མདོ་སྨད་གཙོས་སྲས་མཁར་དགུ་ཐོག་གི་ལོ་རྒྱུས་ལེགས་བཤད་ཉིན་བྱེད་འདྲེན་པའི་སྐྱ་རེངས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-08-16 16:53:02     རྩོམ་པ་པོ།   གཙོས་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

微信图片_20190816165441.jpg

༄༅།  །དེ་ལ་འདིར་མདོ་སྨད་རྨ་ཆུའི་ལྷོ་རྒྱུད་ཀྱི་དགེ་ལུགས་པའི་ཆོས་སྡེ་ཆེན་པོ་བཞིའི་ཡ་གྱལ། དགའ་ལྡན་ཁྲི་རབས་ང་གསུམ་པ་ཁྲི་ཆེན་དྷྭ་ཛ་སིང་ཧའི་གདན་ས་གཙོས་དགའ་ལྡན་ཆོས་གླིང་གི་མི་ལའི་མཐོང་གྲོལ་ལྷ་ཁང་ཆེན་མོ་ཇི་ལྟར་བཞེངས་པའི་ལོ་རྒྱུས་ནི་ཡིད་ཆེས་ཀྱི་ཁུངས་དང་དཔྱད་ཞིབ་ཟུང་དུ་འབྲེལ་བའི་སྒོ་ནས་ཚུལ་བཞིན་བརྗོད་པར་བྱའོ། །

ས་བཅད་དང་པོ།མི་ལའི་མཐོང་གྲོལ་ལྷ་ཁང་ཆེན་མོ་བཞེངས་པའི་ཐོག་མའི་རྟེན་འབྲེལ།

 མདོ་སྡེ་རྒྱན་ལས། ས་བཟང་བ་དང་གནས་བཟང་དང་། །ཞེས་པ་ལྟར་གནས་ཁྱད་པར་ཅན་རྗེ་བཙུན་བྱམས་པ་མགོན་པོའི་གནས་སུ་གྲགས་པའི་གཙོས་ས་ཆ་འདིར། རེབ་གོང་ནང་སོ་མཁར་འབུམ་རྒྱལ་ལ་སྙན་གྲགས་ཅན་གྱི་སྲས་གསུམ་འཁྲུངས་པའི་ཡ་གྱལ་མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཤར་སྐལ་ལྡན་རྒྱ་མཚོ་ཞེས་བྱ་བ་དེ་ཉིད་ཀྱི་སྐུ་མཆེད་བགྲེས་པ།  མདོ་སྨད་དུ་ཆོས་འབྱུང་དུ། ༼ཤ༣༠༤ཕ༢༢༽ཆེ་བ་བླ་མ་དམར་དམར་དུ་གྲགས་པའི་མཁས་གྲུབ་ཅིག་བྱོན་པ།  ཞེས་གསུངས་པའི་རོང་བོ་བླ་མ་དམར་དམར་རམ་མཚན་དངོས་ཕུན་ཚོགས་དར་རྒྱས་སམ་གྲགས་པ་རིན་ཆེན་དུ་འབོད་པ་དེ་ཉིད་གཙོས་དཔོན་པོ་ཀླུ་རྒྱལ་བྱམས་ཀྱི་མི་རྒྱུད་ཕྱི་མ་དཔོན་ཚེ་མཁར་རྒྱལ་གྱིས་རབ་བྱུང་བཅུ་བའི་ས་ལུག་(༡༦༡༩)ལོར་གཙོས་སུ་གདན་དྲངས་ཏེ་ད་ལྟའི་དགོན་ས་འདིར་ཐོག་མའི་གནས་གཞི་ལ་ས་དཀར་རི་ཁྲོད་དུ་གྲགས་པ་བཏབས་ཤིང་། སྒྲུབ་པའི་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བས་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་པས། གསུང་ལས་སྐྱེས་པའི་སློབ་མ་ཡང་སྟོན་སྒོམ་ངག་དབང་ཚུལ་ཁྲིམས། གཙོས་སྒོམ་རིན་ཆེན་བཟང་པོ། འབེ་ཤེས་རབ་མཆོག་ལྡན་སོགས་གྲུབ་པ་ཚད་དུ་འཁྱོལ་བའི་མཁས་གྲུབ་དུ་མ་བྱོན།  རབ་བྱུང་བཅུ་གཅིག་པའི་མེ་བྱི་(༡༦༣༦)ལོར་གྲུབ་དབང་སྐལ་ལྡན་རྒྱ་མཚོ་རི་ཁྲོད་འདིར་བྱོན་ཏེ་གཉུག་མར་གནས་པའི་སྒོམ་ཆེན་པ་དག་ལ་ཟབ་རྒྱས་ཆོས་ཀྱི་གདམས་པ་མང་དུ་སྩལ་ཞིང་།  སྔ་ཕྱིར་གཙོས་ཀྱི་རི་ཁྲོད་པ་དག་ལ་ལྟ་མགུར་དཔལ་བདེ་ཆེན་མ་དང་། མགོན་འཇམ་དབྱངས་མ། ཕན་བདེ་འགྲོ་བ་མ་བཅས་ལེ་ཚན་གསུམ་གནང་ཡོད་པ་ཤར་མགུར་འབུམ་དུ་ཡོད་པ་དེ་ཡིན།❶

    དེ་དུས་སུ་དེ་ཡང་ཇི་སྐད་དུ། གྲུབ་པའི་དབང་ཕྱུག་ཤར་སྐལ་ལྡན་རྒྱ་མཚོས། ཆོས་སྡེ་སྣོད་རྒྱ་མཚོའི་དོན་ལ་སྦྱངས། །རྗེ་སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན། །ཐུགས་ཤེས་རབ་མཆོག་གི་རྩལ་ལྡན་པ། །ཁོང་དགེ་བའི་བཤེས་གཉེན་དམ་པ།  ཞེས་དོན་དང་མཐུན་པར་བསྔགས་པ་ལྟར་མཁས་པའི་དབང་པོ་ཐུགས་སྲས་དམ་པ་འབེ་ཤེས་རབ་མཆོག་ལྡན་ཡང་རི་ཁྲོད་འདིར་བཞུགས་ཡོད་པས་ཁོང་གིས་ཐུགས་དམ་གྱི་རྟེན་རྗེ་མི་ལ་རས་པའི་སྐུ་གསུང་འབྱོན་མ་ཞིག་ཡོད་པ་གནང་སྟེ། མཐར་སྒྲུབ་པ་ཉམས་ལེན་ལ་གཞོལ་དགོས་པ་དང་གནས་སྐབས་སུ་ཐོས་བསམ་མཐར་ཕྱིན་པ་ལ་དབུས་འགྱུར་ཆོས་ཀྱི་དགའ་ཚལ་དུ་འགྲོ་བར་སྐུལ། དེ་ནས་དབུས་འབྲས་སྒོ་མང་གྲྭ་ཚང་དུ་བཀའ་པོད་ལྔ་ལ་སྦྱོང་བ་མཐར་སོན་ཏེ་གསང་ཕུར་དཀའ་བཅུའི་དམ་བཅའ་ཐོན་པ་དང་། འཆད་རྩོད་རྩོམ་གསུམ་ལ་མི་འཇིགས་པའི་སྒྲ་དབྱངས་ཆེས་ཆེར་བསྒྲགས་པ་སོགས་ཞིབ་པར་ཁོ་བོས་བསྒྲིགས་པའི་《གྲུབ་དབང་ཆོས་རྫོང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལེགས་བཤད་ཕན་བདེའི་འདོད་འཇོ་ཐར་ལམ་རབ་གསལ་སྒྲོན་མེ་》ལས་ཤེས་པར་བྱའོ། །  དེ་ནས་རེ་ཞིག་ན་ཁོང་གི་ཡབ་དབུས་མཇལ་དུ་ཕེབས་ཏེ་རང་ཡུལ་དུ་འབྱོན་པར་སྐུལ་བ་དང་། ལྷག་པར་གཙོས་དཔོན་པོ་ལྷ་འབུམ་གྱིས་ཡང་ཡང་ཞུ་བ་ནན་ཆེར་ཕུལ་ཏེ་གཙོས་སུ་གདན་དྲངས་པ་ལྟར་རབ་བྱུང་བཅུ་གཅིག་པའི་ས་རྟ་(༡༦༧༨)ལོར་སྔོན་གྱི་ས་དཀར་རི་ཁྲོད་དུ་ཕེབས་སྐབས། ད་ལྟའི་མགོན་ཁང་གི་ཤུལ་འདིར་དྲེའུ་རྟ་ཐབས་ཅིར་མཛད་ཀྱང་འགྲོར་མ་ཉན་པར་ཉལ་བསྡད་པས་ཐུགས་ལ་ཆོས་སྐྱོང་གི་བཞུགས་གནས་འདིར་བྱའོ་དགོངས་ཏེ་ཐོག་མར་གུར་གྱི་མགོན་ཁང་བཞེངས་ཤིང་། དེ་ནས་རི་ཁྲོད་རྒྱ་བསྐྱེད་དེ་ཆོས་སྡེ་ཆེན་པོ་འདི་ཉིད་ཕྱག་བཏབས། སྔར་གྱི་རི་ཁྲོད་ལ་ཤར་སྐལ་ལྡན་པས་དགེ་ལྡན་ཆོས་གླིང་ཞེས་ཕྱིས་འབྱུང་ལ་དགོངས་ཏེ་མཚན་གསོལ་ཡོད་པ་དམ་པ་འདི་བས་དགའ་ལྡན་ཆོས་གླིང་ཞེས་མིང་ཕལ་ཆེར་རང་སོར་བཞག ། གཉུག་མར་གནས་པའི་རི་ཁྲོད་པ་སུམ་ཅུ་ལྷག་བཞུགས་ཡོད་པའི་ཐོག་དཔོན་ལྷ་འབུམ་གྱིས་མངའ་རིས་ཀྱི་སྡེ་གྲོང་སོ་སོ་ནས་གྲྭ་རྒྱུན་བསྡུས་ཤིང་། འདུ་ཁང་དང་ལྷ་ཁང་སོགས་རྟེན་དང་བརྟེན་པ་ཇི་ལྟར་བཞེངས་པའི་ཚུལ་སོགས་《གདན་རབས་ལེགས་བཤད་ནོར་ཕྲེང་མཛེས་རྒྱན་》དུ་གསལ་བ་ལྟར་རོ། ། དེ་སྐབས་སྔར་མི་ལ་གཉིས་པ་གྲུབ་དབང་སྐལ་ལྡན་རྒྱ་མཚོས་མི་ལའི་སྐུ་ཁྱད་པར་ཅན་ཞིག་གནང་ཡོད་པ་ཁོང་གིས་བྱིན་རླབས་ཀྱི་མཐུ་དང་རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས་ཏེ་རྗེ་མི་ལའི་སྐུ་དེ་ནང་བཞུགས་ཀྱི་སྐུ་འབུམ་ཞིག་བཞེངས་སྐབས་རྨང་གཞིའི་ས་སློག་པ་ན། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་རྗེ་མར་བའི་བརྐོས་ཕོར་ཞིག་དང་། (བརྐོས་ཕོར་འདི་ད་ལྟའང་བཞུགས་ཤིང་གཙོ་སྐུ་མར་པ་ལོ་ཙཱ་སྐུ་རྫོགས་རིམ་གྱི་བཞུགས་སྟངས་ཅན། མཐའ་སྐོར་དུ་པཎ་ཆེན་ནཱ་རོ་བའི་སྐུ་ཆུང་བ་བཅུ། གཡས་གཡོན་གཉིས་སུ་མཆོད་རྟེན་ཉི་ཟླའི་ཏོག་དང་བཅས་པ་བཅུ་ཡོད་པ་ཁོ་བོས་དངོས་སུ་མཇལ་བ་ཡིན།) རྗེ་མི་ལའི་ཐང་ག །དུང་དཀར་པོ་གཡས་སུ་འཁྱིལ་བ་བཅས་ས་འོག་ནས་རྙེད་པས་རྟེན་འབྲེལ་མ་བསྒྲིགས་ངང་གིས་འགྲིག་པ་དང་། མ་ཟད་གཙོས་ས་ཆ་འདིར་བཙན་པོའི་དུས་སྐབས་ནས་ཆབ་སྲིད་ཀྱི་ས་གནད་གལ་ཆེན་དུ་གྱུར་པ་ལས་དུས་རབས་འདིའི་སྔོན་དུ་བཀའ་བརྒྱུད་དང་ས་སྐྱ་ལྟ་བུའི་ཆོས་ལུགས་གཞན་དག་བྱུང་བའི་ལོ་རྒྱུས་ཀྱང་མེད་པས་རྟེན་སྣ་ཁྱད་པར་ཅན་འདི་འདྲ་རྙེད་པ་ནི་ཤིན་ཏུ་ངོ་མཚར་དགོས་པ་ཞིག་ཡིན། མི་ལའི་སྐུ་འབུམ་བཞེངས་པ་དེ་ནི་ཕྱིས་སུ་མི་ལའི་མཐོང་གྲོལ་ལྷ་ཁང་བཞེངས་པའི་རྟེན་འབྲེལ་གྱི་ཐོག་མ་ཡིན་ཞེས་མཁན་རིན་པོ་ཆེ་ཡབ་རྗེ་༧ བསེ་རྡོ་རྗེ་འཆང་གིས་ཕྲན་ལ་དངོས་སུ་གསུངས་ཤིང་། ཉིད་ཀྱིས་མཛད་པའི་《གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ཆེན་མོ་བསྐྱར་བཞེངས་གྲུབ་པའི་ལོ་རྒྱུས་ཕན་བདེ་འདོད་འཇོ་》རུ་ཡང་། ཕྱིས་སུ་དམ་པ་དེས་རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས་ནས་རབ་བྱུང་བཅུ་གཅིག་པའི་ས་རྟ་ལོར་དགོན་འདིར་རྟེན་འདི་ནང་བཞུགས་ཀྱི་རྗེ་མི་ལའི་སྐུ་འབུམ་ཆེན་མོ་ཞིག་བཞེང་རྒྱུའི་སྦྱོར་བ་བརྩམས་ཏེ་རྨང་གཞིའི་ས་སློག་པ་ན། ལྷོ་བྲག་མར་བའི་ཐུགས་སྲས་རྗེ་མི་ལ་རས་པའི་ཐང་ག་ཞིག་དང་། དུང་དཀར་གཡས་འཁྱིལ་གཅིག་བཅས་ས་འོག་ནས་རྙེད་པ་དང་། ནམ་མཁར་འཇའ་ཚོན་ཤར་པ་སོགས་ངོ་མཚར་བའི་ལྟས་བཟང་མང་དུ་བྱུང་། ཞེས་གསུངས་སོ། །

  གཞན་ཡང་ཆོས་སྡེ་འདིའི་གྲྭ་རྒྱུན་བྲག་དགོན་པ་སྐུ་ཕྲེང་གཉིས་པ་བློ་བཟང་ཤེས་རབ་(༡༧༢༨--༡༨༠༠)དེ་བས་དགོན་པ་འདིར་བཀའ་པོད་ལྔའི་སློབ་གཉེར་མཐར་ཕྱིན་ཏེ་རེ་ཞིག་ཙ་ཡུས་རྡོ་ལུང་དང་། སྨན་ལུང་། རྐང་ཚའི་རྡོར་སེམས། ཤོ་བ། གཤག་རལ་གོང་འོག་སོགས་སུ་སྒྲུབ་པ་ལ་གཞོལ་ཞིང་། དེ་ནས་རབ་བྱུང་བཅུ་གསུམ་པའི་མེ་བྱ་(༡༧༧༧) ལོར་སྡེ་འདིར་བྱོན་ཏེ་ཁོང་རང་ཉིད་ཀྱི་ཐུགས་དམ་གྱི་རྟེན་ལྷོ་བྲག་མར་བའི་སྐུ་རང་བྱོན་ཞིག་ཡོད་པ་སྔར་གྱི་མི་ལའི་སྐུ་འབུམ་དེའི་ནང་རྟེན་དུ་བཞུགས་པས་བཀའ་བརྒྱུད་མེས་པོ་མར་མི་ཡབ་སྲས་ཀྱི་བྱིན་རླབས་ཀྱི་ཉི་འོད་ཕྱོགས་ཀྱི་ཕ་མཐར་རྒྱས་པའི་རྟེན་འབྲེལ་གྱི་སྣོན་མར་སོང་།  དེ་ཡང་《ལོ་རྒྱུས་ཕན་བདེ་འདོད་འཇོ་》རུ། ཤོ་བ་རིན་པོ་ཆེའི་སྤྲུལ་སྐུ་བྲག་དགོན་པ་བློ་བཟང་ཤེས་རབ་ཀྱིས་ཀྱང་ཁོང་རང་ཉིད་ཀྱི་ཐུགས་དམ་གྱི་རྟེན་གཙོ་རྗེ་ལྷོ་བྲག་མར་བའི་སྐུ་རང་བྱོན་ཞིག་བཞུགས་པའང་དགོས་པ་ཁྱད་པར་ཅན་ལ་དགོངས་ནས་སྐུ་འབུམ་ཆེན་མོའི་ནང་རྟེན་དུ་བཞུགས།  ཞེས་གསུངས་པ་ལྟར་རོ། །

ས་བཅད་གཉིས་པ། དངོས་གཞི་མི་ལའི་མཐོང་གྲོལ་ལྷ་ཁང་ཆེན་མོ་ཇི་ལྟར་བཞེངས་པའི་ཚུལ།

དང་པོ། མི་ལའི་ལྷ་ཁང་བཞེངས་པ་བོའི་འཁྲུངས་འདས་ལོ་ཚིགས་ལ་དཔྱད་པ།

   དེ་ཡང་མདོ་སྨད་གསེར་ལྡན་དགའ་མའི་ལྟོ་བར་གཡས་སུ་འཁྱིལ་བའི་གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོ་ཞེས་མཚན་སྙན་རྣ་བའི་དཔྱིད་དུ་འཇོ་བ་འདི་ཉིད་ཀྱི་བྱེད་པ་བོ་ནི་ཡོངས་གྲགས་སུ་ཨ་ལགས་མཚམས་པ་བ་ཚང་ཞེས་གསོལ་བ། རབ་ཏུ་བྱུང་བའི་མཚན་ལ་འཇམ་དབྱངས་དར་རྒྱས། མཚན་གཞན་ཨ་ལགས་རྗེ་བཙུན་ཚང་། གསང་མཚན་ཆོས་དབྱིངས་རྡོ་རྗེ། རྡོ་རྗེ་རྒྱལ་ཚབ། གཞན་འཇིགས་མེད་བྱང་ཆུབ་བཟང་པོ་སོགས་མཚན་གྱི་རྣམ་གྲངས་དུ་མས་འབོད་པའི་དམ་པ་དེ་ཉིད་ནི་གཙོས་ཚོ་བ་ཉེར་གཅིག་གི་ཡ་གྱལ་རུ་རྙིང་ཤོག་ཁའི་བྱ་སྐོར་སྡེ་ཁྲོད་དུ་རབ་བྱུང་བཅུ་བཞི་བའི་སྟོད་ཙམ་དུ་འཁྲུངས།  ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་དམ་པ་འདིའི་རྣམ་ཐར་《སྐྱེས་མཆོག་དམ་པ་ཆོས་དབྱིངས་རྡོ་རྗེའི་དག་སྣང་མགུར་མའི་འགྲེལ་བ་རྣམ་ཐར་དང་བཅས་པ་དད་ལྡན་གཙུག་རྒྱན་པད་དཀར་ཆུན་པོ་》(འོག་ནས་པད་དཀར་ཆུན་པོ་ཞེས་འབྲི་བར་བྱའོ།།) རུ་ཁོང་གི་འཁྲུངས་འདས་གསལ་ཁ་ཅན་བྲིས་མེད་པ་དང་། མི་ལའི་ལྷ་ཁང་གི་དཀར་ཆག་ཏུ་ཡང་གསལ་བོ་ཞིག་མེད་མོད་དཔྱད་ན་རགས་པ་ཙམ་ཞིག་རྣམ་པར་འཇོག་ནུས་ཏེ།  དམ་པ་འདི་བའི་རབ་བྱུང་གི་མཁན་པོ་ནི་ཁྱ་དགེ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་རྗེ་འཇམ་དབྱངས་བཀྲ་ཤིས་པ་ཡིན་ཞིང་། འདི་བ་དེ་དུས་སུ་གཙོས་དགོན་པའི་མཁན་པོར་བཞུགས་ཡོད་པ་ཀིརྟི་བརྒྱད་པ་བློ་བཟང་འཕྲིན་ལས་པས་མཛད་པའི་《རྣམ་ཐར་པད་དཀར་ཆུན་པོར་》གསུངས་ཏེ།  དེ་ལས། གཙོས་དགོན་གྱི་གྲྭ་ཚང་མཁན་པོ་འཇམ་དབྱངས་བཀྲ་ཤིས་པ་ལས་རབ་ཏུ་བྱུང་།  ཞེས་གསུངས། འོ་ན་རྗེ་འཇམ་དབྱངས་བཀྲ་ཤིས་པ་འདི་བ་མཁན་པོར་བཞུགས་དུས་ནམ་ཡིན་ཞེ་ན། ཁྲི་ཆེན་གཉིས་པའི་རྣམ་ཐར་ཉི་འོད་ཀྱི་རང་ལོ་རེ་གསུམ་པ་ས་ཡོས་(༡༨༡༩) ལོའི་མཛད་རྣམ་ཐད། ལོ་དེར་མཛོད་པ་ཆོས་རྗེ་དང་རྗེ་འཇམ་དབྱངས་བཀྲ་ཤིས་པ་བཅས་ཀྱིས་ཁྲི་ཆེན་གཉིས་པར་རང་རྣམ་རྩོམ་སྐུལ་མཛད་ཡོད་པ་དང་། དེ་དུས་ཁོང་ཁྲི་བ་ཟུར་མ་ཐག་ཡིན་པར་གསུངས་པས་དེས་ན་སྤྱི་ལོ་༡༨༡༥– - ༡༨༡༨བར་ཁོང་མཁན་ཁྲིར་བཞུགས་པར་རྗེས་སུ་དཔོག་ནུས་ཏེ། སྡེ་འདིའི་རྒན་པའི་ངག་རྒྱུན་དུ་ཁྱ་དགེ་སྤྲུལ་སྐུ་དང་མཛོད་པ་ཆོས་རྗེའི་དྲིན་ལས་ཁྲི་ཆེན་གཉིས་པས་དགོན་པ་འདིར་དབང་རྡོར་ཕྲེང་དང་མི་ཏྲ་བརྒྱ་རྩ་གཉིས་ཀ་གནང་བར་བཤད་པ་དང་། རྣམ་ཐར་ཉི་འོད་ཤོག་ངོས་༼ཤ༤༩བ༢༽དུ་ཡང་། དགའ་ལྡན་ཆོས་གླིང་གི་བླ་གྲྭ་གཙོའི་སྡེ་འབངས་ཚང་མ་འདུན་པ་གཅིག་དྲིལ་གྱིས་རྡོ་རྗེ་འཕྲེང་བའི་དབང་དགོས་ཚུལ་ནན་ཆེར་མཛད་པ་བཞིན་མེ་བྱི་(༡༨༡༦)ཧོར་ཟླ་བཞི་བའི་ཚེས་གཅིག་ལ་སྟ་གོན་དང་།  ཞེས་དང་། ཡང་ཤོག་ངོས་༼ཤ༥༠ན ༤༽སུ། སླར་ཡང་ཚང་མས་མི་ཏྲ་བརྒྱ་རྩའི་དབང་ཆེན་དགོས་ཞེས་བསྐུལ་བ་ལྟར་ཁས་བླངས། ཞེས་དང་། དེ་འོག་ཤོག་ངོས་༼ཤ༥༧བ ༢༽པར། རང་ལོ་རེ་གསུམ་པ་ས་མོ་ཡོས་(༡༨༡༩)ལོར་དགའ་ལྡན་ཆོས་གླིང་དུ་སྔ་གོང་ནས་བསྐུལ་མ་མཛད་པ་ལྟར་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཐུགས་དམ་བརྒྱ་རྩའི་དབང་ཆེན་བགྱིས་སྐབས། ཞེས་དང་། ཤོག་ངོས་༼ཤ༥༨བ ༤༽བར། འདི་སྐབས་རོང་བོའི་དགོན་ཆེན་གྱི་མཁན་ཟུར་བྱང་རྩེ་སྤྲུལ་བའི་སྐུ་དང་། འདི་ཀའི་མཁན་ཟུར་འཇམ་དབྱངས་བཀྲ་ཤིས་སོགས་དང་། ཞེས་གསལ་བར་གསུངས་པ་འདི་ལས་སྒྲུབ་བྱེད་གཞན་ག་ལ་དགོས། མ་ཟད་ཁོང་རབ་ཏུ་བྱུང་དུས་ཅུང་ཟད་སྙུན་ལྕི་བ་ཞིག་བྱུང་སྟེ་ཁྲི་ཆེན་གཉིས་པར་སྐྱབས་འཇུག་ཞུས་པར། ཁོང་གིས་བཙུན་ཆུང་འདི་བདེ་ན་རྗེས་སོར་ངེད་ཀྱི་གྲྭ་ཚང་དང་བསྟན་འགྲོར་ཕན་ཐོགས་པར་འདུག་ཅེས་གསུངས་པར་པད་དཀར་ཆུན་པོར་༼ཤ༣བ༡༽གསུངས་པས།  ཁོང་༡༨༡༢ལོའི་གོང་དུ་རབ་བྱུང་སྒྲུབ་པ་ཡིན་ན་ཁྲི་ཆེན་གཉིས་པ་དབུས་ལྷ་ལྡན་དུ་བཞུགས་ཡོད་པའི་དུས་ཡིན་པས་དུས་དེ་དང་མི་འགྲིག་ཅིང་། ༡༨༡༩ ལོའི་རྗེས་སུ་ཡིན་ན་ཁྱ་དགེ་སྤྲུལ་སྐུ་རྗེ་འཇམ་དབྱངས་བཀྲ་ཤིས་པའི་ཁྲི་ལོ་དང་མི་འགྲིག་པས་དེས་ན་གོང་གི་ལོ་དེ་གསུམ་གང་རུང་དུ་གཏན་འཁེལ་ཆོག་པའི་ཡིད་ཆེས་པའི་དཔྱད་པ་དེ་དག་ཡོད་པས།  དེས་ན་ཁོང་གི་འཁྲུངས་དུས་ནི་སྤྱི་ལོ་༡༨༠༨- -༡༨༡༠གང་རུང་དུ་གཟུང་བར་འོས་སོ། །

   ཁོང་གི་འདས་ལོའི་ཐད་པད་དཀར་ཆུན་པོ་དང་དཀར་ཆག་གཉིས་ཀར་གསལ་བོར་མེད། འོན་ཏེ་དམ་པ་འདི་བ་གཙོས་ཁྲི་ཆེན་གཉིས་པ་དང་གསུམ་པ། བཞི་བ་གསུམ་གའི་སྐུ་དུས་སུ་བཞུགས་ཡོད་པས་དགུང་ལོ་མཐོན་པོར་བཞུགས་ངེས་པ་ཞིག་སྟེ།  ཁྲི་ཆེན་གཉིས་པ་རབ་བྱུང་བཅུ་བཞི་བའི་ས་བྱ་(༡༨༤༩)ལོར་ཞིང་གཤེགས་པ་དང་། རྗེ་འཇམ་དབྱངས་དར་རྒྱས་པ་ཁོང་རབ་ཏུ་བྱུང་དུས་ཁྲི་ཆེན་གཉིས་པ་དགུང་ལོ་མཐོན་པོར་སོན་ཡོད་པ་པད་དཀར་ཆུན་པོར་གསུངས་ལ། ཁྲི་ཆེན་གསུམ་པ་རབ་བྱུང་བཅུ་བཞི་བའི་ཤིང་སྟག་(༡༨༥༤)ལོར་འཁྲུངས། རབ་བྱུང་བཅོ་ལྔ་བའི་མེ་བྱི་(༡༨༧༦) ལོར་འདས།  མི་ལའི་ལྷ་ཁང་བཞེངས་དུས་ཁྲི་ཆེན་གསུམ་པ་དགུང་ལོ་ཉི་ཤུ་བ་ཆུ་བྱ་ལོར་ཡིན་པ་དཀར་ཆག་ཏུ་གསུངས་ཏེ། དེ་ཉིད་ལས། རབ་བྱུང་བཅོ་ལྔ་བའི་བགྲང་བྱ་བདུན་པ་ཆུ་མོ་བྱའི་ལོ་ས་ག་ཟླ་བའི།  ཞེས་གསུངས་སོ། ། ཁྲི་ཆེན་བཞི་བའི་ཡང་སྲིད་བཙལ་འཚོལ་གྱི་སྐབས་ཁོང་བླ་རི་མགུལ་དུ་ཕེབས་ཏེ་གསེར་ཁྲི་ཚང་གི་འཁྲུངས་ཡུལ་ལ་གཏེར་སྒྲུབ་སོགས་གནང་ཞིང་བྱིས་པ་ཉིད་གཞན་དང་མི་འདྲ་བའི་དགྱེས་ཉམས་བཅས་ཁོང་གི་ཕྱག་ནས་རྡོ་དྲིལ་བླངས་ནས་དཀྲོལ་བ་སོགས་འཁྲུལ་མེད་ཀྱི་རྟགས་མཚན་མང་བར་ཐུགས་ངེས་ཆེན་པོ་གནང་འདུག་སྟེ།  གཙོས་ཁྲི་ཆེན་བཞི་བའི་(ཡོངས་གྲགས་སུ་ཨ་མདོའི་རྒྱལ་བ་བྱམས་པ་ཞེས་པའི་མཚན་སྙན་འཛིན་མར་གཡོ་བ་དེ་ཉིད་ལགས་ཤིང་།ཁོང་རབ་བྱུང་བཅོ་ལྔ་བའི་མེ་གླང་༡༨༧༧ ལོར་འཁྲུངས། རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག་༡༩༠༤ ལོར་འདས།) རྣམ་ཐར་བསེ་སྐུ་ཕྲེང་ལྔ་བ་༧བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོས་(༡༨༩༠- -༡༩༣༥) མཛད་པའི་རྣམ་ཐར་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ་དུ། ལོ་འདིར་(འཁྲུངས་ལོ་ཡིན།)གཙོའི་མཚམས་པ་ཚང་ཟམ་ཚའི་རོང་ཕྱོགས་སུ་འབྲུ་བསོད་ལ་ཕེབས་སྐབས་སུ་རྗེ་འདིའི་འཁྲུངས་ཡུལ་མནོའི་རྒན་ཚང་གི་ཁྱིམ་དུ་ཕེབས་ཚེ། བྱ་རོག་ཅིག་འཕུར་ལྡིང་བྱེད་ཅིང་གྲག་གྱིན་འདུག་པ་ན་མཚམས་པ་བ་ཚང་གིས་གཟིགས་ཏེ་འདི་མགོན་པོ་གུར་གྱི་ལྷ་བྱ་ཡིན། དེ་རིང་རྟེན་འབྲེལ་ལ་དཔག་ན་ཁྱེད་ཚང་གི་བྱིས་པ་འདི་ངེད་ཅག་གི་ཡབ་རྗེ་མཆོག་གི་ཡང་སྤྲུལ་ཡིན་མིན་གྱི་དོགས་པ་མེད་པས་གཙང་སྦྲ་གྱིས་གསུངས་ནས་ལྷ་རྫས་དཀར་པོ་སྲིད་དུ་རིང་བ་ཞིག་ཕུལ། ཞེས་དང་། རྣམ་ཐར་པད་དཀར་ཆུན་པོར་ཡང་དེ་དང་འདྲ་བར་གསུངས་པས་དེས་ན་གཙོས་ཁྲི་ཆེན་བཞི་བ་གདན་སར་ཕེབས་སྐབས་སུ་ཁོང་བཞུགས་ཡོད་ལ། ཁྲི་རྒན་འཇམ་པའི་དབྱངས་ཚང་གིས་མཛད་པའི་ཀིརྟི་བློ་བཟང་འཕྲིན་ལས་མཆོག་གི་《རྣམ་ཐར་ཐུབ་བསྟན་མཛེས་རྒྱན་》༼ཤ༤༢༡ ༽དུ་གཙོས་སྒར་དུ་ཕེབས་ཏེ། ནས། གཙོས་མཚམས་པ་བ་ཚང་གི་སྤྲུལ་སྐུ་དགེ་ཚུལ་དང་། འགའ་ཞིག་བསྙེན་རྫོགས་སུ་བསྒྲུབས། ཞེས་གསུངས་པའི་ལོ་ནི་ལྕགས་བྱི་(༡༩༠༠)ཡིན་པས་ལོ་འདི་སྐབས་སུ་ཁོང་ཞིང་གཞན་དུ་གཤེགས་ཚར་ནས་ཁོང་གི་སྤྲུལ་སྐུ་གདན་སར་ཕེབས་ཏེ་དགེ་ཚུལ་དུ་སྒྲུབ་པའི་དུས་ལ་སླེབས་འདུག་པས། དེས་ན་དགུ་ཐོག་བཞེངས་པ་བོ་བླ་མ་ཆོས་དབྱིངས་རྡོ་རྗེ་ནི་མ་མཐར་ཡང་སྤྱི་ལོ་༡༨༩༠བར་དུ་བཞུགས་ངེས་སོ།།

གཉིས་པ། དགུ་ཐོག་བཞེངས་པ་བོའི་མཛད་རྣམ་རགས་བསྡུས།

 རྣམ་ཐར་པད་དཀར་ཆུན་པོར། ༼༢ན༣༽ལྷ་དང་བླ་མའི་ལུང་བསྟན་དང་། དག་པའི་གཟིགས་སྣང་དང་སྐུ་ཚེ་འདིའི་མཛད་པའི་བབས་སོགས་གང་ཅིར་དཔག་ན་རྗེ་བཙུན་མི་ལ་བཞད་པའི་རྡོ་རྗེ་ཡབ་སྲས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་རྣམ་པར་འཕྲུལ་བ་ཞིག་ཡིན་པར་གདོན་མི་ཟ། ཞེས་གསུངས་པ་ལྟར་གྱི་རྗེ་བཙུན་འཇམ་དབྱངས་དར་རྒྱས་སམ་མཚན་གཞན་བླ་མ་ཆོས་དབྱིངས་རྡོ་རྗེར་འབོད་པ་དེ་ཉིད་ནི་གཙོས་ས་ཆའི་བྱ་སྐོར་སྡེ་ཁྲོད་དུ་རབ་བྱུང་བཅུ་བཞི་བའི་སྟོད་ཙམ་དུ་འཁྲུངས། དགུང་ལོ་ལྔ་ཙམ་ནས་སྔོན་གྱི་བག་ཆགས་ཀྱིས་གཙོས་དགོན་པ་ཡོད་སའི་ཕྱོགས་སུ་བྲོས་སྟབས་ཡང་ཡང་མཛད་ཅིང་། ཕྱིས་སྡེ་བའི་རྒྱབ་རིའི་རྩེ་ནས་དགོན་པ་མཐོང་བས་ཅིས་ཀྱང་དགོན་པར་འགྲོ་བའི་ཐུགས་ཐག་བཅད།  དེ་ནས་དགོན་པའི་ཁྲི་བ་འཇམ་དབྱངས་བཀྲ་ཤིས་པ་ལས་རབ་ཏུ་བྱུང་སྟེ་མཚན་འཇམ་དབྱངས་དར་རྒྱས་སུ་གསོལ། དེ་སྐབས་སྙུན་གཞི་དྲག་པོ་ཞིག་བྱུང་བར་ཁྲི་ཆེན་གཉིས་པའི་མདུན་དུ་སྐྱབས་འཇུག་ཞུ་བར་ཕེབས་སྐབས་ཁོང་གིས་སྤྱན་ནམ་མཁའ་ལ་གཟིགས་ནས་ཅུང་ཟད་བཞུགས་ཤིང་ཞལ་འཛུམ་པ་དང་བཅས་བཙུན་ཆུང་འདི་བདེ་ན་རྗེས་སོར་ངེད་ཀྱི་གྲྭ་ཚང་དང་བསྟན་འགྲོ་ལ་ཕན་ཐོགས་པར་འདུག་ཅེས་འབྱུང་འགྱུར་མཁྱེན་པའི་ལུང་བསྟན།  རང་གི་ཁུ་བོ་མཁས་གྲུབ་ཟེར་བ་ལས་འཕྲལ་སྦྱོར་གྱི་ཀློག་བསླབ། (《དཀར་ཆག་ཐར་ལམ་བགྲོད་བྱེད་དད་པའི་སྒོ་འབྱེད་》དུ་རང་གི་ཁུ་བོ་རྣམ་གཉིས་ཀྱི་གམ་དུ་བསྐྱལ། ཞེས་ཁུ་བོ་གཉིས་ཡོད་པར་བཤད། )  དགུང་ལོ་བཅུའི་སྟེང་ཆུ་ལེན་པའི་སྐབས་ཤིག་མགོན་ཁང་མཐོང་ས་ནས་རང་གིས་རང་ལ་ཚེ་འདིར་ཡང་ན་མདོ་སྔགས་ཀྱི་སློབ་གཉེར་མཐར་ཕྱིན་པ་ཞིག །ཡང་ན་སྒྲུབ་པ་མཐར་ཐོན་པ་ཞིག །དེ་གཉིས་གང་ཡང་མ་བྱུང་བར་རང་དགར་བསྡད་ན་ཆོས་སྐྱོང་གུར་གྱི་མགོན་པོས་ངའི་སྙིང་ཁྲག་བཞེས་ཤིག་ཅེས་དམ་བཅའ་དྲག་པོ་མཛད་པ་ལྟར།  ཚོགས་དང་ཆོས་གྲྭར་རྒྱུན་ཕེབས་ཀྱིས་བསྡུས་གྲྭ་བློ་རྟགས་ཕར་ཕྱིན་སོགས་བཀའ་པོད་ལྔ་ལ་བསླབ་སྦྱོང་རྡོ་རུས་ཐུག་པ་གནང་སྟེ་ཕར་ཕྱིན་དམ་བཅའ་བཞག ། སྐུ་ཚེའི་སྨད་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཉམས་རྟོགས་ཀྱི་ཀློང་བརྡོལ་བའི་ཟབ་མོའི་རྡོ་རྗེའི་མགུར་ཚིག་མང་དུ་མཛད་པར་ཀིརྟི་རིན་པོ་ཆེས་དེ་ལ་འགྲེལ་བ་ཡང་མཛད་ཡོད། བསེ་སྐུ་ཕྲེང་གསུམ་པ་བློ་བཟང་བཀྲ་ཤིས་རབ་རྒྱས་(༡༨༡༤- -༡༨༧༧)ལས་བསྙེན་པར་རྫོགས་པ་ནས་བསླབ་ཁྲིམས་མིག་འབྲས་བཞིན་བསྲུངས་པར་དབུ་སྐྲ་ན་བཟའ་བཞུགས་གདན་སོགས་ལ་ཚུལ་ཁྲིམས་ཀྱི་དྲི་བཟང་འཐུལ། འདུ་ཁང་གཡས་སུ་འཇམ་དབྱངས་དཀར་དམར་དང་དབྱངས་ཅན་མ་སོགས་ཀྱི་སྐུ་བརྙན་ཚད་དང་ལྡན་པ་བཞེངས། ཁྲི་ཆེན་གོང་འོག །སྐུ་ཞང་རིན་པོ་ཆེ། བསེ་སྐུ་ཕྲེང་གསུམ་པ། ཚོགས་གསུམ་ཚང་སོགས་བཤེས་གཉེན་སུམ་ཅུ་ལྷག་བསྟེན་ཏེ་ཟབ་རྒྱས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན། སྐུ་ཞང་རིན་པོ་ཆེ་ནས་རྗེ་འདི་བར་ལས་འཕྲོ་བཟང་པོ་ཅན། ཞེས་བསྔགས་པ་མཛད། མ་རྒན་འཁྲིད་དེ་དབུས་མཇལ་དུ་འགྲོ་སྐབས་ལམ་བར་ནས་དགྲ་ཇག་སོགས་ལ་ཡོ་བྱད་ཕངས་མེད་དུ་བཏང་ཞིང་དེ་འབྲེལ་གྱི་བསྔོ་སྨོན་གནང་། ཇོ་ཤཱཀ་རྣམ་གཉིས། སེ་འབྲས་དགའ་གསུམ། ལྷོ་བྲག་སོགས་ལ་གནས་སྐོར་ལོ་གསུམ་གྱི་བར་མཛད། ལམ་བར་ནས་ཇག་རྐུན་ཞིག་ནོར་ལ་རྔམ་སྟེ་མདུང་གིས་སྐུ་རྒྱབ་ལ་བསྣུན་པར་བླ་མ་དང་ཆོས་སྐྱོང་ལ་དད་པ་རྩེ་གཅིག་བྱས་པས་མདུང་རྩེ་མཆན་འོག་ཏུ་ཤོར་ཏེ་སྐུ་ལ་སྐྱོན་མ་བྱུང་བ་སོགས་ངོ་མཚར་བའི་མཛད་པ་མང་། ལྷོ་བྲག་ནས་སྲས་མཁར་བཞེངས་རྒྱུའི་སྨོན་ལམ་བཏབ་ཅིང་ཕྱི་ནང་གི་རྟེན་དང་བརྟེན་པའི་ཚད་དབྱིབས་ཡིད་ངོར་བཟུང་སྟེ་ཕེབས། ལྷོ་བྲག་གི་བླ་མ་སྤྱན་བཟང་རིན་པོ་ཆེས་བཞེད་དགུ་འགྲུབ་པའི་ལུང་བསྟན་དང་ཚེ་རབས་ལས་ཀྱི་བླ་མར་མཇལ་ཚུལ་གསུངས་པ་ཕྱིས་དགུ་ཐོག་བཞེངས་པ་དང་རྩ་བའི་བླ་མ་ཚོགས་གསུམ་ཚང་དང་མཇལ་བ་དེ་ཡིན་པར་གླེང་། ཕྱིར་རང་ཡུལ་ཏུ་ཕེབས་ཏེ་སྒྲུབ་པ་ལ་གཞོལ། སྐབས་ཤིག་སྔར་གྱི་ཐུགས་སྨོན་བཞིན་གཙོས་དགོན་པའི་ཤར་ཕྱོགས་སུ་ངོ་མཚར་སྤྲུལ་བའི་ལྷ་ཁང་མི་ལའི་མཐོང་གྲོལ་ཆེན་མོ་རྟེན་དང་བརྟེན་པ་བཞེངས་ཚུལ་འོག་ཏུ་འཆད་དོ། །  འདུ་ཁང་ཕུག་ཏུ་རྗེ་ཡབ་སྲས་གསུམ་འཁོར་དག་པ་རྣམ་བརྒྱད། རྗེའི་བཞུགས་ཁྲིའི་ངོས་ལ་ཆོས་རྒྱལ་གྱི་སྐུ་བརྙན་བཅས་བཞེངས་ཏེ་དགེ་ལྡན་རིང་ལུགས་དྲི་མ་མེད་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་བའི་སྨོན་ལམ་བཏབས། དགོན་པའི་རྒྱབ་རི་ཁྱུང་ཆེན་མཁའ་ལ་ལྡིང་བའི་གཡས་ཕྱོགས་སུ་དབེན་གནས་སྣང་བ་དགའ་སྐྱིད་ཅེས་བྱ་བའི་བསམ་གཏན་གྱི་ཁུང་བུ་བརྩིགས་ཏེ་ལྟོ་གོས་གཏམ་གསུམ་བློས་བཏང་གིས་སྒྲུབ་པ་ལ་གཞོལ། ཐུན་མཚམས་སུ་མ་ཎི། ཕྱག་སྐོར། ས་ཙྪ་འདེབས་པ་སོགས་དཀར་ཆོས་ལ་བརྩོན། ཁོང་གི་མ་རྒན་འདས་རྗེས་མཚམས་ཁང་སྒོ་འདག་སྦྱར་གྱིས་དཀའ་སྤྱད་མཛད། སྐབས་ཤིག་བཟའ་བཏུང་གིས་ཕོངས་ཀྱང་ཐུགས་ལ་ཆོས་སྒྲུབ་པ་ལ་མུ་གེས་ཤི་བ་མེད། གལ་སྲིད་ཤི་ཡང་སྐྱེ་འཆི་གྲངས་མེད་ཅིག་བྱས་ཀྱང་ཆོས་ཕྱིར་འཁྱག་གྲིར་དང་ལྟོགས་གྲིར་ཤི་བ་ད་ལན་ཙམ་ཡིན་པས་དོན་ལྡན་དུ་ཤི་བ་ཡིན་སྙམ་དུ་ཐུགས་སྟོབས་ལྷག་པར་བསྐྱེད་ནས་བཞུགས། ནུབ་ཅིག་མནལ་ལམ་དུ་མ་རྒན་ཕྱོགས་གཞན་དུ་སོང་བ་ཕྱིར་སླེབས་ནས་སྒོའི་ཕྱི་ནས་འཇོར་གྱིས་བརྐོས། ཉིད་ཀྱིས་ནང་ནས་སྟ་རེས་བཤིག་སྟེ་བུག་པ་ཁྲུ་གང་བ་ཞིག་བཏོད་ཚེ་མནལ་སད། དེ་ནས་རིམ་གྱིས་ལོག་འཚོ་དང་བྲལ་བའི་མཐུན་རྐྱེན་འབད་མེད་དུ་བྱུང་།  གཙོས་ལུང་བ་སྤྱིས་ཞུས་པ་ལྟར་གཙོས་དང་ཁ་གྱ། གནམ་ལྷ། ཅོ་ནེ་སོགས་ཀྱི་སེར་སྐྱ་ཁྲི་ཕྲག་ལྷག་ལ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། དགོངས་གཏེར་ལས་རྗེ་མི་ལའི་དབང་བཅས་སྩལ།  བར་སྐབས་གཙོས་དགོན་པར་གྲྭ་བ་ཉུང་སྟབས་ཡོན་བདག་རྣམས་ལ་གྲྭ་རྒྱུན་སློང་བས་ཉིས་བརྒྱ་ཙམ་བྱུང་བར་རབ་བྱུང་དང་དགེ་ཚུལ་བསྒྲུབས། དགོན་པའི་ཤ་འཆམ་སླར་གསོ་གནང་སྟེ་མ་ཎིའི་མགུར་དབྱངས་བཅས་གསར་རྩོམ་མཛད། ལོའུ་རྒྱ་མཁན་པོས་གདན་ཞུས་ལྟར་རྡོ་སྦིས་ཕྱོགས་སུ་ཕེབས་ཏེ། སངས་རྒྱས་འོད་སྲུང་རིང་གི་མཆོད་རྟེན་དུ་གྲགས་པའི་རྡོ་སྦིས་མཆོད་རྟེན་དེ་དེ་སྔར་ཞབས་དཀར་རིན་པོ་ཆེས་ཞིག་གསོ་མཛད་ཡོད་པ་བར་སྐབས་རྒྱ་དམག་གིས་བརླག་ཡོད་པར། ཁོང་གིས་རྡོ་སྦིས་དང་ཟ་ལར་ཚུན་ཆད་དུ་ཕེབས་ཏེ་རྟ་ནོར་བཅུ་དྲུག། གྲོ་རྒྱ་འཇག་དྲུག་ཅུ། རས་རྒྱབ་ཁལ་གཅིག །རྟ་སར་གཅིག །དངུལ་སྲང་བཅུ་གསུམ་གནང་སྟེ་ཞིག་གསོ་ལེགས་པར་མཛད་པ་ད་ལྟའི་བར་དུ་མ་ཉམས་པར་གནས་པ་འདིའོ། ། སྣང་ཚོད་སྤྲོས་བཅས་ཀྱི་དགེ་སྦྱོར་རིམ་པ་ཡང་ཟླ་བ་རེར་ཕྱག་ཁྲི་དགུ་དང་སྟོང་ཕྲག་བརྒྱད། བཟང་སྤྱོད་སྟོང་དང་ལྔ་བརྒྱ། ཡིག་དྲུག་དང་ཏཱ་རེ་ཆིག་འབུམ་ལྔ་ཁྲི།  གཞན་ཡང་ཆུའི་ཡོན་ཆབ་བྱེ་བ། མེ་མཆོད་འབུམ་གཉིས། ཡི་དམ་སོ་སོའི་ལས་རུང་གི་གྲངས་བསྙེན་ཚད་འཁྱོལ་སོགས་མདོར་ན་སྐུ་ཚེ་དེར་ཟུང་འཇུག་དབང་གི་རྒྱལ་པོའི་ཟ་མ་ཏོག་ལ་འདོད་དགུར་རྩེན་པའི་གྲུབ་རིགས་མཐོན་པོའི་སར་གཤེགས་ཡོད་ཚུལ་སོགས་ཞིབ་པར་གྲུབ་དབང་ཀིརྟི་རིན་པོ་ཆེས་མཛད་པའི་《རྣམ་ཐར་པད་དཀར་ཆུན་པོ་》ལས་ཤེས་པར་བྱའོ།།

གསུམ་པ།མི་ལའི་ལྷ་ཁང་ཇི་ལྟར་བཞེངས་པའི་ཚུལ།

  དམ་པ་འདི་བ་སྔར་དབུས་མཇལ་དུ་ཕེབས་སྐབས་ལྷོ་བྲག་སྲས་མཁར་དགུ་ཐོག་ཐོག་མར་མཇལ་དུས་མཐོང་ཙམ་ནས་དབུལ་བོས་གཏེར་རྙེད་པ་ལྟ་བུའི་དགའ་དད་མནོན་དཀའ་བ་འཁྲུངས་ཏེ། རང་ཡུལ་དུ་སྲས་མཁར་བཞེངས་རྒྱུའི་ཐུགས་འདུན་བཏང་ཞིང་། ལྷོ་བྲག་སྲས་མཁར་གྱི་ཚད་དབྱིབས་ཐིག་ལེན་སོགས་མཛད་པ་བཞིན་རང་དགོན་དུ་ཕེབས་ཏེ། གཙོས་ཁྲི་ཆེན་གསུམ་པར་ལྷ་ཁང་བཞེངས་སའི་ས་སློང་བས་ཕྱག་མཛོད་རྣམ་གཉིས་དང་བཅས་པས་ཐུགས་དགྱེས་བཞིན་ས་གཞི་འདི་གནང་སྟེ་བཞེངས་པ་མཐར་ཕྱིན་རྒྱུར་ཐུགས་སྨོན་ནན་ཏན་མཛད། རབ་བྱུང་བཅོ་ལྔ་བའི་ཆུ་བྱ་ལོའི་(༡༨༧༣) ས་གའི་ཉ་ལ་ལས་མགོ་བརྩམས་སྐབས་མཆོད་མེ་བརྟག་པར། རྨི་ལམ་དུ་བུད་མེད་མང་པོས་བྲོ་གར་འཁྲབ་བཞིན་དུ་དགུ་ཐོག་དེ་བརྩིགས་ཚར་བ་དང་མཉམ་དུ་དབུས་ན་རྡོའི་སྲོག་ཤིང་བཙུགས་པ་རྨིས་པ་ཁོང་གི་བླ་མ་ཚོགས་གསུམ་རིན་པོ་ཆེའི་སྙན་དུ་ཕུལ་བར།  བླ་མ་དེའི་རྨི་ལམ་དུ་ཡང་ཡུལ་ལྗོངས་ཆེན་པོ་ཞིག་རྨ་ཆུ་ལྟ་བུའི་ཆུ་ཆེན་གཉིས་ཤར་ནུབ་ཏུ་འགྲོ་བའི་བར་གསེར་གྱི་རྒྱ་ཕིབས་ཤིག་གི་འོག་ཏུ་བྱང་ཆུང་ཆོས་འཕེལ་ཟེར་བའི་མ་ཎི་འཁོར་ཆེན་ཞིག་འདུག་པ་རྨིས་པས་དུས་བབ་ཡིན་ཚུལ་གྱི་བཀའ་ལུང་དང་། ཁོང་རང་གི་མཚམས་ཁང་ར་བར་དགུ་ཐོག་ལྟ་བུའི་འབུམ་ཁམ་ཆུང་བ་ཞིག་བཞེངས་པར་བཀོད་ལེགས་ཕུན་སུམ་ཚོགས་པ་བྱུང་བ་སོགས་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་སྒོ་གཅིག་ཏུ་བབས་པའི་དགེ་མཚན་མངོན་དུ་གྱུར་བ་བཞིན།  རྒྱལ་རོང་ཚ་ཁོ་ཕྱོགས་ཀྱི་རྩིག་དཔོན་ཡི་དམ་སོགས་འཁོར་གཡོག་བཅུས་བརྩིགས་རྨང་བཏང་། གཙོས་ལུང་བ་སྤྱི་ནས་ས་རྡོ་ཤིང་ལེན་གྱི་ལས་ཁུར་མཐའ་དག་རང་ཁུར་མཛད། དེ་དུས་ལྷ་ཁང་གི་ཤིང་ཆ་རྣམས་དུང་ཕྲུག་ནགས་ཁྲོད་ནས་བླངས་ཤིང་། ལན་ཅིག་བླ་མ་རྗེ་བཙུན་པ་ཤིང་ལེན་གྱི་སར་ཕེབས་ཏེ་ལས་བཟོ་བ་དག་ལ་ཐར་བའི་ཕན་ཡོན་སོགས་ཀྱི་གཏམ་གྱིས་མགུ་བར་མཛད་དེ་སྔར་ལས་ལྷག་པའི་མཆོག་གསུམ་ལ་ཡིད་གཏན་འཁེལ་བར་མཛད། དེར་རྟེན་འབྲེལ་བརྟག་པར་ལྷ་ཁང་མཐར་ཕྱིན་པའི་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། ལས་བཟོ་བ་དག་ལ་མ་ཎིའི་མགུར་དབྱངས་བསླབ་སྟེ་མ་ཎི་འཐེན་བཞིན་དུ་ལྷ་ཁང་བརྩིགས་ཏེ་ཐོག་སོ་ལྔ་དང་རྒྱ་ཕིབས་ཉིས་བརྩེགས་བཅས་ཚིགས་བདུན་ཅན་གྱི་བདག་ཉིད་དུ་བཞེངས། ཕྱིའི་བཀོད་པ་རྣམས་གྲུབ་རྗེས་ནང་གི་རྟེན་བཞེངས་མཛད་ཅིང་། དེ་ཡང་སྐུ་བརྙན་ཕལ་ཆེ་བ་ཁོང་གིས་ཕྱག་བཟོ་མཛད། ལྷག་པར་ཐོག་སོ་གསུམ་པ་ཟིན་ཙམ་ནས་རྨི་ལམ་དུ་རྗེ་བཙུན་རིན་པོ་ཆེའི་སྣང་བ་ཡང་ཡང་བྱུང་བ་ལྟར་ཕྱིས་དེ་གཞིར་མཛད་དེ་མི་ལའི་སྐུ་བརྙན་གྱི་སྐུ་སྨད་ཀྱི་དབྱིབས་ཙམ་བཞེངས་ནས་ཕྱག་གཡོག་པ་ལྷ་བཟོ་སྒྲོལ་མ་དང་ཁོང་གཉིས་ཇ་བཞེས་ཏེ་སླར་བྱོན་སྐབས། སྐུ་སྟོད་རང་བྱོན་དུ་གྲུབ་པ་ཡིན་འདུག་པར་རྣམ་ཐར་པད་དཀར་ཆུན་པོར་གསུངས་པས་ཤིན་ཏུ་ངོ་མཚར་བའི་གནས་སོ། ། དཀར་ཆག་མཛེས་རྒྱན་དུ།  བཟོ་བཀོད་བྱ་དཀའ་ལ་ཚེགས་ཤིན་ཏུ་ཆེ་བ་འདི་ལ་ཐབས་སྣ་ཚོགས་པའི་ཤེས་རབ་ཀྱི་འཆར་སྒོ་སོགས་བདེ་བླག་ཏུ་ཤར་བ་ནི།  རྗེ་མི་ལ་ཡབ་སྲས་ཀྱི་བྱིན་རླབས་སྙིང་ལ་སིམ་པར་གོར་མ་ཆག །ཅེས་དང་། ཐང་ཙའི་ལྷ་བཟོའི་རྨི་ལམ་དུ། བྲག་རྩ་ཞིག་ཏུ་མགུར་དབྱངས་ལྷང་ལྷང་འཐེན་པ་ཐོས་པས་ཕྱོགས་ཀུན་ཏུ་བལྟས་པས་རི་རྩ་ན་དགེ་སློང་ཞིག་འདུག་པ་ལ་མགུར་བཞེས་མཁན་སུ་ཡིན། དེར་འགྲོ་ཐབས་ཨེ་ཡོད་ཞུས་པར། དེས་དེ་རྗེ་མི་ལ་ཡིན། དེའི་དྲུང་དུ་འགྲོ་བའི་ལམ་འདི་ཡིན་ཞེས་བསྟན་པ་བཞིན་སོང་བར་བྲག་ཕུག་ཅིག་ཏུ་གཙོས་མཚམས་པ་འདི་བ་བཞུགས་འདུག་པར་གསོལ་བ་དྲག་ཏུ་བཏབས་པས་གཉིད་སད།  ཕྱི་ཉིན་བླ་མ་ཆོས་དབྱིངས་རྡོ་རྗེ་འདི་བ་འབྲུ་བསོད་ལ་ཕེབས་པ་དང་མཇལ་ཞིང་གསར་དུ་བཞེངས་པའི་ལྷ་ཁང་གི་རྩེར་རྗེ་མི་ལའི་རྣམ་ཐར་རས་བྲིས་བཞེངས་དགོས་པའི་བཀའ་ཕེབས་པས་ཁོ་རང་ལྷག་པར་དད་དེ་མི་ལ་དང་ངོ་བོ་དབྱེར་མེད་དུ་སྒོམ། གཞན་ཡང་འདི་ལྟ་བུའི་རྒྱུ་མཚན་མང་ཡང་མངས་པས་འཇིགས་ནས་མ་བྲིས། རྣམ་ཐར་པད་དཀར་ཆུན་པོར། ༼ཤ༡༣བ༣༽རྗེ་ཉིད་རྗེ་བཙུན་རས་པ་ཆེན་པོ་ཡབ་སྲས་ཅི་རིགས་ཀྱི་སྐུའི་རྣམ་འཕྲུལ་དུ་དཔོག་པར་ནུས་པའི་རྟགས་དང་རྒྱུ་མཚན་ངོ་མཚར་བ་མང་དུ་ཡོད་པ་འདི་ལྟར་ལགས། ཞེས་གསུངས་སོ།། དེ་ལྟར་ཕྱི་ནང་གི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་མཐའི་ལྕགས་རིའི་སྟེང་མཆོད་རྟེན་ཆུང་བ་སྟོང་ཕྲག་ལྷག་ཐམས་ཅད་བཞེངས་གྲུབ་སྟེ་རབ་བྱུང་བཅོ་ལྔ་བའི་མེ་གླང་ལོར་ཟླ་ཚེས་དགེ་བར་གཙོས་ཁྲི་ཆེན་གསུམ་པ་བློ་བཟང་འཇམ་དཔལ་བསྟན་འཛིན་སེངྒེ་དཔལ་བཟང་པོ་དང་།  ཚོགས་གསུམ་རིན་པོ་ཆེ། སང་སང་སྨྱུང་གནས་པ་སོགས་སྐྱེས་སྤྲུལ་འདུས་པ་རྒྱ་མཚོ་དང་བཅས་པས་རྒྱུད་དང་མཐུན་པར་རབ་ཏུ་གནས་པ་ཆེན་མོ་མཛད་དེ་བྱིན་རླབས་ཀྱི་གཏེར་དུ་བསྒྲུབས། 

     སྐབས་འདིར་དཔྱད་པར་བྱ་བ་འདི་ཡོད་དེ། 《དཀར་ཆག་དད་པའི་སྒོ་འབྱེད་》དུ། གོང་ས་སྐྱབས་མགོན་མཆོག་ནས་རབ་གནས་ཆོ་ག་རྒྱས་པར་མཛད་ཅིང་།  ཞེས་ཁྲི་ཆེན་གསུམ་པས་དགུ་ཐོག་ལ་རབ་གནས་གནང་བར་གསུངས་ཡོད། ཀིརྟི་རིན་པོ་ཆེས་མཛད་པའི་ཁྲི་ཆེན་གསུམ་པའི་《རྣམ་ཐར་མེ་ཏོག་ཕྲེང་མཛེས་》༼ཤ༣༣ བ༦༽སུ་གདུལ་བྱ་རེ་ཞིག་རྫོགས་པ་ན་མེ་བྱི་(༡༨༧༦) ཧོར་ཟླ་བཅུ་གཉིས་པའི། ཞེས་དང་། ཚེས་བཅུ་བཞིའི་སྔ་དྲོའི་ཆར། ཞེས་རབ་གནས་གནང་བའི་སྔ་ལོར་ཞིང་གཤེགས་པར་གསུངས་འདུག་ལ། ཟླ་ཚེས་ཀྱང་ལོ་དེའི་ཧོར་ཟླ་བཅུ་གཉིས་པ་ཡིན་པར་གསུངས་འདུག །འོན་ཏེ་ཀིརྟི་རིན་པོ་ཆེའི་རྣམ་ཐར་ཁྲི་རྒན་འཇམ་པའི་དབྱངས་ཚང་གིས་མཛད་པའི་《རྣམ་ཐར་ཐུབ་བསྟན་མཛེས་རྒྱན་》དུ་༼ཤ༡༡༦༽མེ་གླང་(༡༨༧༧) ཧོར་ཟླ་གཉིས་པའི་ནང་གཙོས་ཁྲི་ཆེན་མཆོག་སྤྲུལ་རིན་པོ་ཆེ་གློ་བུར་དུ་དགོངས་པ་གཞན་དུ་གཏད་པས། ཞེས་དང་།  ཡང་ཀིརྟི་རིན་པོ་ཆེས་མཛད་པའི་བསེ་སྐུ་ཕྲེང་གསུམ་པའི་《རྣམ་ཐར་ཡིད་ཀྱི་དགའ་སྟོན་》དུ། ༼ཤ ༣༢༧༽མེ་གླང་ལོ་སར་དགའ་སྟོན་གྱི་རྗེས། ཞེས་དང་། ༼ཤ ༣༢༨༽འོག་ཙམ་དུ་དེ་སྐབས་རང་ཡུལ་ནས་འོང་མི་ཞིག་གི་ངག་ལམ་ནས་གཙོས་༧ཁྲི་ཆེན་རྡོ་རྗེ་འཆང་གི་མཆོག་སྤྲུལ་རིན་པོ་ཆེ་གློ་བུར་དུ་གཞན་དོན་དུ་དགོངས་པ་གཏད་པའི་གནས་ཚུལ་གསན་པས།  ཞེས་རྣམ་ཐར་འདི་གཉིས་ཀར་མེ་གླང་ལ་ཞིང་གཤེགས་པ་ལྟ་བུར་གསུངས་འདུག་ཅིང་། མ་ཟད་ཟླ་ཚེས་ཀྱང་ཧོར་ཟླ་གཉིས་པར་གསུངས་འདུག་པ་སྔ་མའི་ཚིག་ཟུར་དུ་གསལ་ལ། བསེའི་རྣམ་ཐར་དུ་ཡང་དེའི་འཕྲོར་ཧོར་ཟླ་གསུམ་པ་དང་བཞི་བའི་རྣམ་ཐར་གསུངས་འདུག་ལ།  མེ་གླང་ཧོར་ཟླ་བཞི་བའི་ཚེས་བཅུ་གཅིག་གི་ཉི་ཤར་ཙམ་ལ་བསེ་གསུམ་པ་དགོངས་པ་རྫོགས་པར་རྣམ་ཐར་དེར། ༼ཤ༣༢༩༽ཚེས་བཅུ་གཅིག་གི་ཉི་ཤར་ཙམ་ལ་རགས་པའི་གཟུགས་སྐུའི་ཟ་མ་ཏོག་སྐུ་གདུང་གིས་འདུལ་བའི་གདུལ་བྱའི་དོན་དུ་བཞག་ཅེས་གསུངས་པས་མེ་གླང་གི་ལོ་སར་རྗེས་དང་། ཟླ་གསུམ་པའི་གོང་དུ་ཡིན་པ་ཧ་ཅང་གསལ་ལོ། ། ད་ལྟ་ངེད་ཅག་གི་དགོན་པས་སྐུ་ཕྲེང་གསུམ་པའི་གདུང་མཆོད་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་བའི་ཉིན་དེར་བྱེད་བཞིན་པ་ནི་《རྣམ་ཐར་མེ་ཏོག་ཕྲེང་མཛེས་》གཞིར་བཞག་ཡིན་པས་དེས་ན་ཡང་སྙིང་ཅི་ཡིན་ནམ་ཞེ་ན། ཁྲི་ཆེན་གསུམ་པ་དང་བསེ་གསུམ་པ་གཉིས་ཀའི་རྣམ་ཐར་མཛད་པ་བོ་ནི་ཁྲི་ཆེན་གསུམ་པ་རང་དང་སྐུ་མཆེད་ཡིན་པའི་ཀིརྟི་བློ་བཟང་འཕྲིན་ལས་དཔལ་བཟང་པོ་ཡིན་པས་ཁོང་རང་གི་ནུ་བོའི་གནས་ཚུལ་ལ་ཤིན་ཏུ་རྒྱུས་མངའ་ཆེ་བ་དང་གཅིག ། རྣམ་ཐར་ཐུབ་བསྟན་མཛེས་རྒྱན་དུ་སྔ་ཕྱིར་ཀིརྟི་རིན་པོ་ཆེ་གཙོས་སུ་ཐེངས་བཅུ་དགུ་ཕེབས་པར་གསུངས་ཤིང་། དགོན་པ་འདིའི་རྒན་པའི་ངག་རྒྱུན་དུ་ཁྲི་ཆེན་གསུམ་པ་དགོངས་པ་གཞན་དུ་གཏད་རྗེས་ནས་ཀིརྟི་རིན་པོ་ཆེས་ནུ་བོའི་ཚབ་ཏུ་དགོན་པ་འདི་ཐུགས་དཀྱིལ་དུ་བསྣམས་ཏེ་འཆད་ཉན་བཤད་སྒྲུབ་ལ་དོ་དམ་གྱི་བཀའ་དྲིན་གཞལ་དཀའ་བ་གནང་བའི་ཐུགས་མཛད་དང་གཉིས།  ༧ བསེ་གསུམ་པའི་རྣམ་ཐར་གྱི་མཇུག་ས་ཡོས་(༡༨༧༩) ལོར་མཛད་གྲུབ་པར། ཐུབ་མཛེས་༼ཤ༡༢༤༽སུ། བསེ་སྤྲུལ་བློ་བཟང་བཀྲ་ཤིས་རབ་རྒྱས་པའི་རྣམ་ཐར་གྱི་མཇུག་ཉིན་འདིར་གྲུབ་པ་(དྲུག་པའི་ཚེས་བཞི་ཡིན།)གནང་ཞེས་གསུངས་པའི་མེ་གླང་ནས་ས་ཡོས་བར་ལོ་ཉུང་ཙམ་ལས་ཕྱིན་མེད་པ་གསུམ་གྱིས་གང་འགྲུབ་ཅེ་ན། 《མེ་ཏོག་ཕྲེང་མཛེས་》ཀྱི་མེ་བྱི་ལོ་དེ་འཐད་ཅིང་། རྣམ་ཐར་འདི་ཆུ་འབྲུག་(༡༧༩༢)ལོར་མཛད་གྲུབ་པར་ཐུབ་མཛེས་ཀྱི་ཆུ་འབྲུག་ལོའི་མཛད་རྣམ་ཐད་དུ། ༼ཤ༢༣༣༽གཙོས་གསེར་ཁྲི་སྐུ་ཕྲེང་གསུམ་པའི་རྣམ་ཐར་དང་། བླ་མའི་རྣལ་འབྱོར་གྱི་འགྲེལ་བ་སོགས་གསུང་རྩོམ་མང་ཙམ་གནང་། ཞེས་གསུངས་པས་མེ་བྱི་ནས་ཆུ་འབྲུག་བར་ལོ་བཅུ་བདུན་འགོར་བས་རྣམ་ཐར་ས་བོན་ལ་ཡུན་རིང་དཔྱད་ཁོམ་ཡོད་པ་དང་། ཁོང་གི་སྐུ་མཆེད་ཀྱི་འཁྲུངས་འདས་ལ་ཁོང་ལས་རྒྱུས་ཆེ་བ་དཀའ་བས་འདས་ལོ་མེ་བྱི་དང་ཟླ་ཚེས་ཀྱང་མེ་ཏོག་ཕྲེང་མཛེས་ལྟར་ཧོར་ཟླ་བཅུ་གཉིས་པ་འཐད་དེ། རང་གི་བླ་མའི་གདུང་མཆོད་ཀྱི་ཉིན་ལ་རང་གྲྭ་ལས་རྒྱུས་ཆེ་བ་འཇོག་དཀའ་བ་དང་ལོ་དེ་ནས་ད་ལྟའི་བར་ཉི་མ་དེ་རང་ལ་གདུང་མཆོད་བཏང་ནས་ཡོང་བ་ཡིན་པས་ནོར་ག་ལ་སྲིད། འོ་ན་༧ བསེ་ཚང་རྣམ་ཐར་ཡིད་ཀྱི་དགའ་སྟོན་དང་། ༧ ཀིརྟི་ཚང་གི་རྣམ་ཐར་གཉིས་ཀར་མེ་གླང་དང་ཧོར་ཟླ་གཉིས་པར་གསུངས་པ་ཅི་ཡིན་ཞེ་ན། སྔ་མ་ནི་དེའི་སྐབས་༧བསེ་གསུམ་པ་སོག་ཡུལ་དུ་བཞུགས་ཡོད་པས་དུས་ལྟར་སྙན་གསན་འབུལ་མ་ཐུབ་པར་ཕྱི་ལོའི་ཧོར་ཟླ་གཉིས་པར་སོག་ཡུལ་དུ་སྙན་ཞུ་འབྱོར་བ་ཡིན་པར་དགོངས་པ་ལེན་དགོས་ཏེ། རང་ཡུལ་ནས་འོང་མི་ཞིག་གི་ངག་ལམ་ནས། ཞེས་གསུངས་པས་སོ། ། ཕྱི་མ་ནི་མེ་བྱི་ལོར་ཀིརྟི་རིན་པོ་ཆེ་ཁྲོ་ཁོ། མཛོད་དགེ་སྟོད་སྨད། ཨ་སྐྱིད། ནང་བ། ནག་ཚང་། ཐང་སྐོར། རྨོག་རུ། ཧོར་ཚང་སོགས་སུ་ཕེབས་བཞུད་ཀྱི་སྤྲོས་པ་ཆེ་བ་དང་། ལྷག་པར་ལོ་འདིར་ཁོང་གི་ཡོངས་འཛིན་ཐུབ་བསྟན་མཐའ་ཡས་ཚང་དགོངས་པ་གཞན་དུ་གཏད་པར་སྐུ་གདུང་གི་སྲི་ཞུ་དང་མཆོད་འབུལ་རྒྱ་ཆེར་གནང་བའི་མཛད་བྲེལ་དང་།  དེ་ནས་བཅད་རྒྱར་ཡུན་རིང་བཞུགས་པར་རྣམ་ཐར་དུ་གསུངས་པས།  ཁོང་ཉིད་མེ་བྱི་ལོའི་མཇུག་ཏུ་གཙོས་སུ་ཕེབས་མ་ཐུབ་པར་མེ་གླང་ཧོར་ཟླ་གཉིས་པར་དགོངས་རྫོགས་སུ་གདན་འདྲེན་བྱུང་བ་ལྟར་ཕེབས་པར་དགོངས་པ་ལེན་དགོས་ཀྱི།  ཁྲི་ཆེན་གསུམ་པ་དགོས་པ་རྫོགས་འཕྲལ་གདན་འདྲེན་བྱུང་སྟེ་ཕེབས་པར་གོ་མི་རུང་ངོ་། །དེས་ན་དཀར་ཆག་སྒོ་འབྱེད་དུ་རབ་གནས་གནང་བར་གསུངས་པ་ཡང་མེ་བྱི་ལོ་ལ་ཡིན་གྱི་མེ་གླང་ལ་མིན་པ་ནི་ངེས་པར་ཤེས་པར་བྱའོ། ། 

  དེ་ནས་ས་སྟག་ལོའི་ཧོར་ཟླ་བདུན་པའི་བཅུ་གཅིག་གི་སྐྱ་རེངས་ཤར་བ་མཉམ་དུ་དགུ་ཐོག་གི་རྩེར་ལྕགས་ཐག་འཐེན་ཏེ། མདའ་ཡབ་འོག་གི་ལྕགས་ཐག་ལ་འཇུས་ནས། །ཚེ་སྣང་གཅིག་སྟེ་སྐོར་བ་གཅིག་བྱིན་ན། །བསྐལ་བར་བསགས་པའི་སྡིག་སྒྲིབ་ཀུན་དག་ནས། །ངན་སོང་སྐྱེ་སྒོ་ཆོད་ལ་གསོལ་བ་འདེབས། །ཞེས་ཆོས་བརྒྱད་ལ་ཞེན་ལོག་དྲག་པོས་ཀུན་ནས་བསླངས་ཏེ་རིས་མེད་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་འགྱུར་ངེས་ཀྱི་ཐུགས་སྨོན་དྲག་པོ་མཛད་དོ། །

བཞི་པ། ལྷ་ཁང་བཞེངས་དུས་ཀྱི་དོགས་གཅོད།

 མི་ལའི་ལྷ་ཁང་བཞེངས་དུས་ལ་སྤྱིར་གོང་སྨྲས་ལྟར་རྩོད་མེད་ཡིན་ནའང་བར་སྐབས་དྲ་ལམ་དང་གསར་ཤོག་ཁག་ཏུ་མི་ཤེས་པའམ་བོད་ཡིག་གི་རྒྱུ་ཆ་ཅི་ཡང་མ་བལྟས་པར་རྒྱ་མི་བོད་ཡིག་མི་ཤེས་པ་འགས་བྲིས་པ་ལ་ཚད་མར་བྱས་ཏེ།  གང་སར་ལོ་ཚིགས་མ་ཡིན་པ་བྲིས་ཤིང་། ཆན་ལུང་གོང་མའི་སྲིད་ལོ་ལ་མི་འགྲིག་བཞིན་དུ་སྦྱར་འདུག ། དེའི་རྗེས་སུ་རི་བོང་ཅལ་འདྲོགས་ཀྱི་ཚུལ་ལྟར་སོང་ན་མི་ལེགས་སྙམ་སྟེ་ལོ་ཚིགས་རྣམས་ཕན་ཚུན་བསྡུར་ཏེ་འདིར་གསལ་བར་བྱའོ། །  དགུ་ཐོག་བཞེངས་དུས་ལ་གོང་དུ་བརྗོད་པ་ལྟར་ཐོག་མའི་རྟེན་འབྲེལ་གྱི་ཚུལ་དང་དངོས་གཞི་བཞེངས་པའི་དུས་གཉིས་ཡོད་པས།  ཆེས་ཐོག་མ་ནི་རབ་བྱུང་བཅུ་གཅིག་པའི་མེ་བྱི་ལོར་(༡༦༣༦) ལོར་གྲུབ་དབང་སྐལ་ལྡན་རྒྱ་མཚོས་ཁོང་གི་དངོས་སློབ་འབེ་ཤེས་རབ་མཆོག་ལྡན་ལ་རྗེ་མི་ལའི་སྐུ་གསུང་འབྱོན་མ་ཞིག་གནང་བ་ལས་རྗེ་མི་ལའི་ལྷ་ཁང་བཞེངས་རྒྱུའི་རྟེན་འབྲེལ་གྱི་དབུ་བརྙེས་པ་ཡིན་པ་དང་། དེ་ནས་ས་རྟ་(༡༦༧༨) ལོར་འབེ་ཤེས་རབ་མཆོག་ལྡན་གྱིས་སྐུ་དེ་ནང་བཞུགས་ཀྱི་སྐུ་འབུམ་(ལྷ་ཁང་ཆུང་བ་ཞིག་ཡིན།) ཞིག་བཞེངས་པ་དེ་ནི་མི་ལའི་ལྷ་ཁང་བཞེངས་པའི་དངོས་གཞིའི་སྦྱོར་བ་ཡིན། དེ་རྗེས་བྲག་དགོན་སྐུ་ཕྲེང་གཉིས་པས་ཁོང་གི་ཐུགས་དམ་གྱི་རྟེན་ཁྱད་པར་ཅན་ལྷོ་བྲག་མར་བའི་སྐུ་དེ་སྔར་གྱི་སྐུ་འབུམ་མམ་ཡོངས་གྲགས་སུ་ལྷ་ཁང་ཆུང་བ་ཞེས་འབོད་པ་དེར་བཞུགས་པས་མར་མི་ཡབ་སྲས་ཀྱི་བྱིན་རླབས་ཀྱི་སྣང་བ་ས་འདིར་རྒྱས་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཆེད་དུ་མ་བསྒྲིགས་པར་ངང་གིས་འགྲིག་པ་ལྟ་བུ་བྱུང་བ་ཡིན། དེ་ནས་གྲུབ་དབང་འཇམ་དབྱངས་དར་རྒྱས་སམ་བླ་མ་ཆོས་དབྱིངས་རྡོ་རྗེས་རབ་བྱུང་བཅོ་ལྔ་བའི་ཆུ་བྱ་(༡༨༧༣)ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་དངོས་གཞི་ལྷ་ཁང་གི་རྨང་བཏིང་སྟེ་སྔ་ཕྱིར་ལོ་ངོ་ལྔ་ལ་ཡོངས་སུ་རྫོགས་པར་གྲུབ་པར་བྱས་པ་ཡིན་ཏེ། 《པད་དཀར་ཆུན་པོར་》ཆུ་མོ་བྱའི་ལོའི་ས་ག་ཟླ་བའི་ཚེས་༡༥ཉིན་ས་ཆོག་དང་རྩིག་རྨང་བཏིང་སྟེ། ༼ཤ༡༡བ༽ ཞེས་དང་། ༼ཤ༡༤ན༽བསྐལ་པ་སྟག་གི་ལོའི་བདུན་པའི་ཚེས་བཅུ་གཅིག་གི་སྐྱ་རེངས་ཤར་བ་དང་མཉམ་དུ་ལྕགས་ཐག་འཐེན། ཞེས་གསལ་བར་གསུངས་པ་འདི་ལས་རྒྱུ་མཚན་རྣོ་བ་ག་ལ་དགོས། གལ་ཏེ་རབ་བྱུང་བཅུ་གསུམ་པའི་མེ་བྱ་(༡༧༧༧)ལོར་བཞེངས་པ་ཡིན་ན་དེ་དུས་བླ་མ་ཆོས་དབྱིངས་རྡོ་རྗེ་ཁོང་མ་མཐར་དགུང་ལ་བཞི་བཅུ་ལྷག་སོན་དགོས་པས། དེ་ནས་བརྩིས་པའི་གཙོས་ཁྲི་ཆེན་བཞི་པ་འཁྲུངས་སྐབས་ཁོང་གིས་འཁྲུངས་གཞིས་སུ་གཏེར་སྒྲུབ་གནང་བ་ཡིན་པ་རྣམ་ཐར་གཉིས་དང་དཀར་ཆག་གསུམ་གར་གསུངས་པས། སྔ་མའི་མེ་བྱ་ནས་ཕྱི་མའི་ཆུ་བྱ་བར་བགྲང་བྱ་བརྒྱ་ཡོད་པས་དགུ་ཐོག་བཞེངས་པ་བོ་ལོ་བརྒྱ་དང་བཞི་བཅུར་ཉེ་བར་བཞུགས་པའི་ཐལ་བ་འདི་བཟློག་ཏུ་མེད་དོ། །  གལ་ཏེ་དགུང་ལོ་དེ་འདྲ་མཐོན་པོར་བཞུགས་ངེས་སོ་ཞེ་ན་བཞུགས་ངེས་པ་གང་ཟག་གཞན་ལ་ནི་ཡོད་སྲིད་མོད་ཁོང་ལ་ནི་མིན་ཏེ། གཙོས་ཁྲི་ཆེན་གཉིས་པ་མེ་གླང་༡༧༥༧ ལ་འཁྲུངས། ས་བྱ་༡༨༤༩ ལ་གཤེགས་པར་རང་རྣམ་ཉི་འོད་དང་དེའི་ཁ་སྐོང་གཙོས་ཨ་བསྟན་རིན་པོ་ཆེས་མཛད་པ་གཉིས་ལས་གསུངས་པ་དང་། ཁོང་དགུང་ལོ་མཐོན་པོའི་སྐབས་ཤིག་དགུ་ཐོག་བཞེངས་པ་བོ་རབ་ཏུ་བྱུང་མ་ཐག་པ་ཞིག་མདུན་དུ་མཇལ་དུ་ཕེབས་པར་“བཙུན་ཆུང་”ཞེས་གསུངས་པར་པད་དཀར་ཆུན་པོ་དང་དཀར་ཆག་སྒོ་འབྱེད་གཉིས་ཀ་ཞལ་མཐུན་པས།  གལ་ཏེ་རབ་བྱུང་བཅུ་གསུམ་པའི་མེ་བྱ་ཡིན་ན་དེ་དུས་ཁྲི་ཆེན་གཉིས་པ་དགུང་ལོ་ཉེར་གཉིས་ཙམ་ལས་བཞེས་མེད་པ་དང་། ད་དུང་དགུ་ཐོག་བཞེངས་པ་བོ་དེའི་གོང་དུ་རབ་བྱུང་བསྒྲུབས་པ་ཡིན་དགོས་པས་དེ་དུས་སུ་ཁྲི་ཆེན་གཉིས་པ་སྐུ་མ་འཁྲུངས་པ་ཞིག་ཏུ་ཁས་ལེན་དགོས་པས་ཤིན་ཏུ་ནས་མི་འགྲིག་གོ ། མ་ཟད་༡༧༧༧ ནི་མེ་བྱ་ལ་བབ་ཀྱི་རྣམ་ཐར་པད་དཀར་ཆུན་པོར་གསུངས་པ་ལྟར་ཆུ་བྱ་ག་ལ་ཡིན། ཚུལ་འདི་ནི་ལོ་རྒན་དྲུག་ཅུའི་ཕྱོགས་ཤེས་ཡོད་པ་ཙམ་གྱིས་ཤེས་པར་འགྱུར་རོ། ། པད་དཀར་ཆུན་པོར་ཆུ་མོ་བྱ་ཞེས་པ་ལ།  དཀར་ཆག་ཏུ་རབ་བྱུང་བཅོ་ལྔ་བའི་བགྲང་བྱ་བདུན་པ་ཆུ་མོ་བྱའི་ལོའི་ས་ག་ཟླ་བའི། ཞེས་གསལ་ཁ་བཏོན་འདུག་པས་དེས་ན་དངོས་གཞིའི་མི་ལའི་ལྷ་ཁང་ཐོག་བརྩེགས་ཅན་བཞེངས་པའི་དུས་ནི་ཆུ་བྱ་སྤྱི་ལོ་༡༨༧༣ ལོ་ཡིན་པ་ཤེས་པར་གྱིས་ལ། སྔ་ཕྱིའི་ལོ་རྒྱུས་ཆ་ཚང་ཞིབ་པར་ངེས་ན་དུས་ཡུན་ཐུང་དྲགས་སོ་སྙམ་པའི་རི་བོང་གནམ་རྡིབ་ཀྱི་བློ་དོག་དེ་ཡང་མི་དགོས་སོ། ། དེ་ནས་རབ་བྱུང་བཅུ་དྲུག་པའི་མེ་ལུག་༡༩༦༧ ལོའི་བར་དུ་བགྲང་བྱ་དགུ་བཅུ་ལྷག་གི་རིང་སྐྱེ་དགུའི་བསོད་ནམས་གསོག་པའི་ཞིང་མཆོག་དམ་པར་ལྷམ་མེར་བཞུགས་པ་ལགས་སོ། །

ལྔ་པ། ལྷ་ཁང་སྔོན་མའི་རྟེན་གསུམ་དཀར་ཆག་གི་ཐོ།

 གཙོས་མི་ལའི་ལྷ་ཁང་ནི་བོད་ཁམས་ཀྱི་ལྷ་ཁང་གཞན་དག་དང་མི་འདྲ་བར་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་དང་གསང་སྔགས་གསར་རྙིང་། རྒྱ་བལ་གྱི་པཎ་གྲུབ། ཆོས་རྒྱལ་མེས་དབོན་སོགས་ཆོས་འབྱུང་སྤྱིའི་བསྟན་པའི་བྱུང་རིམ་དང་མཐུན་ཅིང་། དགོན་པ་དེ་ཆོས་བརྒྱུད་གང་ཡིན་ན་རྟེན་བཞེངས་ཀྱང་ཆོས་བརྒྱུད་དེ་ཁོ་ན་ལས་བཞེངས་པའི་རིས་སུ་ཤོར་བ་དེ་ལྟ་མ་ཡིན་པར། གདུལ་བྱའི་ཚོགས་མཐའ་ཡས་པ་ལ་སྒོ་བསྟུན་པ་སྟེ། 《པད་དཀར་ཆུན་པོར་》༼ཤ༡༡བ༦༽ནང་རྟེན་གྱི་བཀོད་པ་རྣམས་ཀྱང་གྲུབ་མཐའི་ཁ་འཛིན་གྱི་ཕྱོགས་ལྷུང་གི་དབང་དུ་སོང་བ་ལྟ་བུ་མ་ཡིན་པར་ཁམས་དང་བསམ་པ་དང་། དབང་པོ་མི་འདྲ་བའི་གདུལ་བྱ་སོ་སོར་ཐར་བ་བླ་ན་མེད་པར་བཀྲི་བའི་དོན་ཆེན་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ཚང་ལ་མ་ནོར་བ་བཀའ་གདམས་གསར་རྙིང་དང་། གསང་ཆེན་སྔ་ཕྱིར་འགྱུར་བའི་རིང་ལུགས་སོགས། ཞེས་གསུངས་པ་ལྟར་རོ། ། ལྷ་ཁང་བཞེངས་པ་བོ་ཉིད་ཀྱང་གྲུབ་མཐའ་རིས་མེད་ཀྱི་གདམས་པའི་གཏེར་ཏུ་གྱུར་པ་ཞིག་སྟེ། ཁྲི་ཆེན་གོང་འོག་དང་། སྐུ་ཞང་རིན་པོ་ཆེ་སོགས་ལས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཟབ་གསང་ཕྲ་མོའི་གདམས་པ་ངོམས་མེད་དུ་འཐུང་ཞིང་། ཚོགས་གསུམ་རིན་པོ་ཆེ་ལས་གསང་སྔགས་སྔ་འགྱུར་བའི་མདོ་སྒྱུ་སེམས་གསུམ། བཀའ་གཏེར་གྱི་གདམས་པ་ལ་ཕུ་ཐག་བཅད་དེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྟོགས་པ་ཐམས་ཅད་ཐུགས་ལ་འཁྲུངས་པར་ལྟ་བ་དེ་ཤར་གྱི་རྡོ་རྗེའི་མགུར་ཚིག་གླུ་རུ་བཞེས་པ་ལས་ཤེས་ནུས་ཏེ། ཁོང་གི་ལྟ་མགུར་ལས། རང་བྱུང་ལྷུན་གྲུབ་འགྱུར་མེད་བདེ་བ་ཆེན་པོའི་ཕོ་བྲང་དུ། །རང་གསལ་འཛིན་མེད་ལྷུག་པར་འཇོག་པའི་མི་ལ་རྒད་པོ་ང་། །སྣ་ཚོགས་འགྲོ་ལ་སྣང་ཚུལ་མི་འདྲ་མཛད་པ་ལྷུན་གྱིས་གྲུབ་པ་སྤྲུལ་པའི་སྐུ། །སྐུ་གསུམ་ལྷུན་གྲུབ་འདུས་མ་བྱས་པ་ཨེ་མ་ངོ་མཚར་རྨད་ཀྱི་ཆོས། ། ཞེས་གསུངས་ཏེ་ཚིགས་བཅད་འདི་ལ་འགྲེལ་ལུགས་གསུམ་དུ་བྱ་སྟེ། དང་པོ་དཔལ་རི་བོ་དགེ་ལྡན་པའི་ལུགས་ལྟར་ན། ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པའི་སྟེང་ནས་ཕྱི་ནང་གི་ཐབས་ཁྱད་པར་ཅན་གྱི་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་འབད་པས་ལུས་དབེན། ངག་དབེན། སེམས་དབེན་རྣམས་རིམ་གྱིས་བགྲོད་དེ་དཔེ་དང་དོན་གྱི་འོད་གསལ་མཐར་ཐུག་གི་བར་མངོན་དུ་མཛད་པ་ལས་བརྩམས་ནས་གསུངས་འདུག་སྟེ། འཁོར་འདས་ཀྱི་རྩ་བ་གཉུག་མ་ལྷན་སྐྱེས་ཀྱི་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་པ་དེ་ཉིད་ཐོག་མ་མེད་པ་ནས་མ་བཅོས་རང་བྱུང་ལྷུན་གྱིས་གྲུབ་ཅིང་། རང་བཞིན་འགྱུར་བ་མེད་པ་དེ་ཉིད་ལ་དག་མ་དག་གི་གནས་སྐབས་ཀུན་ཏུ་གློ་བུར་གྱི་དྲི་མ་ཀུན་རྟོག་བརྒྱད་ཅུའི་བཞོན་པའི་རླུང་དང་བཅས་པ་ཐབས་མཁས་ཀྱི་མཐུས་རིམ་བཞིན་དྷཱུ་ཏིར་ཐིམ་པ་ལས་མངོན་དུ་གྱུར་ཏེ་བདེ་བ་ཆེན་པོའི་ངོ་བོར་བསྐྱེད་ཅིང་། དེ་ཉིད་ལམ་འབྲས་ཀྱི་དག་པའི་སྣོད་བཅུད་ཐམས་ཅད་འབྱུང་བའི་གནས་ཡིན་པས་ཕོ་བྲང་དང་། དེའི་ངང་དུ་མཉམ་པར་འཇོག་ཚུལ་ཡང་།སེམས་ཀྱི་རང་བཞིན་གསལ་བར་སྣང་ཡང་མཚན་འཛིན་གྱི་སྤྲོས་པས་བསླད་པ་མེད་ཅིང་། སྲིད་པར་འཆིང་བྱེད་ཀྱི་རྩ་རླུང་གི་མདུད་རྒྱ་གྲོལ་བས་ལྷུག་པར་འཇོག་པ་སྟེ།འོད་གསལ་མངོན་དུ་མཛད་པ་དེའི་ངང་ལས་དག་མ་དག་གི་སྒྱུ་མའི་སྐུར་ལྡང་ཚུལ་ནི། མི་ལ་རྒད་པོ་ང་ཞེས་པ་སྟེ་དེའི་གདགས་གཞི་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་རྟེན་བརྟེན་པར་བཞེངས་ཚུལ་དང་། རླུང་སེམས་དག་པ་མཐར་ཕྱིན་པ་ལས་མོས་པ་སྣ་ཚོགས་པའི་འགྲོ་བ་ལ་སྣང་ཚུལ་སྣ་ཚོགས་སྤྲུལ་བའི་སྐུ་ཆུ་ཟླ་ལྟར་འབད་རྩོལ་དང་བྲལ་བར་སྟོན་ཅིང་། འཁོར་བ་ཇི་སྲིད་གནས་ཀྱི་བར་མཛད་པ་འཕྲིན་ལས་མཐའ་དག་ལྷུན་གྱིས་གྲུབ་པར་འཇུག་སྟེ། དེ་ལྟ་བུའི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གོ་འཕང་དེ་ཡང་རང་རྒྱུད་ལས་ལོགས་ཤིག་ཏུ་རྒྱུ་རྐྱེན་གྱིས་འདུ་བྱས་པ་མིན་པར། སྒྲུབ་གཞི་རླུང་སེམས་རང་ཆས་སུ་གནས་པའི་སྟེང་ནས་ངོ་སྤྲད་པས་རིམ་བཞིན་མངོན་དུ་བྱེད་པས་ན་གནས་དེ་ནི་ཨེ་མ་ངོ་མཚར་རྨད་དུ་བྱུང་བའི་ཆོས་བླ་ན་མེད་པའོ། ཞེས་དང་། ཕྱག་ཆེན་པ་ལྟར་ན། མདོ་སྔགས་ཀྱི་ཕྱག་ཆེན་གཉིས་ལས་ཕྱི་མ་ནི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་ཆེན་གྱི་འོད་གསལ་ལ་བཞེད་ཅིང་། དེ་ཉིད་དགག་བྱས་ཅིར་ཡང་མ་བཅོས་ཤིང་རང་བྱུང་གི་ཆོས་ཉིད། འཁོར་འདས་ཀུན་གྱི་གནས་ལུགས་སུ་འགྱུར་བ་མེད་པའི་ཕོ་བྲང་དེ་ཉིད་མཉམ་བཞག་ཏུ་ཅིར་ཡང་མ་གྲུབ་པའི་སྟོང་ཆམ་གྱིས་སོང་བ་ལ་བཅས་བཅོས་གང་ཡང་མི་བྱེད་པར་སེམས་ཀྱི་གཉུག་མའི་ངོ་བོ་མི་ལ་རྒན་པོ་མ་བཅོས་ལྷུག་པ་དེ་གའི་ངང་དུ་ལྷོད་ཀྱིས་གློད་ཅིང་། དེ་ལས་ཆོས་སྐུ་མངོན་དུ་མཛད་པའི་དབྱིངས་ལས་གཞན་དོན་དུ་སྐུའི་རོལ་གར་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་སྟོན་པའི་སྐུ་གསུམ་གྱི་གོ་འཕང་དེ་ལྟ་བུ་ཡང་རང་སེམས་ལས་ལོགས་སུ་འདུ་བྱས་པ་མེད་པར་གཉུག་མ་ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་ལམ་བཟང་ལ་བརྟེན་ནས་ཚེ་འདིར་མངོན་དུ་བྱེད་པ་འདི་ནི་ཨེ་མ་ངོ་མཚར་ཞིང་རྨད་དུ་བྱུང་བའོ། ། ཞེས་དང་། རྫོགས་ཆེན་པ་ལྟར་ན། དེ་ཡང་སྔ་འགྱུར་བ་དག་ནི་རིག་སྟོང་གསལ་སྟོང་རྗེན་པ་ཞེས་པ་ལ་རྩིས་པོ་ཆེར་བྱས་ཏེ། དེ་ཉིད་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་སྟོང་བ་འདིའི་ནང་དུ་རྫོགས་པ་དང་། དེ་ལས་ལྷག་པའི་འཁོར་བ་ལས་གྲོལ་བྱེད་ཀྱི་ཐབས་གཞན་མེད་པས་ཆེན་པོ་སྟེ། དེ་ལ་ངོ་བོ་ཀ་དག །རང་བཞིན་ལྷུན་གྲུབ། ཐུགས་རྗེ་ཀུན་ཁྱབ་ཅེས་པའི་མིང་འདོག་ཅིང་། རིག་སྟོང་དབྱེར་མེད། གསལ་སྟོང་དབྱེར་མེད། སྣང་སྟོང་དབྱེར་མེད་ཅེས་ཀྱང་རིམ་བཞིན་སྦྱར་རོ། དེས་ན་སྣང་བ་སེམས་སུ་ཤར། སེམས་སྟོང་བར་ཤར། སྟོང་བ་གཉིས་མེད་ཟུང་འཇུག་ཏུ་ཤར་བས་ཆོས་ཐམས་ཅད་ངོ་བོ་གསལ་ཞིང་རང་བཞིན་སྟོང་བའི་རིག་སྟོང་འཛིན་མེད་འདི་རྣམ་རྟོག་གི་སྣང་བ་གནས་འགྱུ་གང་ལ་ཡང་བཟང་ངན་དང་དགག་སྒྲུབ་ཅིར་ཡང་བྱར་མེད་པའི་རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་བྲང་སྟེ། གཞི་དེའི་ངང་དུ་ད་ལྟའི་རིག་པ་རང་ག་བ་འདི་ལ་བཅས་བཅོས་གང་ཡང་མི་བྱེད་པར་ལྷོད་ཀྱིས་བཞག་སྟེ་བཟང་ངན་སྤོང་བླང་གི་རྣམ་རྟོག་ཐམས་ཅད་དང་བྲལ་བའི་སྟོང་སང་ནམ་མཁའི་དཀྱིལ་ལྟ་བུ་ལམ་དུ་བྱས་པས་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ཏེ་མ་རིག་པ་དང་འཁྲུལ་བ་རང་སར་དག་ནས་ཀ་དག་གདོད་མའི་ངོ་བོ་ཆོས་ཀྱི་སྐུ་མངོན་དུ་བྱས་ཤིང་། དེའི་གདངས་འགག་མེད་རང་བཞིན་ལྷུན་གྲུབ་ལོངས་སྐུ་དང་། དེའི་རྩལ་དག་མ་དག་ཅིར་ཡང་འཆར་བ་སྣ་ཚོགས་རོལ་གར་འགྲོ་བ་ལ་སྣང་བར་མཛད་པའི་ཐུགས་རྗེ་ལྷུན་གྲུབ་སྤྲུལ་བའི་སྐུ་སྟེ། སྐུ་གསུམ་ལྷུན་གྲུབ་འདུས་མ་བྱས་པ་དེ་ཚེ་འདིར་རང་ངོ་འཕྲོད་པའི་ཚུལ་འདི་ནི་ཨེ་མ་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ། ཞེས་པའོ།

    དེ་ལྟ་བུའི་ནང་གི་ཉམས་རྟོགས་ཀྱི་རང་རྩལ་ཚོགས་སུ་འདོམས་པ་ལ་ཀུན་རྫོབ་རྟེན་གྱི་རྣམ་པར་གདུལ་བྱའི་ཁམས་དང་བསྟུན་པར་སོ་སོར་བསྟན་པ་ཡིན་ལ། རྒྱ་གར་དུ་བཀའ་བསྡུ་གཉིས་པ་ཙམ་ནས་བྱེ་སྨྲའི་རྩ་བའི་སྡེ་བ་བཞི་དང་བྱེ་བྲག་བཅོ་བརྒྱད་བྱུང་བ་དང་མཐུན་པར་རང་རེའི་བོད་དུ་ཡང་བཤད་སྒྲུབ་ཀྱི་ཤིང་རྟ་ཆེན་པོ་བཅོ་བརྒྱད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དང་ཆོས་བརྒྱུད་སོ་སོའི་གྲུབ་རིགས་མེས་པོ་རྣམས་ལྷ་ཁང་འདིར་བྱུང་རིམ་ལྟར་བཞུགས་ཡོད་དེ།  སྐུ་རྟེན་ལ་ལྷ་ཁང་རྙིང་བའི་སྟེང་རིམ་ནས་ཡང་རྩེའམ་ཚིགས་ལྔ་པར་རྒྱལ་བ་རྡོ་རྗེ་འཆང་དང་ཏེ་ལོ་ནཱ་རོ། མར་མི་དྭགས་གསུམ། རས་ཆུང་བ་སོགས་ཕྱག་ཆེན་བརྒྱུད་པའི་བླ་མ་རྣམས་ཏེ།  སྔར་ལྷ་ཁང་གི་རྨང་གཞིའི་ས་བརྐོ་སྐབས་ལུས་ཚད་ཙམ་བརྐོས་པ་ན་རྗེ་གཟིགས་པ་ལྔ་ལྡན་གྱི་ཐང་ག་བྱིན་ཅན་ཞིག་རྙེད་ཡོད་པ་ཚིགས་འདིར་རྟེན་གཙོར་བཞུགས་ཤིང་། གཞན་མར་བའི་སྐུ་བརྙན་དེ་ནི་སྐུ་དངོས་ལྟ་བུའི་ཁྱད་ཉམས་ཅན་ཡིན་པར་གླེང་ཞིང་ནང་བཞུགས་སུ་སངས་རྒྱས་འོད་སྲུང་གི་འཕེལ་གདུང་། མར་བའི་དབུ་སྐྲའི་ཚལ་བུ། ཨྱོན་རིན་པོ་ཆེའི་དབུ་ཞྭའི་དུམ་བུ། རྗེ་མི་ལ་རས་པའི་ན་བཟའ་བཅས་བཞུགས་སུ་གསོལ་ཞིང་། རྗེ་མི་ལའི་སྐུ་དེ་ནི་གོང་ཞུས་ལྟར་སྐུ་སྟོད་ཕལ་ཆེར་རང་བྱོན་ཡིན་པ། བྱིན་རླབས་ཀྱི་ཚན་ཁ་གཞན་དང་མི་འདྲ་བ་མཐོང་གྲོལ་ལྷ་ཁང་གི་རྟེན་མཆོག་བླ་ན་མེད་པ་གཅིག་བུ་ཡིན། རས་ཆུང་བ་རྡོ་རྗེ་གྲགས་ཀྱི་ནང་བཞུགས་སུ་མི་ལའི་སྒོམ་ཐག་ཡོད། གཞན་རས་པ་བརྒྱད་སོགས་ཀྱི་ནང་བཞུགས་སུ་བླ་མ་ཆོས་དབྱིངས་རྡོ་རྗེས་ཕྱག་བཟོ་གནང་བའི་རྗེ་མི་ལའི་སྐུ་འབུམ་ཡོད་པ་ལས་རེ་རེར་ཚར་གཅིག་བཞུགས་པ་ལྷ་ཁང་སྤྱིའི་ནང་རྟེན་ཐམས་ཅད་ལ་འདྲ། ཐང་ག་ལ་སྒྲ་སྒྱུར་མར་པ་དང་རྗེ་བཙུན་གྱི་མཛད་རྣམ་ཐང་ག་ཡོད།

   ཚིགས་བཞི་པར་སྔ་འགྱུར་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དུ་མའི་དགོངས་བཅུད་རྒྱུད་ལུང་མན་ངག་སྡེ་གསུམ་ཀློང་དགུའི་བཀའ་གཏེར་ཡོངས་རྫོགས་ཀྱི་མངའ་བདག ། སངས་རྒྱས་གཉིས་པ་སློབ་དཔོན་རིན་པོ་ཆེའི་ནང་བཞུགས་སུ་རིང་བསྲེལ་རྣམ་བཞིས་གཙོས་ཨྱོན་རིན་པོ་ཆེའི་དབུ་ཞྭའི་ཚལ་བུ་དང་། ཐུགས་ཀར་སློབ་དཔོན་གྱི་སྐུ་ཟངས་དམར་ལས་གྲུབ་པའི་རང་བྱོན་བཞུགས། དེའི་གཡས་གཡོན་དུ་གུ་རུ་མཚན་བརྒྱད་དང་གཞན་སློབ་དཔོན་རིན་པོ་ཆེའི་སྤྲུལ་སྒྱུར་བཀོད་པ་སྣ་ཚོགས་བསྟན་པའི་རྣམ་ཐར་ཞལ་ཐང་ཡོངས་རྫོགས་བཅས་བཞུགས།

   ཚིགས་གསུམ་པར་དབུ་མ་ཆེན་མོའི་བཀའ་བབ་ཇོ་བོ་བཀའ་གདམས་པའི་བསྟན་པའི་མངའ་བདག་མཉམ་མེད་ཇོ་བོ་ཡབ་སྲས། ཛམ་གླིང་རྒྱན་དྲུག་མཆོག་གཉིས། དབུས་སུ་རྗེ་བཙུན་གཉིས་པའི་གདུང་རྟེན་མཆོད་རྟེན་ཁང་བཟང་དང་བཅས་པ། མདུན་དུ་སྐྱབས་མཆོག་རྗེ་བཙུན་རིན་པོ་ཆེའི་འདྲ་སྐུ་བྱིན་རླབས་ཀྱི་གཟི་འོད་འབར་བ། གཡས་སུ་རས་ཆུང་བའི་རྣམ་སྤྲུལ་གྲུབ་དབང་བློ་བཟང་བརྩོན་འགྲུས་ཀྱི་སྐུ་གདུང་སྐུ་གསུང་ཐུགས་མ་ཉམས་པར་བཞུགས་པ། གཡོན་དུ་སྐྱབས་གཅིག་གོང་ས་མཆོག་གི་ཡོངས་འཛིན་རིན་པོ་ཆེའི་སྐུ་གདུང་སོགས་བཞུགས།

   ཚིགས་གཉིས་པར། རྒྱལ་བསྟན་ཡོངས་རྫོགས་འགལ་མེད་གྲོགས་སུ་ཤར་ཞིང་། ཁྱད་པར་མདོ་སྔགས་བཤད་སྒྲུབ་ཀྱི་མན་ངག་གབ་པ་མངོན་དུ་ཕྱུང་བའི་དཔལ་མཉམ་མེད་རི་བོ་དགེ་ལྡན་ཕྱོགས་ལས་རྣམ་པར་རྒྱལ་བའི་མངའ་བདག་རྒྱལ་བ་བློ་བཟང་གྲགས་པ་ཡབ་སྲས། འདིའི་ནང་བཞུགས་སུ་རྟེན་གཟུངས་སྤྱི་དང་ཁྱད་པར་དགའ་ལྡན་ཁྲི་རབས་ང་གསུམ་པ་༧ཁྲི་རྒྱལ་མཚན་སེངྒེ་ནས་དགའ་ལྡན་ཆོས་རྒྱལ་གྱི་ལྗགས་ལ་ཞིག་གསོས་མཛད་སྐབས་ཞལ་ནས་བདུད་རྩི་བབ་པའི་རིལ་བུ་བྱིན་ཅན། རྗེ་བདག་ཉིད་ཆེན་པོའི་དབུ་སྐྲ། འཇམ་དབྱངས་གཙང་བ་བདུན་བརྒྱུད་སོགས་དགའ་ལྡན་ཁྲི་རབས་མང་པོའི་དབུ་སྐྲ་དང་ན་བཟའི་ཚལ་བུ། གོང་ས་སྐུ་ཕྲེང་སྔ་ཕྱི་གསུམ་གྱི་རྟེན་སྐལ་བཅས་བཞུགས།

   ཚིགས་གཏིང་མར་མ་འོངས་འབྱོན་འགྱུར་གྱི་སངས་རྒྱས་ལྔ་པ་རྗེ་བཙུན་བྱམས་པ་ལུང་སྟོན། འདིའི་ནང་རྟེན་ལ་གཟུངས་སྤྱི་དང་སྨྲི་ཏིའི་ཕྱག་ཙྪ། རྗེའི་སྐུ་བརྙན་གསུང་འབྱོན་མ་སོགས་རྟེན་ཁྱད་འཕགས་དུ་མ། གཙོ་སྐུའི་གཡས་གཡོན་དུ་སངས་རྒྱས་རྣམ་གཉིས། གྲུབ་ཐོབ་མདའ་འཕྱར་བ། གྲུབ་ཐོབ་ཉི་མ་འཛིན། སྐུ་འདི་རང་བྱོན་འདྲ་བ་བླ་མ་ཆོས་དབྱིངས་པའི་ཕྱག་བཟོ་ཡིན། ཐང་སྟོང་རྒྱལ་པོ། ཧེ་རུ་ཀ། སྐུ་འདི་ལས་བདུད་རྩིའི་རྒྱུན་བཟང་བབ་པ་ཀུན་གྱི་མཐོང་ཆོས་སུ་གྱུར་པར་བཤད། རྭ་ཆེན་རྡོ་རྗེ་གྲགས་སོགས་གྲུབ་ཐོབ་ལྔ། གཡོན་གྲལ་ནས་བྱང་སེམས་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པར་གྲགས་པ་རྒྱལ་པོ་གཉའ་ཁྲི་བཙན་པོ། སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྲོང་བཙན་སྒམ་པོ། འཇམ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེ་བཙན། སྐུ་འདིའི་དབུ་སྔར་དྲང་བཞུགས་སུ་བཞེངས་པ་ལ་ཕྱག་ཏུ་གླེགས་བམ་བཞག་པས་གླེགས་བམ་ལ་གཟིགས་པའི་སྟངས་ཀ་མཛད་པས་རང་བྱོན་དང་འདྲ་བར་བརྩི། ཕྱག་རྡོར་གྱི་སྤྲུལ་པ་ཁྲི་རལ་བ་ཅན་ཏེ་ཆོས་རྒྱལ་རྣམ་ལྔ། འདི་དག་བླ་མ་ཆོས་དབྱིངས་རྡོ་རྗེས་ཕྱག་བཟོ་མཛད་པར་བཤད། གཞན་ཁྲི་ཆེན་ལྔ་པ་༧བློ་བཟང་ཐུབ་བསྟན་དཔལ་ལྡན་སེངྒེས་བཞེངས་པའི་སྟོན་པའི་སྐྱེས་རབས་ལས་བརྩམས་པའི་རྣམ་ཐར་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་ཆ་ཚང་གོང་གཤམ་གོས་ཆེན་སྤུས་ལེགས་ཀྱིས་བརྒྱན་པ་ལྷ་ཁང་གི་སྟེང་འོག་ཀུན་ཏུ་བཞུགས་པ་དང་། ཞི་ཁྲོའི་ལྷ་མང་པོའི་ཞལ་ཐང་། ཁྱི་ར་བ་མགོན་པོ་རྡོ་རྗེ་ཤ་ཁྱི་དང་བཅས་པ་རྡོ་ལ་རང་བྱོན་དུ་བབ་པ་སོགས་རྟེན་བྱིན་ཅན་མང་པོ་དང་། ཚིགས་གཏིང་མའི་གཡོན་ངོས་སུ་བཙན་ཁང་སྲིད་གསུམ་ཟིལ་གནོན་དུ་གཟའ་སྐར་དུས་ཚེས་དགེ་བར་ཙག་སྒྲ་དང་ཆོམ་སྒྲ་གྲགས་པ་གནོད་སྦྱིན་ཙིའུ་དམར་མཆེད་བདུན་གྱི་མགོན་ཁང་། གཡས་སུ་རྗེ་བཙུན་རིན་པོ་ཆེའི་བཀའ་སྲུང་མཁའ་འགྲོའི་གཙོ་མོ་ཚེ་རིང་མཆེད་ལྔའི་མགོན་ཁང་བཅས་དང་། 

  གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་གཙོས་གྲུབ་ཆེན་ཏེ་ལོ་པ། ནཱ་རོ་བ། མར་མི་ཡབ་སྲས་སོགས་ཀྱི་རྣམ་ཐར་བྲིས་མ་དང་པར་མ། དོ་ཧ་མགུར་མ་སོགས་བཞུགས།

  ཐུགས་རྟེན་ལ་མཆོད་རྟེན་རྣམ་བརྒྱད།  མཐའི་ལྕགས་རིའི་ཁར་མཆོད་རྟེན་ཆིག་སྟོང་ལྔ་བརྒྱ་བཅས་བཞུགས། སྐུ་བརྙན་བཞེངས་སྟངས་འདི་དག་ཀྱང་གྲུབ་མཐའི་ཕྱོགས་ལྷུང་ལྟ་བུ་མ་ཡིན་པར་གདུལ་བྱའི་ཁམས་དང་བསམ་པ་དབང་པོ་མི་འདྲ་བས་དེ་དག་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་ཁ་བཀྲི་བའི་དོན་ཆེན་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ཚང་ལ་མ་ནོར་བ་བཀའ་གདམས་གསར་རྙིང་དང་། བཀའ་བརྒྱུད། གསང་ཆེན་སྔ་འགྱུར་སོགས་རིས་མེད་ཀྱི་བསྟན་པ་རྣམ་པར་དག་པའི་སྲོལ་བཟང་པོ་ཕྱོགས་ཀུན་ཏུ་རྒྱས་པའི་དགོས་པ་ཁྱད་པར་ཅན་ལ་དགོངས་ཤིང་། ཁྱད་པར་དུ་སྟོན་པ་རྡོ་རྗེ་འཆང་གིས་མདོ་རྒྱུད་དག་ལས་བསྟན་ཅིང་། འཕགས་བོད་ཀྱི་གྲུབ་པའི་དབང་ཕྱུག་ཆེན་པོ་དག་གིས་ཐུགས་ཉམས་སུ་བསྟར་བས་གྲུབ་པའི་གོ་འཕང་མངོན་དུ་མཛད་པ། ཆོས་ཀྱི་རྒྱལ་པོ་དག་གིས་མཐའ་ནས་རྒྱས་པར་བྱེད་པའི་རྒྱུན་མ་ཉམས་པར་བྱོན་ཚུལ་ཆེད་དུ་གསལ་བར་མཚོན་པ་ཡིན་ནོ། །

དྲུག་པ།མི་ལའི་ལྷ་ཁང་བསྐྱར་བཞེངས་བྱེད་ཚུལ།

  ལྷ་ཁང་སྔ་མ་ཆུ་བྱ་ལ་བཞེངས་མགོ་བརྩམས། མེ་གླང་ལ་གྲུབ་སྟེ་རབ་བྱུང་བཅུ་དྲུག་པའི་མེ་ལུག་(༡༩༦༧)བར་བགྲང་བྱ་དགུ་བཅུར་ལོངས་ཤིང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ལས་བཟོའི་སྒྱུ་རྩལ་གྱི་རིན་ཐང་ཆེས་ཆེར་ལྡན། སྔར་བཀྲ་ཤིས་འཁྱིལ་གྱི་གསེར་ཁང་ཆེན་མོ་དང་གཙོས་ཀྱི་དགུ་ཐོག་གཉིས་ནི་མདོ་སྨད་དུ་ཆེས་མཐོ་བའི་ལྷ་ཁང་གི་གྲས་ཡིན་ལ། དེ་གཉིས་ཀར་༡༩༦༢ ལོར་རྒྱལ་ཁབ་རིམ་པའི་ཁང་བཟོའི་ཐིག་ལེན་ཚད་འཇལ་བྱས་ཏེ་རྒྱ་མི་མཁས་པ་ལེའོ་ཏོན་ཀྲིན་གྱིས་བརྩམས་ཤིང་སུན་ཏཱ་ཀྲང་གིས་གཙོ་སྒྲིག་བྱས་པའི་《ཀྲུང་གོའི་གནའ་བོའི་འཛུགས་སྐྲུན་ལོ་རྒྱུས་》ཀྱི་དཔེ་དེབ་ཏུ་གནས་ཚུལ་ཞིབ་ཕྲ་བཀོད་འདུག་པ་ནི་བོད་མིའི་ལག་རྩལ་ལ་གཞན་མིས་ཆེས་མཐོ་བའི་གདེང་འཇོག་བྱས་པའི་རྟགས་སུ་མངོན་ནོ། །  དེ་ནས་རིག་གསར་གྱི་ལས་འགུལ་ལས་དགོན་པ་སྤྱི་ལ་ཆག་འཇིག་བྱུང་བ་དང་མཉམ་དུ་མི་ལའི་ལྷ་ཁང་ཡང་དམར་སྲུང་དམག་མིས་རྨང་ནས་བཤིག་མགོ་བརྩམས་ཏེ། ཆེར་མ་འགྱངས་པར་སྤེན་པད་དང་ཤིང་ཆ་རྣམས་གཞན་གྱིས་བུད་ཤིང་དུ་འཕྲོག ། ནང་རྟེན་རྣམས་གཏོར་བཅོམ་བསྲེགས་གསུམ་ཡ་ང་བ་བྱས་མོད། ཡུལ་འདིའི་དད་ལྡན་འགས་མི་ལའི་སྐུ་བྱིན་ཅན། མར་པའི་བརྐོས་ཕོར། གཞན་རྟེན་གསུམ་བྱིན་ཅན་མང་པོ་སྲོག་བསྡོས་ཀྱིས་སྦས་ཐུབ་པ་བྱུང་འདུག་པ་ཟུར་གྱི་དཀར་ཆག་གི་ཐོ་རུ་གསལ་བར་བྱའོ། ། དེ་ནས་རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ལོར་(༡༩༨༢) ༧ ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་འདིར་ཕེབས་སྐབས་སྙན་གྲགས་ཅན་གྱི་མི་ལའི་ལྷ་ཁང་མྱུར་ཏུ་བཞེངས་དགོས་པའི་བཀའ་གསུང་གནང་ཞིང་། སྔ་ཕྱིར་སྐྱབས་མགོན་༧ སྲིད་ཞིའི་གཙུག་རྒྱན་རིན་པོ་ཆེ་དང་ཀུན་མཁྱེན་དྲུག་པ་ཆེན་པོ། གུང་ཐང་བསྟན་པའི་དབང་ཕྱུག །ཤར་བརྒྱད་པ་རྣམས་ནས་དངོས་པོའི་བདག་རྐྱེན་དང་ཐུགས་ཁུར་བླ་ལྷག་གནང་བ་ལྟར།  མེ་སྟག་(༡༩༨༦)ལོར་སྐྱབས་རྗེ་༧བསེ་རྡོ་རྗེ་འཆང་མཆོག་གི་ཞིབ་ཕྲའི་ཐུགས་བཀོད་བཞིན་ལྷ་ཁང་བསྐྱར་བཞེངས་ལ་སྒར་ལུང་ཕྱོགས་ནས་སེར་མོ་རེ་དང་སྐྱ་བོ་མི་གཉིས་སམ་གསུམ་ཚན་ཆུང་རེ་བྱས་ཏེ་ཕྱོགས་ཕྱོགས་སུ་དཀར་འབྲེལ་གྱི་ཞལ་འདེབས་སློང་བས་མདོ་དབུས་ཁམས་གསུམ་ནས་དངོས་བརྒྱུད་ཅི་རིགས་ཀྱིས་འབྲེལ་ཕོན་ཆེ་བ་ཐོན། ལྷག་པར་གཙོས་ཚོ་བ་ཉེར་གཅིག་སྤྱི་ནས་རྒྱུ་དངོས་ཚེགས་གསུམ་གྱི་འབྲེལ་ལྟོས་ཆེ་བ་ཕུལ་ཏེ་ས་འབྲུག་(༡༩༨༨) ལོའི་ས་གའི་ཚེས་བཞི་ལ་བཞེངས་མགོ་བཙུགས། དགོན་འདིའི་མཆོག་སྤྲུལ་སོག་གཙང་ཚང་དང་། བཤེས་གཉེན་དམ་པ་བློ་བཟང་ཤེས་རབ་གཉིས་སྤྱིའི་ལས་དཔོན་རྒན་གཞོན་དུ་བརྐོས་ཏེ་ཕྱི་ནང་གི་རྟེན་བརྟེན་པ། ལྷ་སྐུའི་གྲངས་དང་བཞུགས་སྟངས། ཚིགས་རེ་རེའི་རྟེན་གྱི་བཞུགས་རིམ། བརྩེགས་རིམ་སོགས་ཐམས་ཅད་སྐྱབས་མཆོག་༧བསེ་ཚང་གི་བཀའ་གསུང་ལྟར་ལས་རང་བཟོ་ཡེ་མ་བསྲེས་པར་ཤིང་སྤྲེལ་(༡༩༩༤) ལོར་རྨད་དུ་བྱུང་བའི་མི་ལའི་ལྷ་ཁང་འདི་ཡོངས་སུ་གྲུབ། སྔ་ཕྱིར་ཀུན་མཁྱེན་དྲུག་པ་ཆེན་པོ། འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་དབང་ཕྱུག །༧བསེ་རྡོ་རྗེ་འཆང་། ལྷོའི་གསེར་ཁྲི་ཚང་སོགས་བླ་སྤྲུལ་བཞི་བཅུར་ཉེ་བས་རབ་གནས་མཛད་པ་སོགས་ཞིབ་པར་གདན་རབས་ལེགས་བཤད་ནོར་བུའི་ཕྲེང་བ་རུ་ཤེས་པར་བྱའོ། །

བདུན་པ། མི་ལའི་ལྷ་ཁང་སྔ་ཕྱི་གཉིས་ཀྱི་རྟེན་གྱི་ཁྱད་པར་བསྡུར་པ།

   ལྷ་ཁང་གསར་བ་འདིའི་ཚིགས་སོ་སོའི་ནང་རྟེན་གྱི་དཀར་ཆག་ནི་སྐྱབས་མཆོག་༧བསེ་རྡོ་རྗེ་འཆང་མཆོག་གིས་མཛད་པའི་《གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོ་བསྐྱར་བཞེངས་གྲུབ་པའི་ལོ་རྒྱུས་ཕན་བདེ་འདོད་འཇོ་》དང་《གཙོས་དགའ་ལྡན་ཆོས་གླིང་གི་གདན་རབས་ལེགས་བཤད་ནོར་བུའི་ཕྲེང་བ་མཛེས་པའི་རྒྱན་》གཉིས་སུ་གསལ་བས་དེར་བལྟ་བར་བྱ་ཞིང་། ལྷ་ཁང་སྔ་ཕྱི་གཉིས་ཀྱི་ནང་རྟེན་བྱེ་བྲག་གི་གྲངས་དང་བཞུགས་རིམ།  མང་ཉུང་།  ཁང་བའི་བརྩེགས་ཚད་སོགས་སྔ་མ་ལས་ཕྱི་མ་རྒྱས་ཤིང་མཐོ་བའི་ཁྱད་ཆོས་ལྡན་པ་དང་། བྱིན་རླབས་ལ་རྒྱང་རིང་ཐུང་དང་། ཆེ་ཕྲ། སྔ་ཕྱི་སོགས་ཀྱི་ཁྱད་པར་མེད་ནའང་།  སྤྲོས་བཅས་ཀྱི་སྣང་བ་དང་སྒོ་བསྟུན་ཏེ་ངེས་པ་བསྐྱེད་པའི་ཕྱིར་ལྷ་ཁང་སྔ་ཕྱི་གཉིས་ཀྱི་ཁྱད་པར་གཙོ་བོ་འགའ་བརྗོད་པར་བྱ་སྟེ།  གོང་ནས་གསལ་བ་ལྟར་མི་ལའི་ལྷ་ཁང་སྔོན་མར་ཁང་བརྩེགས་ལྔ་དང་མདའ་ཡབ་བརྩེགས་མ་བཅས་བདུན་གྱི་ཆར་གཏོགས་ལ། ཕྱི་མར་ཁང་བརྩེགས་བདུན་དང་མདའ་ཡབ་སྟེང་འོག་གཉིས་ཏེ་ཚིགས་དགུ་མངའ་བས་མིང་དོན་གཉིས་ཀ་ནས་དགུ་ཐོག་ཡིན་ནོ། ། ནང་རྟེན་གྱི་རིམ་པ་ལ་ལྷ་ཁང་སྔ་མར་བཀའ་གདམས་གསར་རྙིང་གཉིས། བཀའ་བརྒྱུད། སྔ་འགྱུར་རྙིང་མ་བཅས་ལས་ས་སྐྱའི་གྲུབ་མཐའི་རིང་ལུགས་མཚོན་པའི་སྐུ་བརྙན་བཞེངས་ཚུལ་དཀར་ཆག་ཁག་ལས་མི་གསལ་ཞིང་། མ་ཟད་རྒྱུད་སྡེ་གོང་འོག་དང་དཔལ་དུས་ཀྱི་འཁོར་ལོ། རྔོག་དཀྱིལ་བདུན་བཞུགས་སའི་ཁང་ཚིགས་ཀྱང་རང་རྐྱ་བ་མེད། ཚིགས་གསུམ་པར་ཇོ་བོ་བཀའ་གདམས་པའི་ལྷ་ཁང་དང་། ཚིགས་བཞི་བ་སྔ་འགྱུར་བའི་ལྷ་ཁང་ཡིན། ལྷ་ཁང་གསར་བར་༧ ཡབ་རྗེ་མཆོག་གི་མཁྱེན་དཔྱོད་ནམ་མཁའི་དབྱིངས་ནས་མངོན་པར་རྗེས་སུ་བསྟན་པ་ནི། དཔལ་ལྡན་ས་སྐྱ་པའི་མདོ་སྔགས་ཀྱི་བསྟན་འཛིན་མེས་པོ་གོང་མ་རྣམ་ལྔས་མཚོན་ས་སྐྱའི་བརྒྱུད་འཛིན་དག་གི་སྐུ་བརྙན་རྣམས་གསར་དུ་ཚིགས་གཉིས་པར་བཞུགས་སུ་གསོལ་པས་ཚིགས་གཉིས་པ་ནི་བཀའ་གདམས་གསར་རྙིང་དང་ས་སྐྱ་པ་བཅས་ཀྱི་ལྷ་ཁང་དང་། ཚིགས་གསུམ་པ་གསང་སྔགས་སྔ་འགྱུར་པའི་ལྷ་ཁང་། ཚིགས་བཞི་བ་རྒྱུད་སྡེ་འོག་མ་གསུམ་གྱི་ལྷ་ཁང་། ཚིགས་དྲུག་པར་རྔོག་དཀྱིལ་བདུན་དང་། བླ་མེད་ཀྱི་ཡི་དམ་ཁང་གི་ལྷ་ཁང་།  ཚིགས་བདུན་པ་འཕགས་ཡུལ་གྱི་གསང་བདེ་འཇིགས་གསུམ་དུས་འཁོར་དང་བཅས་པའི་བླ་མ་བརྒྱུད་པ་དག་གི་ལྷ་ཁང་།  ཚིགས་བརྒྱད་པ་ནི་རྒྱལ་བ་རིགས་ལྔའི་ལྷ་ཁང་། ཚིགས་དགུ་བར་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་ཐང་ག་བཅས་ཡོད་པ་ནི་མི་འདྲ་བའི་ཁྱད་པར་རོ། ། གཉིས་ཀའི་ཐུན་མོང་གི་ཆ་ནི་ལྷ་ཁང་སྔ་ཕྱི་གཉིས་ཀའི་ཚིགས་གཏིང་མ་དང་ལྔ་པར་བཞུགས་སུ་གསོལ་བའི་སྐུ་བརྙན་སྤྱི་ནི་འདྲ་བ་ཡིན་ལ། དེ་ལས་ཁྱད་པར་དུ་ཚིགས་ལྔ་པ་ནི་གྲུབ་རིགས་ཀུན་གྱི་སྤྱི་མེས་མར་མི་དྭགས་གསུམ། མར་བའི་སློབ་མ་ཀ་ཆེན་བཞི། རས་ཆུང་བ། རས་པ་བརྒྱད་སོགས་བཀའ་བརྒྱུད་གོང་མ་དག་དང་། མཁས་གྲུབ་ཁྱུང་བོ་རྣལ་འབྱོར། ཀརྨ་དུས་གསུམ་མཁྱེན་པ། ཕག་མོ་གྲུ་བ་རྡོ་རྗེ་རྒྱལ་པོ། ཞང་འགྲོ་བའི་མགོན་པོ། འབྲི་གུང་འཇིག་རྟེན་མགོན་པོ། སྟག་ལུང་ཐང་བ་བཀྲ་ཤིས་དཔལ། གྲུབ་ཆེན་གླང་རས་པ་པདྨ་རྡོ་རྗེ། ཆོས་རྗེ་རྒོད་ཚང་བ་སོགས་ཤངས་པ་དང་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་རྣམས་ཀྱི་ལྷ་ཁང་ཡིན་པ་སྟེ། འདི་ནི་ལྷ་ཁང་སྔ་ཕྱི་གཉིས་ཆར་འདྲ་བ་ཡིན་ཞིང་མཐོང་གྲོལ་ལྷ་ཁང་གི་ལྷ་ཁང་གཙོ་བོ་ཡང་ཡིན་ནོ། །

    ཞེས་གཙོས་མི་ལའི་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོའི་ལོ་རྒྱུས་འདི་ནི་དེང་དུས་སུ་ལྷ་ཁང་འདིའི་སྙན་གྲག་ཆེ་ནས་ཆེར་རྒྱས་པ་དང་ལྷན་དུ་འདི་ལ་ཞིབ་འཇུག་བྱེད་པའི་རྒྱ་བོད་ཀྱི་མཁས་པ་མང་ཞིང་།  གཞན་རྣམ་ཐར་ཁག་ལ་བསྡུར་ལོང་མ་བྱུང་བ་དག་གིས་ལྷ་ཁང་གི་ལོ་རྒྱུས་གསལ་བོ་ཞིག་རྟོགས་པ་ལ་ཕན་དུ་རེ་ནས་ཅུང་ཟད་དཔྱད་ཞིབ་ཀྱིས་ཆ་ཚང་བར་བཀོད་པ་བོ་ནི་ཆོས་སྡེ་འདིའི་གྲྭ་རིགས་འདུ་གསུམ་པ་གཙོས་ཤེས་རབ་རྒྱ་མཚོའམ་བརྡ་སྤྲོད་ཀུན་བཤད་ཀྱི་མིང་ལ་མི་ཕམ་དབྱངས་ལྡན་སྙེམས་པའི་ལང་ཚོར་འབོད་པས་རབ་གནས་ས་ཕག་ལོའི་གྲོ་བཞིན་ཟླ་བའི་ཉའི་ཉི་ཤར་འབྲུག་གི་ཆ་ལ་བྲིས་པ་དགེ་ལེགས་འཕེལ།།          །།

-------------------------------------------------------

❶ མཆན།

མགུར་ཚན་པ་གསུམ་ལས་གཉིས་པ་ནི་སྟོན་སྒོམ་ངག་དབང་ཚུལ་ཁྲིམས་དང་རིན་ཆེན་བཟང་པོ་གཉིས་ལ་གནང་བ་ཡིན་པར་མགུར་འབུམ་དེ་ལས། དགེ་བའི་བཤེས་གཉེན་སྟོན་སྒོམ་ངག་དབང་ཚུལ་ཁྲིམས་དང་སྟོན་སྒོམ་རིན་ཆེན་བཟང་པོ་གཉིས་ཀྱིས་གཙོ་བྱས་པའི་དགེ་ལྡན་ཆོས་གླིང་གི་ཁྲིམས་ལྡན་འདུས་པའི་ཚོགས་ལ་རྒྱལ་ཁམས་འགྲིམས་པ་སྐལ་ལྡན་རྒྱ་མཚོས་དགེ་ལྡན་ཆོས་གླིང་རང་དུ་ཡི་གེར་བྲིས་ཏེ་ཕུལ། ཞེས་དང་།  དང་པོ་དང་གསུམ་པ་ནི་འབེ་ཤེས་རབ་མཆོག་ལྡན་ལ་གནང་བ་སྟེ། མགུར་འབུམ་དེ་ལས། སྡེ་སྣོད་རྒྱ་མཚོར་སྦྱངས་པའི་དགེ་བའི་བཤེས་གཉེན་ཤེས་རབ་མཆོག་ལྡན་གྱིས་བསྐུལ་བ་ལས་རྒྱལ་ཁམས་འགྲིམས་པའི་རི་ཁྲོད་པ་སྐལ་ལྡན་རྒྱ་མཚོས་ལྷོ་ཕྱོགས་གཙོ་བོའི་ས་ཆའི་ཆོས་སྡེ་དགེ་ལྡན་ཆོས་གླིང་དུ་བྲིས། ཞེས་སོ། ། འདི་ལས་གཙོ་བོ་ཞེས་པ་ནི་གཙོས་ཀྱི་ཡུལ་མིང་ཡིན། གསུམ་པ་ཡང་དེ་ལས། ཅེས་པ་འདི་ཡང་མཁས་པའི་དབང་པོ་ཤེས་རབ་མཆོག་ལྡན་ལ་ལེགས་པར་ཕུལ་བའོ། ། ཞེས་པ་ལྟར་རོ། །

微信图片_20190816165454.jpg

                     སྔོན་ཆད་ཀྱི་བསེ་མཁར་དགུ་ཐོག་གི་པར།

-----དཔྱད་གཞིའི་ཡིག་ཆ། ------

《ཤར་སྐལ་ལྡན་རྒྱ་མཚོའི་མགུར་འབུམ།》མཛད་པ་བོ། ཤར་སྐལ་ལྡན་རྒྱ་མཚོ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༩༤-༢

《ཕྱག་ཆེན་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ།》 མཛད་པ་བོ།  པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 

《ཕྱག་ཆེན་རྩ་བའི་ཟིན་བྲིས་ཟག་མེད་བདུད་རྩིའི་བུམ་བཟང་།》 མཛད་པ་བོ།  རྭ་སྒྲེང་ཁྲི་ཆེན་བསྟན་པ་རབ་རྒྱས། བོད་ལྗོངས་མི་རིགས་དཔར་སྐྲུན་ཁང་།  ༢༠༡༦-༩

《གཙོས་དགའ་ལྡན་ཆོས་གླིང་གི་གདན་རབས་ལེགས་བཤད་ནོར་བུའི་ཕྲེང་བ་མཛེས་པའི་རྒྱན།》མཛད་པ་བོ། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠-༧

《ཤཱཀྱའི་དགེ་སྦྱོང་སུ་མ་ཏི་དྷྭ་ཛ་སིངྷའི་རྟོགས་བརྗོད་ཉིན་མོའི་འོད་ཁ་སྐོང་དང་བཅས་པ།》མཛད་པ་བོ། ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེངྒེ།  གཙོས་བསྟན་པ་རྒྱལ་མཚན།  ཤིང་པར།

《ཁྲི་ཆེན་མཆོག་གི་སྤྲུལ་པའི་སྐུ་བློ་བཟང་འཇམ་དཔལ་བསྟན་འཛིན་སེངྒེ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་མེ་ཏོག་ཕྲེང་མཛེས།》མཛད་པ་བོ།  ཀིརྟི་བློ་བཟང་འཕྲིན་ལས།  ཤིང་པར།

《རྗེ་བཙུན་བློ་བཟང་དཔལ་ལྡན་སེངྒེ་དཔལ་བཟང་པོའི་རྣམ་ཐར་མདོ་ཙམ་བརྗོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ།》 མཛད་པ་བོ། བསེ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོ།  ཤིང་པར།

《ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྩིབས་སྟོང་བཀྲ་བའི་གསེར་གྱི་འཁོར་ལོ་ཐུབ་བསྟན་མཛེས་རྒྱན།》 མཛད་པ་བོ། ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ།   ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༠༧-༡༠

《རྗེ་བཙུན་ངག་དབང་འཇམ་དབྱངས་བཀྲ་ཤིས་དཔལ་བཟང་པོའི་རྣམ་ཐར་ཟུང་འཇུག་གྲུབ་པའི་རྔ་ཆེན།》 མཛད་པ་བོ། བསེ་ཚང་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ༢༠༡༦-༦

《བསེ་བློ་བཟང་བཀྲ་ཤིས་རབ་རྒྱས་དཔལ་བཟང་པོའི་རྣམ་ཐར་བློ་ལྡན་ཡིད་ཀྱི་དགའ་སྟོན།》

མཛད་པ་བོ།  ཀིརྟི་བློ་བཟང་འཕྲིན་ལས། ཤིང་པར།

《གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོ་བསྐྱར་བཞེངས་གྲུབ་པའི་ལོ་རྒྱུས་ཕན་བདེ་འདོད་འཇོ། 》མཛད་པ་བོ། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ།

《བྲག་དགོན་པ་རྗེ་སྐལ་བཟང་བསྟན་པ་དགེ་ལེགས་རྒྱ་མཚོ་དཔལ་བཟང་པོའི་རྣམ་ཐར་པདྨ་དཀར་པོའི་ཕྲེང་མཛེས།》   མཛད་པ་བོ། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ།     མི་རིགས་དཔེ་སྐྲུན་ཁང་།   ༢༠༡༠-༨

《སྐྱེས་མཆོག་དམ་པ་ཆོས་དབྱིངས་རྡོ་རྗེའི་དག་སྣང་མགུར་མའི་འགྲེལ་བ་རྣམ་ཐར་དང་བཅས་པ་དད་ལྡན་གཙུག་རྒྱན་པད་དཀར་ཆུན་པོ།》 མཛད་པ་བོ།  ཀིརྟི་བློ་བཟང་འཕྲིན་ལས། ཤིང་པར།

《གཙོས་སྲས་མཁར་དགུ་ཐོག་གི་དཀར་ཆག་ཐར་ལམ་བགྲོད་བྱེད་དད་པའི་སྒོ་འབྱེད།》

མཛད་པ་བོ། དགེ་བཤེས་བློ་བཟང་རྒྱ་མཚོ།  བྲིས་མ།

《གྲུབ་དབང་ཆོས་རྫོང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་པར་ཐར་བ་ལེགས་བཤད་ཕན་བདེའི་འདོད་འཇོ་ཐར་ལམ་རབ་གསལ་སྒྲོན་མེ།》རྩོམ་པ་བོ། གཙོས་ཤེས་རབ་རྒྱ་མཚོ།

《མདོ་སྨད་ཆོས་འབྱུང་།》མཛད་པ་བོ།  བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 

《ཐུའུ་བཀྭན་གྲུབ་མཐའ།》མཛད་པ་བོ།  ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡-༨


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།