཁན་པོ་རྗེ་བཙུན་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་ཚང་གཙོ་བྱས་བླ་གྲྭ་ཐུན་མོང་ནས་དགའ་མགུ་ཡི་རང་གི་མགོ་བོ་གཅིག་ལྕོགས་བྱས་པ་དང་། དད་ལྡན་མང་ཚོགས་ཀྱི་རེ་བའི་ཆ་ཙམ་སྒྲུབ་སླད་དུ་སྤྱི་ལོ་2020/ལོའི་ཟླ་4ཚེས་15ཉིན་སྔར་སྲོལ་ལྟར་སྐུ་ཚ་བློ་བཟང་ནོར་བུ་མཆོག་ནས་རྗེ་དྲན་ཁང་བཞེངས་ས་གཟིགས་ཤིང་སྐུ་ཕྱོགས་བེ་རུ་ཚང་དང་ནོར་བ་བློ་བཟང་བཀྲ་ཤིས་རྒྱ་མཚོ་ཚང་། མར་སྐ་ཚང་འདུལ་བ་ནམ་མཁའ་རྒྱལ་མཚན་ཚང་། སྨྲ་ཁམས་བློ་བཟང་ཕྱོགས་གླང་ཚང་སོགས་དབུ་བཞུགས་ཐོག་རང་དགོན་གྱི་དབུ་ཆོས་དང་རྒན་པ་རྣམས་ཀྱིས་རྒྱུད་སྡེ་དགོངས་པ་བཞིན་ས་སྦྱང་གསུངས་ཤིང་བེ་རུའི་སྐུ་ཕྱོགས་ཚང་དང་ནོར་བ་ཚང་མར་སྐ་ཚང་རྣམ་པ་གསུམ་གྱིས་ས་བརྟག་བསླངས།
2021/4/11ཉིན་ཙང་བ་བློ་བཟང་ལུང་རྟོགས་ཚང་། ཨ་ལག་ནོར་བ་ཚང་། འདུལ་བ་ནམ་མཁའ་རྒྱལ་མཚན་དང་དགེ་བཤེས་བློ་བཟང་། ཨ་ཁུ་འཇམ་དཔལ། དབུ་མཛད་ཉི་མ་དང་ཨ་ཁུ་སྦྱིན་པ་སོགས་མདའ་བཞིའི་དགོན་སྡེ་གསུམ་གྱི་བླ་གྲྭ་གང་མང་ཕེབས་ཏེ་ས་བདག་ལྟོ་འཕྱེ་ཐིག་བཏབ་ཅིང་རིན་ཆེན་སྣ་ལྔ་སོགས་ཀྱི་ས་གཏེར་བཞག་ནས་ཚུལ་མཐུན་ངོས་ས་འདུལ་བྱས་ཤིང་བཞེངས་སྐྲུན་གྱི་ལས་སུ་ཞུགས་པ་ཡིན།
འདུ་ཁང་གི་རྩིག་ག་འགྲུབ་རྗེས་2021/6/7ཉིན་སྐུ་ཕྱོགས་བེ་རུ་ཚང་སྐུ་ངོས་སུ་ཕེབས་ཤིང་རིན་པོ་ཆེས་གདུང་གཏེར་དང་དར་ཚོན་སྣ་ལྔས་གོས་དར་འཐེན་ཞིང་། ལ་མོ་གྲགས་རྒན་ཚང་དང་ཙང་བ་བློ་བཟང་ལུང་རྟོགས་་ཚང་། ཨ་ལག་ནོར་བ་ཚང་། འདུལ་བ་ནམ་མཁའ་རྒྱལ་མཚན་ཚང་། མར་སྐ་ཚང་། སྨྲ་ཁམས་ཚང་། འཇུ་ཆུང་ཚང་། ཨ་གནམ་ཚང་། ཉི་མགོན་ཚང་། སོགས་བླ་གྲྭ་གང་མང་ཕེབས་ཏེ་འདུ་ཁང་གི་གདུང་མ་བསླངས་པའི་མཛད་སྒོ་སྤེལ།
འདུ་ཁང་ལེགས་འགྲུབ་བྱུང་ཆེད་དུ་འགན་འཛིན་པ་དག་གིས་སྔ་ཕྱིར་སྐུ་རིམ་ཞབས་རྟེན་མང་བོ་བསྒྲུབས་ཤིང་། ད་དུང་རང་དགོན་པའི་དགོན་གཙོ་ཨ་ཁུ་བརྩོན་འགྲུས་རྒྱ་མཚོ་གཙོས་དོ་དམ་ཁང་གིས་རོགས་རམ་འོག་ནས་གོང་རིམ་འབྲེལ་ཡོད་ལས་ཁུངས་དག་ལ་སྙན་ཞུ་རབ་དང་རིམ་པར་བརྒྱུད་དེ་ད་གཟོད་ཆོག་མཆན་གྱི་ཡིག་ཐམ་སོགས་གནང་ཆོག་པའི་གཏམ་བཟང་ཐོས་རྗེས་ལོ་ངོ་དུ་མའི་རང་དཀའ་ཁག་གང་མང་ཞིག་ལ་གདོང་གཏད་དེ་ཧུར་ཐག་གིས་བྱ་བཞག་འདི་ལྟ་བུ་ཞིག་བསྒྲུབས་པ་ཡིན།
རྗེས་དྲན་ལྷ་ཁང་འདི་ནི་ཕྱི་གཉིས་ཐོག་གི་བཟོ་བཀོད་ལྟར་བཞེངས་ཡོད་ལ། ནང་རྟེན་གཙོ་བོ་རང་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་དང་བྲལ་བའི་སྐྱབས་རྗེ་ལ་མོའི་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསང་གསུམ་འཕྲིན་ལས་ཀྱི་མཛད་པ་མཐའ་དག་ལྷ་རིས་པས་བཟོ་བསྐྲུན་ཁྱད་མཚར་བྱས་པའི་ཁོང་གི་མཛད་རྣམ་ཞལ་ཐང་སྨི་བརྒྱ་དང་མཐོ་ཚད་ལ་སྨི་གཅིག་ཚུན་གཉིས་ཡོད་པ་གཅིག་ཐོག་ཏུ་བཞུགས་ཡོད་ལ། ཉིས་ཐོག་ཏུ་རྒྱལ་བ་བྱམས་པའི་སྐུ་བརྙན་དང་གཙོ་སྐུ་ཁོང་རྡོ་རྗེ་འཆང་གི་སྐུ་བརྙན་མཐོ་ཚད་སྨི་བཞི་ཅན་དང་། རྗེ་སྟོང་སྐུ། མི་འཁྲུགས་པའི་སྟོང་སྐུ། ཉེ་བའི་སྲས་ཆེན་བརྒྱད། ལ་མོ་གོང་ས་སྐུ་ཕྲེང་བརྒྱད་པ་མཆོག་དང་བེ་རུ་མེརྒན་སྐུ་ཕྲེང་རིམ་བྱོན། ཨ་ལག་མཱ་ཕྱག་ཚང་དང་ལྡོང་གི་སྦྲ་རྒན་གཅིག་ལས་བླ་མ་བདུན་འཁྲུངས་པའི་འདྲ་སྐུ་གཙོ་བྱས་སྔ་ཕྱི་མདའ་བཞིར་འཁྲུངས་པའི་སྐྱེས་ཆེན་རྣམས་ཀྱི་བླ་སྐུ་སོ་བདུན་ཙམ་དང་བཀའ་དགེ་ས་རྙིང་གི་མཁས་པའི་གསུང་འབུམ་མང་བོ་བཞུགས་ཡོད།
2020ལོར་མཛད་རྣམ་ཞལ་ཐང་ལེགས་པར་གྲུབ་རྗེས་ལོའི་དེའི་ཟླ་6/ཚེས་11ཉིན་གདན་ས་ཐར་ཤུལ་དགོན་དུ་སྤྱན་དྲངས་ཤིང་ཁོང་གི་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཆོས་འཕེལ་རྒྱ་མཚོ་ཚང་དང་ཁོང་གི་དགེ་རྒན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ཀྱིས་ཀྱང་མཛད་རྣམ་ཞལ་ཐང་ལ་ཞིབ་གཟིགས་མཛད་དེ་ཆེད་བསྔགས་གནངས་ནས་ཁ་བཏགས་དང་དམངས་སྒོར་ཁྲི་གཉིས་ཀྱིས་དཔའ་དར་འཐེན། ད་དུང་ལྷ་ཁང་བཞེངས་སྐྲུན་སྐབས་སུ་2022/ཟླ5ཚེས་5ཉིན་ལ་མོའི་ཡོངས་འཛིན་རྡོ་རྗེ་འཆང་གི་དངོས་སློབ་ཁྲི་རྒྱ་ནག་པའི་ཡང་སྤྲུལ་ལ་མོ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་མཆོག་སྐུ་འཁོར་དང་བཅས་པ་དངོས་སུ་ཕེབས་ནས་ཐུགས་དགྱེས་བརྩེ་ངང་དམངས་སྒོར་ཁྲི་ལྔ་གནང་སྦྱིན་མཛད་དེ་ཞལ་གསུང་གང་མང་གནང་བ་སོགས་སྔ་ཕྱིར་གང་དུ་ཁོང་གི་དངོས་སློབ་ཏུ་གྱུར་བའི་སྐྱེས་ཆེན་མང་བོ་ཞིག་གིས་ཐུགས་བཞེས་རྒྱ་ཆེར་མཛད་པའི་བཀའ་དྲིན་ནམ་ཡང་བརྗེད་ཐུབ་བྲལ།
འདི་ལྟ་བུ་ཞིག་བཞེངས་དགོས་པའི་སྙིང་བོ་ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་གུང་ཐང་ཡོངས་འཛིན་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་གི་ཞལ་ནས་ཁོང་ལ་མོའི་ཡོངས་འཛིན་རིན་པོ་ཆེ་ལྟ་བུ་འཛམ་གླིང་ན་གཅིག་མ་གཏོགས་མེད་ཅེས་གསུངས་པ་ལྟར་ཁོང་གི་མཛད་འཕྲིན་ཉི་ཟླས་ས་ཆེན་ཁྱབ་པའི་ཚུལ་གཅིག་པས་ཀྱང་ཤེས་ནུས་པས་ཁོང་ལྟ་བུའི་སྐྱེས་ཆེན་ཞིག་གི་རྣམ་པར་ཐར་བ་ལ་རང་ཅག་རྣམས་ཀྱིས་ཤེས་དགོས་པ་དང་ཤེས་ནས་ཀྱང་ཉམས་ལེན་བྱེད་ཐུབ་ན་ཅི་མ་རུང་སྙན་པའི་ཀུན་སློང་གཙང་མས་རྒྱ་ཕབ་ཏེ་སྐལ་ལྡན་ཀུན་གྱི་བགོ་སྐལ་དུ་བཞེངས་པ་ཡིན་ལ།
ས་གནས་མདའ་བཞིར་འདིར་བཞེངས་དགོས་པ་ཡང་ཁོང་གི་འཁྲུངས་ས་འཁྲུངས་ཡུལ་མདའ་བཞི་ཡིན་ལ། ཁོང་ཐོག་མར་ཚོགས་བཞུགས་གནང་སའང་བེ་རུའི་དགོན་དགེ་ལྡན་རྣམ་རྒྱལ་གླིང་འདི་ཡིན་པས་སྔ་རྗེས་ཀྱི་རྟེན་འབྲེལ་མང་བོ་ཞིག་ཆ་འཕྲོད་པ་དང་ཁོང་གི་བཀའ་དྲིན་གྱིས་བསྐྱངས་པའི་གྲངས་མེད་གདུལ་བྱ་མང་བོའི་རེ་བའི་ཆ་ཤས་ཙམ་བསྐོང་ཕྱིར་དུ་ཁོང་གི་ཉེ་གནས་ལྡོང་མཁྱེན་རབ་རྒྱ་མཚོ་དང་བསོད་ནམས་རྒྱ་མཚོ། སྐུ་ཚ་བློ་བཟང་བཀྲ་ཤིས་གསུམ་གྱིས་ཁོང་གི་རྗེས་དྲན་ལྷ་ཁང་གསར་བཞེངས་ཐད་མགོ་མཇུག་བར་གསུམ་གྱི་འགན་བཞེས་ཏེ་བྱ་བཞག་འདིའི་ལས་དངོས་ལ་འཇུག་སྟེ་བསྒྲུབས་པ་ཡིན་ནོ།།
རྗེས་དྲན་འདུ་ཁང་གི་ལོ་རྒྱུས་ཀྱི་ས་བོན་ཙམ་འདི་ནི་2025/3/25ཉིན་བསོད་ནམས་རྒྱ་མཚོས་བྲིས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn