ཁྲི་ཀའི་ཡུལ་ལྷའི་ལྷ་ཁང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-28 22:16:28     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 

        གཅིག ཝུན་ཁྲང་ལྷ་གཉེན་མཐུ་བོ་ཆེ་ཡི་འབྱུང་རྐྱེན།
        སྔོན་དུས་སུ་རྒྱ་ནག་གོང་མའི་བདག་སྐྱོང་གི་དཔོན་རིགས་དང་ཆེས་མཐོ་བའི་དཔོན་གནས། མིང་གྲགས་ཅན་གྱི་བློན་ཆེན་ལ་རྒྱུགས་བླངས་ཏེ་རྟགས་མཚན་དེ་ཐོབ་པས་ཝུན་ཁྲང་ཞེས་འབོད། འགྲོ་བ་མི་ཡིས་བསམ་ཚུལ་ལ་བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པར་སྟོན་པའི་སྒོ་ནས་གདུལ་བྱ་སྐྱོབ་པའི་སྐྱོབ་པ་སྟེ་འཇིག་རྟེན་འདུ་རུ་མིང་གྲགས་ཅན་གྱི་དཔོན་གནས་ཀྱི་གྲས་ཤིག་དང་། སུམ་རྩེན་ནའང་ཆེས་མཐོ་བའི་དཔོན་གནས་དང་གཞན་དྲིང་མི་འཇོག་པའི་ལྷའི་གྲས་ཤིག་ཡིན་ཟེར། རྒྱུ་སྐར་ཞིག་གི་མཚན་ལ་ཝུན་ཕྲེང་སྐར་མའམ་རིག་ལྡན་སྐར་མ་ཞེས་འབོད་པ་ཡང་ཡོད། སྐར་མ་དེའི་ལོ་རྒྱུས་ཤིན་ཏུ་མང་བ་དང་། ལོ་རྒྱུས་ལྷའི་དབང་དེབ་ཐེར་ལས་སྐར་མ་སྨིན་དྲུག་གི་གྲས་ཤིག་ཡིན་གསུང་ཡོད། དེ་ལ་སྙན་ངག་པ་དུའུ་ཕུའུ་ཡིས་བྱང་ཕྱོགས་ཀྱིས་མཁའ་དབུགས་དྭངས་གསལ་སྐྱེལ། ཆུ་སྨད་ཀྱིས་བུན་ཁྲང་མཐོང་ན་གཡོལ་ཞེས་པའི་སྙན་རྩོམ་གྱིས་སུ་ལའང་བག་ཆགས་ཟབ་མོ་བཞག་ཡོད། མི་གྲགས་ཅན་གྱི་དཔོན་གནས་ལ་ཤེས་ལྡན་མི་སྣས་ཧུར་བརྩོན་བྱེད་པའི་འདོད་བློ་ཡིན་མོད། འོན་ཀྱང་ལོ་བཅུ་ལ་སྡུག་རུས་བྱས་ནས་མི་གྲགས་ཅན་གྱི་གོ་གནས་ལེན་རྒྱུ་ནི་སླ་མོ་ཞིག་མིན་པས། ཁ་ཤས་ལ་བདམས་རྩེ་ཐོབ་པ་དེ་རིག་ལྡན་སྐར་མས་གནང་བའི་སྐལ་ཡིན་ཟེར། ནམ་མཁའི་སྐར་ཚོམ་གྱིས་འཇིག་རྟེན་བདག་སྐྱོང་གི་དཔོན་གནས་བཟུང་ཡོད་པ་དང་། སྨེ་བདུན་རི་བོ་ན་བཞུགས་ཡོད་པའི་ཀྲང་ཡ་ཙེ་ཚེ་ལས་འདས་རྗེས་དེའི་སྤྲུལ་སྐུ་ཝུན་ཁྲང་ལ་ངོས་འཛིན་པའི་ངག་རྒྱུན་མཆིས། ཀྲང་ཡ་ཙི་ག་འདྲ་ཞིག་རེད་དམ་ཞེ་ན། མེན་རྒྱལ་རབས་ཀྱི་ལོ་རྒྱུས་སྟེང་བཀོད་ཡོད་པ་ལྟར་ན་ཏོན་ཅན་གྱི་མི་ཡིན་ཟེར། ཡུམ་གྱི་འཁོན་ལན་སློག་ཕྱིར་ཕ་ཡུལ་ཞི་ཅོན་ནས་སི་ཁྲོན་ཙི་ཐོན་ས་ཆའི་སྨེ་བདུན་རི་བོ་ལ་གནས་སྤོར། ཁོང་གིས་ཁོན་མིན་གྱི་དམ་ཆོས་ལ་སྲུང་བ་མཐར་ཕྱིན་བྱས་པ་མ་ཟད། གསོ་བ་རིག་པ་ལའང་སྦྱངས་མཐར་ཕྱིན། དུས་སྐབས་སུ་ཟིང་འཁྲུགས་རྒྱུན་དུ་བྱུང་རྐྱེན་མི་རྣམས་འཚོ་ཐབས་བྲལ་བའི་གནས་ལ་ལྷུང་ཡོད། ཀྲང་ཡ་ཙི་གང་ས་གང་དུ་བསྐྱོད་ནས་དགེ་བ་སྒྲུབ་པ་དང་རྒན་བཀུར་བྱིས་སྐྱོང་། དབུལ་སྐྱོབ་དང་དཀའ་ངལ་སེལ་བ། འདུམ་འགྲིག་བྱས་པ་མ་ཟད། ནད་པ་སྨན་བཅོས་བྱེད་པ་དང་སྨན་སྦྱིན་བཏང་བ་སོགས་ལ་མང་ཚོགས་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོས་བསྙེན་བཀུར་བྱེད་པ་རེད། ཀྲང་ཡ་ཙི་སྐུ་ཚེ་ལས་འདས་རྗེས་མི་དམངས་མང་ཚོགས་ཀྱིས་ཁོང་ལ་མཆོད་ཁང་ཞིག་བཞེངས་ནས་མཆོད་བཀུར་བྱེད་པ་རེད། ཁོང་ལ་སྤྲུལ་བ་དོན་གཉིས་ལྡན་པས་གཡུ་འབྲུག་སྔོན་མོ་ཞིག་སྤྲུལ་ཏེ་མགོ་ནག་མི་ཡི་ཕྱིར་དུ་ཐོན་ཅང་གཙང་བོ་བསྐྱོམས་ཤིང་ཞི་ཀྲིག་ས་ཆ་ཆར་བས་བསྣུབས་ཏེ་ཟ་རྔམ་ཅན་གྱི་དཔོན་ངན་རྣམས་རྨེག་མེད་དུ་བཏང་ཟེར་བའི་ངག་རྒྱུན་ཡོད། སྨན་རྒྱུད་ལྟར་ན་ཁོང་ཉིད་གསོ་བ་རིག་པའི་མཁས་ཅན་ཞིག་ཡིན་ཟེར་བ་དང་། རུའུ་ལུགས་ལྟར་ན་ཁོང་ཉིད་ཀྱི་ཡང་མེས་མི་རབས་བཅུ་བདུན་ཚང་མ་དཔོན་རིགས་ཡིན་ཟེར། དགེ་སྒྲུབ་གླེགས་བམ་ལས་ཁོང་ཉིད་ཤེས་ཡོན་ཅན་དུ་སྐྱེས་ཟེར། ཐང་རྒྱལ་རབས་ཀྱི་དུས་སྐབས་སུ་ཡུལ་བྱོལ་བྱས་ཏེ་སི་ཁྲོན་ལ་འོང་བའི་རྒྱལ་བོ་ཞོན་ཙོན་དང་ཞི་ཙོན་ཟུང་གིས་སྔ་གཞུག་ཏུ་ཁོང་ལ་གཡོན་གྱི་བློན་ཆེན་དང་ཕན་བདེ་དཔལ་གྱི་རྒྱལ་བོ་ཞེས་པའི་གུས་མཚན་གནང་ཡོད། སོན་རྒྱལ་རབས་ལྷོ་མ་ཧྲོ་ཞིའི་དུས་སྐབས་སུ་ཀོང་ཙོན་རྒྱལ་པོས་ཀྲང་ཡ་ཙིའི་གོ་གནས་སྤར་ཏེ་ཝུན་ཁྲང་ལྷ་ཆེན་ཞེས་པའི་གུས་མཚན་ངེས་གཏན་བྱས་ནས་བཏགས། སོན་རྒྱལ་རབས་ཀྱི་དུས་མགོར་ཀྲིན་ཙོན་རྒྱལ་བོས་ཀྲང་ཡ་ཙི་ལ་དཔའ་མངོན་རྒྱལ་བོ་ཞེས་པའི་མཚན་གནང་བ་རེད། རབ་མིག་མེ་སྟག་ལོ་ཕྱི་ལོ་༡༡༤༦ལོར་རྒྱལ་བོའི་ཕོ་བྲང་བཞིན་ཁོང་ལ་ཕོ་བྲང་ཞིག་བཞེངས། ས་ཆ་སོ་སོ་ནས་ཝུན་ཁྲང་ལྷ་ཆེན་ཞེས་པའི་མཚན་ཡང་ཡོད། ལུགས་རྙིང་གི་དབུ་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོ་ནི་ཀྲང་ཡ་ཙིའི་སྐྱེས་སྐར་ཡིན་ཞེས་པའི་ངག་རྒྱུན་ཡོད་པའི་ཉིན་འདི་ལ་གནམ་ས་ཁེངས་པའི་དད་ལྡན་མང་ཚོགས་རྒྱུན་མི་ཆད་པར་མཆོད་མཇལ་བྱེད་བཞིན་མཆིས། །
        གཉིས། ལྷ་གཉེན་མཐུ་བོ་ཆེའི་འཁྲུངས་ཡུལ། 
        ཕོ་བྲང་འདི་ཉིད་ཕྱི་ལོ་༡༩༩༤ལོའི་ལུགས་རྙིང་གི་ཟླ་༣པ་ནས་བཟུང་ལྷ་གཉེན་མཐུ་བོ་ཆེའི་འཁྲུངས་ཡུལ་གྱི་ལྷ་ཁང་སྐོར་ཞིབ་འབྲི་དང་། རྒྱ་ནག་ཐང་། སོན། ཧོར། མིན། མཉྫུ་རྒྱལ་རབས་ལྔའི་ཡུལ་ལྗོངས་གྲགས་ཅན་དང་གནའ་ཤུལ་འགངས་ཆེན་སོགས་རེ་རེ་བྱས་ནས་བཤད་ན་བརྗོད་ཚར་བ་མི་འདུག་པས་གཤམ་གྱི་དོན་ཚན་འགའ་ལ་དབྱེ་ཡོད་པའི་ཤེས་ལྡན་རྣམ་པའི་མཁྱེན་པར་མཛོད། །
༡ སྨེ་བདུན་རི་བོའི་ལྷ་ཁང་གི་ཁོར་ཡུག་ཀུན་ཏུ་གནའ་ཤུག་སྡོང་ཆེན་གྱིས་ཁེངས་ཡོད་པ་དང་ཆེས་དཀོན་ཞིང་རྩ་ཆེ་བའི་རྨི་ལམ་འགུགས་པའི་ལྷ་ཁྲིའི་འགྲམ་དུ་གནས་པའི་ཅིན་རྒྱལ་རབས་ཀྱི་གནའ་ཤུག་སྡོང་ཆེན་དེ་ཤུག་སྡོང་ཀུན་གྱི་ཡང་མེས་ཡིན་ཟེར་བ་དང་། ཅིན་རྒྱལ་རབས་ཀྱི་ཀྲང་ཡ་ཙིས་བཙུགས་པ་ཡིན་ཟེར་བའི་ངག་རྒྱུན་མཆིས། གནའ་ཤུག་སྡོང་ཆེན་དེ་ད་བར་དུ་ལོ་ཆིག་སྟོང་དྲུག་བརྒྱ་ལྷག་སོང་ཡོད་མོད། སྙན་ངག་པ་ཚོས། ལྷ་ཡི་སྐུ་བཞིན་སྐྱེ་འཇིག་མེད་པ་དང་། ། མཆོད་ཁྲི་བཞིན་དུ་མི་ལོ་ཆིག་སྟོང་ལྡན། ། ཞེས་པའི་བསྔགས་བརྗོད་བྱས་ཡོད། །
        ༢ བསིལ་འགུགས་ཐོག་ཁང་དང་དཀར་འདུས་ལྷ་ཁང་ནི་འབངས་སྤྲོ་འདུ་ཁང་གི་གཡས་ལོགས་སུ་གནས་པ་དང་། བཟོ་དབྱིབས་གཞན་ལས་ཁྱད་དུ་འཕགས་པའི་ལྷ་ཁང་འདི་ཉིད་མིན་རྒྱལ་རབས་ཀྱི་ཧོང་བུའུ་ཁྲི་ལོ་བརྒྱད་པ་ཕྱི་ལོ་༡༣༧༥ལོར་བཞེངས། ། 
        ༣ འདུ་ཁང་ཆེན་མོའི་མདུན་གྱི་རྡོ་འཁྱིལ་ཕོ་བྲང་གི་ནང་དུ་མིང་གྲགས་ཅན་གྱི་ཕ་བོང་ཟླ་ཟླུམ་ལྟ་བུ་ཞིག་ཡོད་པས་མིང་དེ་ལྟར་ཐོགས། ཕོ་བྲང་འདི་ཉིད་ཧོར་རྒྱལ་རབས་ཀྱི་དུས་མགོར་བཞེངས། མཉྫུ་རྒྱལ་རབས་ཀྱི་ཀུན་ལྡན་ཁྲི་ལོ་ཉི་ཤུ་ཕྱི་ལོ་༡༨༠༠ལོར་གསོལ་འདེབས་ཁང་བསྐྱར་དུ་བཞེངས། ། 
        ༤ དྲི་ལྡན་ཤིང་ཚའི་ལྷ་ཁང་ནི་དབུས་ཁང་གི་རྒྱབ་ཕྱོགས་སུ་ཡོད་པ་དང་། སྔོན་ཀྲང་ཡ་ཙི་ཡི་ལྷ་ཁང་དང་རྣམ་ཤེས་འགུགས་པའི་ལྷ་ཁང་ཡིན་ཟེར། དེང་སྐབས་གནས་ཡོད་པའི་བཟོ་སྐྲུན་ནི་མིན་རྒྱལ་རབས་ཀྱི་དུས་མགོར་ཁྲུའུ་རྒྱལ་བོའི་ཕོ་བྲང་ལྟར་བཞེངས་པའི་ལྷ་ཁང་འདིའི་མདུན་དུ་མིན་རྒྱལ་རབས་ཀྱི་ཙནྡན་དང་པདྨ། ཤིང་ཚ་བཅས་ཡོད་པས་མིང་དེ་ལྟར་གྲགས། །
        ༥ ནད་འཇོམས་ལྷ་ཁང་ནི་དབུས་ཁང་གི་གཡས་ཕྱོགས་སུ་ཡོད་པ་དང་། མིན་རྒྱལ་རབས་ཀྱི་དུས་མགོ་ཕྱི་ལོ་༡༢༧༩ལོར་བཞེངས་ཀྱང་། རྗེས་སུ་ལྷ་ཁང་ལ་མེ་སྐྱོན་བྱུང་བས་མཉྫུ་ཕྱི་ལོ་༡༧༧༦ལོར་བསྐྱར་དུ་བཞེངས། །
        ༦ ཁྲུ་བརྒྱའི་ཐོག་ཁང་ངམ་གུས་ལྡན་ཐོག་ཁང་། གཙོ་སྐར་ཐོག་ཁང་། རྒྱུ་སྐར་ཐོག་ཁང་ནི་དབུས་ཁང་གི་མདུན་དུ་ཡོད་པ་དང་། ཕྱི་ལོ་༡༣༦༨ལོར་བཞེངས་མགོ་བརྩམས། ད་རུང་མཚན་ལ་ནུབ་ཀྲུའུ་མིང་གྲགས་ཐོག་ཁང་ཡང་ཟེར། དེའི་སྐབས་སུ་མཛེས་སྡུག་ལྡན་པ་དང་། ཡིད་དུ་འོང་བ། མིང་དུ་གྲགས་པའི་ཅིན་ཁྲུའུ་ཐོག་ཁང་དང་ཡོ་ཡང་ཐོག་ཁང་། ཧོང་ཁྱོ་ཐོག་ཁང་བཅས་ལ་འགྲན་ནུས། རྗེས་སུ་མེ་སྐྱོན་ཐེབས་ནས་ཕྱི་ལོ༡༧༣༢ལོར་བསྐྱར་དུ་བཞེངས། ། 
        ༧ ཕོ་བྲང་གི་ཤིང་ཚའི་མཆོད་ཁང་དུ་ལོ་དྲུག་བརྒྱའི་སྔོན་གྱི་ཟངས་སྐུ་སུ་མེའི་ཡུལ་ལྷ་དང་འོན་ལྐུགས་ཕོ་ཉ་བཞེངས་ཡོད། དེའི་ལྗིད་ཚད་སྤྱི་རྒྱ་ཉི་ཤུ་ལྷག་ཡོད་པ་དང་ལྟ་ན་སྡུག་པ། ཕུལ་དུ་བྱུང་བ་ཞིག་ཡིན། ཕོ་བྲང་དུ་བཞུགས་པའི་ཡུལ་ལྷས་དབང་བོ་སྐྱོན་ཅན་ཟུང་ཕོ་ཉར་བྱེད་དགོས་དོན་ཅི་ཞེ་ན། ལྷ་གཉེན་མཐུ་བོ་ཆེ་ནི་འཇིག་རྟེན་ལ་བདག་སྐྱོང་བྱེད་པོ་དང་གསང་དོན་སྒྲུབ་པོ་ཡིན་པས། འོན་པས་མི་ཐོས་པས་གསང་དོན་མི་ཤེས། ལྐུགས་པས་ཐོས་ཀྱང་བརྗོད་ཐབས་བྲལ་བའི་རྐྱེན་ཡིན་ཟེར། དེ་བས་གཅིག་གིས་གསང་བའི་ཡིག་ཆ་བདག་གཉེར་བྱེད་པ་དང་གཅིག་གིས་དབང་ཆ་འབུར་ཐོན་གྱི་ཐམ་ག་བཟུང་ཡོད། གཞན་ཡང་རོའུ་ལུགས་གྱི་མཚན་ཉིད་རིག་པ་ཟུང་གི་ནང་དུ་རྒྱལ་ཁབ་སྐྱོང་ན་བློ་སེམས་དཀར་བ་དང་བདེན་པ་བདེན་དྲང་། སྤྱོད་པ་བཟང་བ། བློ་སེམས་གཅིག་སྒྲིལ། འཇིག་རྟེན་བདེ་ལ་འགོད་པ། བསྒྲུབ་བྱ་ཐ་དག་འདུ་ཤེས་བཟང་པོས་སྒྲུབ་པ་ཞེས་འཇིག་རྟེན་ལ་དགོས་གལ་ཆེ་བའི་གསུང་ཡང་མཆིས། རལ་གྲིའི་དབྱིབས་ཀྱི་ཆུ་མིག་དང་འབངས་སྤྲོ་འདུ་ཁང་། གནམ་བཀུར་ལྷ་ཁང་། ཆུ་ལྷའི་ལྷ་ཁང་སོགས་གནས་བཅུ་ལྷག་ཡོད་པ་རེ་རེ་བཞིན་གསལ་བོ་ཞིག་བརྗོད་རྒྱུར་ཤིན་ཏུ་སྟབས་མི་བདེ་བ་དང་མང་དྲགས་པའི་འདི་རུ་བྲིས་མེད། ནང་སྒོས་སུ་སྙན་ངག་པ་ལིག་པེ་ཡིས་སི་ཁྲོན་ཡུལ་གྱི་འགྲོ་ལམ་དཀའ་ཞེས་པ་ལས་ཙི་ཐོན་དུ་རྒྱལ་ཁབ་གསུམ་གྱི་གནས་ཤུལ་མང་པོ་མཚོན་པར་བྱས་ཡོད། དཔེར་ན། ལིག་པེ་ཡིས་དབྱེ་མ་གང་དུ་གཡུལ་འགྱེད་བྱས། ཁོང་མེན་གྱིས་གཡུ་འབྲུག་འཕྲད་ཉལ་རི་བོ་རུ་དམག་སྒར་བཏབ། ཀྲང་ཧྥེ་ཡིས་བ་ཁུག་འགག་སྒོ་རུ་འཁྲུགས་ཆེན་བསླངས། ཀྲུའུ་ཧན་བྱང་སྐྱོད་བྱས་པའི་ཙི་ཡོན་ཏོ་ས་ཆ་དང་ལི་ཡན་གྱི་དུར་ཁྲོད་སོགས་མཆིས། ཧན་རྒྱལ་རབས་ཀྱི་རྡོ་བརྐོས་ཁང་བ་དང་ཐང་རྒྱལ་རབས་ཀྱི་རྡོ་བརྐོས་འབག་སྐུ། སོན་རྒྱལ་རབས་ཀྱི་ཞིབ་ཚགས་ལྡན་པའི་བརྐོས་རིས། རྐང་ལྔའི་བསང་ཁྲི་དང་ལྗིད་ཚད་སྤྱི་རྒྱ་གསུམ་ལྷག་ཡོད་པའི་ཟངས་སྐུ་སོགས་ཡོད་དོ། ། 
        གསུམ། སྔོན་ཆད་དང་དེང་སྐབས་ཀྱི་ཕོ་བྲང་འཛུགས་སྐྲུན་གྱི་སྐོར།
        ཡུལ་ལྷའི་ཕོ་བྲང་ནི་ཁྲི་ཀ་རྫོང་གི་ཧོ་ཞི་ཡུལ་ཚོ་ནས་སྤྱི་ལེ་གཉིས་ཡས་མས་ཀྱི་ཤན་པ་སྣའི་རི་རྩ་རུ་བཞེངས་ཡོད། ཕར་ཆེར་ཕོ་བྲང་གིས་མུས་གྲུ་བཞི་མ་བཞི་བརྒྱ་རེ་དགུ་ཟིན་འདུག ཤར་ནི་ལུང་ཆེན་གྲམ་ཆུ་དང་ལྷོ་ནི་ཆུ་ཁོལ་ཁྲེ་ཙེ་ཞོལ་མ། ནུབ་ནི་ཤན་པའི་ཐང་། བྱང་ནི་རྨ་ཆུ་སྔོན་མོ་བཅས་ལ་འབྲེལ་ཡོད། ཕོ་བྲང་འདི་ཉིད་ཕྱི་ལོ༡༡༧༩ལོར་བཞེངས་མགོ་བརྩམས། ཐོག་མར་གསར་བཞེངས་མཁན་ནི་སྐུ་འབུམ་དགོན་པའི་ཨ་རྒྱ་ཚང་སྐུ་གོང་མའི་གོང་མ་ཞིག་གིས་ཁྲི་ཀའི་ཆུ་ཁོལ་ལུང་བ་ནས་བཞེངས་རྩིས་ཡོད། མཚན་མོ་ཞིག་ལ་ཤྭ་འོད་ཆེན་པོ་རྒྱུགས་ནས་གྲ་སྒྲིག་བྱས་ཡོད་པའི་ཤིང་ཆ་བརྒྱ་ཆའི་བདུན་ཅུ་ཁུར་ནས་ཤིང་ཆར་གྱོང་གུད་གཅིག་ཀྱང་མ་ཐེབས་པར་དེང་སྐབས་ཡུལ་ལྷའི་ཕོ་བྲང་བཞེངས་སའི་ཉེ་འདབས་སུ་སྤུངས་པས་ན། གནས་དེ་རུ་བཞེངས་ཟེར་བའི་ངག་རྒྱུན་ཡོད། གཞན་ཨ་རྒྱ་ཚང་སྐུ་གོང་མའི་གོང་མ་ཞིག་གོང་མའི་དབུ་ལྷ་ཡིན་སྐབས་སོག་པོའི་བློན་ཆེན་ཞིག་གིས་ངན་སེམས་བཅངས་ནས་གོང་མ་ལ་ཨ་རྒྱ་ཚང་གི་པིར་ཁུག་ནང་དུ་གྲི་བཅུག་ནས་གོང་མ་ཁྱེད་བཀྲོང་རྩིས་འདུག་ཅེས་ཕྲ་མ་བཏབ། གོང་མས་ཨ་རྒྱ་ཚང་མདུན་དུ་བོས་ནས་ཁྱོད་ཀྱི་པིར་ཁུག་ནང་དུ་ཅི་ཞིག་ཡོད་པ་བདག་གིས་གཟིགས་མོ་བྱེད་ཟེར་བས་ན། ཨ་རྒྱ་ཚང་གིས་པིར་ཁུག་ནང་དུ་སྨྱུ་གུ་གཞོག་གྲི་ཡོད་པས་འགྲིག་པ་མ་འདུག་བསམ་ཞོར་ལ་མྱུར་མགྱོགས་ཅན་གྱི་བདག་པོ་དང་རང་དབང་ཅན་གྱི་བདག་པོ་ལྷ་གཉེར་མཐུ་བོ་ཆེ་གློ་བུར་དུ་སེམས་ལ་དྲན་ནས་པིར་ཁུག་ནང་གི་དངོས་པོ་མདུན་ཅོག་སྟེང་དུ་བླུགས་པས་ན་སྨྱུ་གུ་མ་གཏོགས་གཞོག་གྲི་མེད་པས་རྒྱལ་བོས་སོག་པོའི་བློན་ཆེན་དེ་ལ་ཆད་པ་བཅད། ཨ་རྒྱ་ཚང་ཕྱིར་གཟིམ་ཤག་ཏུ་འོང་བས་ན་གཞོག་གྲི་དེ་གྱང་ངོས་སུ་བཀལ་འདུག དེ་རྗེས་ཨ་རྒྱ་ཚང་གིས་ལྷ་གཉེན་མཐུ་བོ་ཆེ་ལ་གནས་སྐྱིད་ས་ཞིག་ནས་ཁྱེད་ལ་ཕོ་བྲང་ཞིག་བཞེངས་ཟེར་ནས་དེང་སྐབས་ཀྱི་ཡུལ་ལྷའི་ཕོ་བྲང་གི་གནས་དེ་རུ་ཡུལ་ལྷ་ཕ་བོང་དཀར་པོ་ཞིག་གི་སྟེང་དུ་བཞུགས་ནས་བགྲོད་ཁ་མ་ཉན་པས་ན་གནས་དེ་ནས་ཕོ་བྲང་བཞེངས་ཟེར་བའི་ངག་རྒྱུན་ཡང་མཆིས། །
ཕོ་བྲང་འདི་ཉིད་བར་བགེགས་མེད་ལ་བདེ་བླག་ངང་བཞེངས་པ་ཞིག་མིན་པར། ཕྱི་ལོ་༡༡༧༩ལོར་འདུ་ཁང་གྱན་གསུམ་མ་གཏོགས་བཞེངས་མ་ཐུབ། དེའི་རྗེས་ལོ་རེ་རེ་རྒྱུན་མ་ཆད་པར་བཞེངས་པས་ན་ཕྱི་ལོ་༡༣༦༨ལོར་ཕོ་བྲང་ཡོངས་སུ་གྲུབ། འདུ་ཁང་གྱན་གསུམ་གྱི་ཀླད་ནི་རྫ་ལེབ་གཡུ་རྩི་ཅན་ཡིན། གཡས་གཡོན་གཉིས་ཀྱི་ཟུར་ཁང་ལ་གྱན་བཅུ་དྲུག་ཡོད་པ་དང་། ཤར་ཕྱོགས་གཙོ་སྐར་འདུ་ཁང་ལ་ཐོག་འོག་གྱན་བཅུ་གཉིས་ཡོད་པའི་ནང་དུ་ཤན་པ་ཙི་ཐོང་གི་སྐུ་བཞེངས་ཡོད། ལྷ་བྱང་ཐོག་ཁང་གི་ཐོག་འོག་ཏུ་གྱན་བཅུ་གཉིས་ཡོད་པ་ཚང་མའི་ཀླད་ནི་རྫ་ལེབ་སྔོ་སྐྱའི་མདོག་ཅན་ཡིན། གཙུག་ལག་ཁང་ནང་དུ་ཡུལ་ལྷ་འཁོར་བཅས་ཀྱི་སྐུ་འདྲ་ལྔ་ཡོད་པ་ལས་གཞན་ཚང་མ་ལྡེབས་རིས་ཡིན། གཙུག་ལག་ཁང་གི་གཡས་གཡོན་དུ་རྟ་བདག་རྒྱལ་བོ་ཟུང་ཡོད་པ་དང་ཅང་ཤེས་རྟ་མཆོག་དང་གྱི་ལིང་དྲེལ་བཞེངས་ཡོད། ད་དུང་ཅོང་དང་རྔ་ཡི་ཐོག་ཁང་། གསོལ་ཁང་། ནད་ཁང་། སུམ་སྒོ་ཅན་གྱི་སྒོ་གསུམ་བཅས་ལ་གྱན་བརྒྱད་ཅུ་ལྷག་ཡོད་པ་ཚང་མ་གནའ་བོའི་བཟོ་སྐྲུན་ཡིན་པ་དང་། གཟབ་ནན་གྱིས་བཀོད་སྒྲིག་དང་བ་གམ་ཅན་གྱི་སྣོལ་མར་སྐྱོན་ཅི་ཡང་མི་མཆིས་པ། བཀོད་མཛེས་ཡིད་དུ་འོང་བའི་ཀ་གདུང་བརྐོས་མར་རི་མོ་དང་ཚོན་གྱིས་རྒྱན་པས་བརྗིད་ཉམས་མཛེས་སྡུག་ལྡན་པ་དང་གཟི་བྱིན་འབར་བ། བཟོ་བཀོད་ཕྲ་ཞིང་ཞིབ་པ་སོགས་ལྷའི་བཟོ་རྩལ་ལས་ཀྱང་ལེགས་པས་ན་དེང་སྐབས་ཁྲི་ཀའི་ཡུལ་ན་མིང་དུ་གྲགས་པའི་དགོན་ཆེན་བཞི་དང་། མཛེས་ལྗོངས་བརྒྱད་ཀྱི་ཡ་གྱལ་ཡིན་པ་དང་། གནའ་ནས་ད་བར་དུ་ལོ་བརྒྱད་བརྒྱའི་ལོ་རྒྱུས་ལྡན་པའོ། ། 
        མིན་རྒྱལ་རབས་ཀྱི་དུས་དཀྱིལ་ལ་དྲག་དཔུང་གིས་ངོ་ལོག་བྱས་ཏེ་གཙུག་ལག་ཁང་ལས་གཞན་ཁ་ཤས་མེ་སྐྱོན་ཐེབས་ནས་ས་གནས་དེས་བསྐྱར་བཞེངས་གནང་། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ལོ་བརྒྱད་ཕྱི་ལོ་༡༩༡༩ལོར་ཟིང་དམག་གིས་གྱེན་ལོག་བྱས་ཏེ་འདུ་ཁང་ཁ་ཤས་མེར་བསྲེགས། ཨ་རྒྱ་ཚང་གིས་རྗེས་སུ་རྒྱབ་སྐྱོར་གནང་སྟེ་བསྐྱར་བཞེངས་བྱས། ཕྱི་ལོ་༡༩༥༨ལོར་རྨོངས་དད་རྩ་གཏོར་གྱི་ཁ་གཡར་ནས་ཕོ་བྲང་ཡོངས་རྫོགས་མེད་པར་བཟོས་པ་དང་། འབག་སྐུ་བཅུ་གཅིག་ཀྱང་བཤིག་རྫོགས་བྱས། ད་རུང་གནའ་བོའི་རོལ་ཆའི་ཅོང་ཆེ་ཆུང་བཞི་དང་རྡོའི་སེང་གེ་གཉིས། བཟོ་དབྱིབས་ཤིན་ཏུ་མཛེས་པའི་མཆོད་ཁྲི་གཅིག བསང་ཁྲི་ཁྲོ་བླུགས་མ་གཉིས་བཅས་བཅགས་ནས་མེད་པར་བཟོས། རྡོ་སྐས་སུམ་བརྒྱ་ལྷག་ཙམ་བཙན་ཁྱེར་བྱས་ནས་མེད་པར་བཏང་། ཁྱད་པར་དུ་རིན་ཐང་བྲལ་བའི་མུ་ཏིག་ཕྲེང་བ་གཅིག་(གོང་མ་ཆིན་ཁྲོ་ཡིས་གནང་བ་ཡིན་ཟེར)གར་སོང་ཆ་མེད་དུ་གྱུར། །
        བཞི། བསྐྱར་བཞེངས་ཀྱི་གནས་ཚུལ། སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་འཚོགས་པ་ནས་བཟུང་། བོད་ལྗོངས་དང་མགོ་ལོག ཁམས་སྟོད། རྨ་ལྷོ། མཚོ་ལྷོ་ས་ཁུལ་གྱི་དད་ལྡན་མང་ཚོགས་ཁྲི་མ་འབུམ་གྱིས་ཡུལ་ལྷའི་ཕོ་བྲང་བཞེངས་དགོས་པའི་རེ་བ་མང་དུ་བཏོན་པས། རྒན་པ་བཅུ་གཉིས་ཀྱིས་རང་འཐད་སྒོས་ཕོ་བྲང་བསྐྱར་བཞེངས་ཀྱི་ཚན་ཆུང་བཙུགས། དད་ལྡན་མང་ཚོགས་ཀྱིས་རང་འཐད་ཀྱིས་འབུལ་བ་གནང་བའི་རྩ་དོན་བཞིན་གྱ་གཉིས་ལོར་མགོ་བཟུང་ནས་ཤིང་ཆ་ཉོ་བསྡུ་དང་འཆར་གཞི་བཟོས། ལོ་དེའི་ལུགས་རྙིང་གི་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ལ་སྔོན་གཙུག་ལག་ཁང་གྲུབ་པ། རྫ་ལེབ་གཡུ་རྩི་ཅན་གྱིས་ཀླད་བཀབ། གྱ་དྲུག་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ལ་མཚོ་ལྷོ་ཁུལ་ཡིག་ཆ་ཨང(༨༦)ཨང་ཡིག་༩༧ནང་ཆོག་མཆན་བཀོད་དེ་ཡུལ་ལྷའི་ཕོ་བྲང་ནི་ཆོས་ལུགས་བྱ་འགུལ་སྤེལ་གནས་ཤིག་ཡིན་པར་ཡིད་འཐད་བྱུང་། གྱ་བདུན་ལོར་རྟ་བདག་རྒྱལ་པོས་ལྷ་ཁང་གྱན་གཉིས་དང་བཙན་ཁང་གྱན་གསུམ་བསྐྱར་བཞེངས་བྱས་པ་མ་ཟད། ཝུན་ཁྲང་ཡུལ་ལྷ་དང་འཁོར་གཡོག་ཤན་པ་ཙི་ཐོང་། རྟ་བདག་རྒྱལ་བོ། གྱི་ལིང་དྲེལ། ཅང་ཤེས་རྟ་མཆོག་སོགས་འབག་སྐུ་བཅུ་གཅིག་བཞེངས། དགུ་བཅུ་ཐམ་པའི་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་དྲུག་ཉིན་ལ་བྱང་གི་ཐོག་ཁང་སྟེང་འོག་གྱན་བཅུ་གཉིས་དང་བསྐོར་ལམ་བཅས་བསྐྱར་དུ་བཞེངས། གོ་གཅིག་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུ་ལ་ལྷོའི་ཐོག་ཁང་སྟེང་འོག་གྱན་བཅུ་གཉིས་དང་སྐོར་ལམ་བཅས་བསྐྱར་བཞེངས་བྱས། གོ་གཉིས་ལོའི་ལུགས་རྙིང་གི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་བྱང་གི་ཐོག་ཁང་ནང་དུ་མེ་ལྷ་དང་གླང་རྒྱལ། རྟ་བདག ལྷ་ཡི་ཐོག་ཁང་ནང་དུ་གོང་སྨན་རྒྱལ་མོ་དང་འཕགས་མ་སྒྲོལ་མ། མཆོད་པའི་ལྷ་མོ་སོགས་འབག་སྐུ་བཅུ་དགུ་བཞེངས་པ་(སྔོན་ཆད་ཚང་མ་ལྡེབས་རིས་ཡིན)དང་ཚང་མར་སྣུམ་ཚོན་བཏང་། གོང་ནས་བརྗོད་པའི་ཕོ་བྲང་གི་བཞེངས་ཚུལ་སྔོན་གྱི་བཞེངས་ཚུལ་ལྟར་ཡིན་ལ། བ་གམ་དང་ཚོན་སྒྲོལ། ཀ་གདུང་སོགས་ཤིང་བརྐོས་རི་མོ་ལས་གཞན། ལྷོ་བྱང་གི་ཐོག་ཁང་ལ་སྔོན་ཆད་དང་བསྡུར་ན་ཤིང་བརྐོས་རི་མོ་བདུན་བརྩེགས་ཀྱིས་བརྒྱན་པས་ལྷག་པར་མཛེས། སྒོས་སུ་ཕོ་བྲང་ནང་གི་འབག་སྐུ་རེ་རེར་གཟུངས་གཞུག་འབུལ་ལ་གཙིགས་བཟུང་སྟེ། ཕོ་བྲང་གི་དམིགས་འཛུགས་པ་སྐུ་འབུམ་དགོན་པའི་ཨ་རྒྱ་ཚང་ལ་ཞུ་བྱས་ཤིང་། ཁོང་གིས་རྒྱབ་སྐྱོར་འོག་ཏུ་འབག་སྐུ་རེ་རེར་གཟུངས་གཞུག་ཏུ་གྲངས་ཀ་ངེས་གཏན་གྱི་གསུང་འབུམ་དང་གསེར་དངུལ་མུ་ཏིག་སོགས་ཕུལ་ཏེ་རབ་གནས་མཛད། ཆེས་རིན་ཐང་བྲལ་བའི་ཡུལ་ལྷའི་འབག་སྐུའི་གཟུངས་གཞུག་ཏུ་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་དབུ་འཛིན་གཞོན་པ་པཎ་ཆེན་རིན་པོ་ཆེས་གསང་ཐམ་རྒྱབ་པའི་གསུང་འབུམ་ཞིག་བཞག་ཡོད། ། 
        ཟུར་མཆན། ཤར་གྱི་ཐོག་ཁང་ཤན་པ་ཙི་ཐོང་གི་གཙུག་ལག་ཁང་ནི་ཕྱི་ལོ་༡༩༩༤ལོའི་ལུགས་རྙིང་གི་ཟླ་༡༠བའི་ཚེས་༢༦ཉིན་ལ་ལེགས་གྲུབ་བྱུང་། ཅོང་ཁང་དང་རྔ་ཁང་ནི་ཕྱི་ལོ་༡༩༩༥ལོའི་ལུགས་རྙིང་གི་ཟླ༥བའི་ཚེས་༢༦ཉིན་ལ་ལེགས་གྲུབ་བྱུང་། འདིའི་བཞེངས་ཚུལ་ཡིག་ཐོག་ཏུ་བཀོད་མེད་པས་རྗེས་སུ་གླེང་བར་བྱའོ། ། 
        སྨྲས་པ།
ཀུན་མཁྱེན་བུ་རམ་ཤིང་བའི་བསྟན་པ་ལ། ། མ་རྟོགས་ལོག་རྟོག་ཐེ་ཚོམ་མི་མངའ་བར། ། འཁྲུལ་བྲལ་བསྲེག་བཅད་བརྡར་བའི་གསེར་སྦྱངས་བཞིན། ། དཔྱད་གསུམ་དག་པའི་བློ་བཟང་རྒྱལ་བའི་བསྟན། ། གྲུབ་མཐའ་རྣམ་བཞིའི་དབུ་མ་ཐལ་འགྱུར་བའི། ། ལྟ་བའི་སྲོག་ཤིང་འཇམ་མགོན་རིང་ལུགས་འདིར། ། གངས་ཅན་མཁས་རྒུ་ཡོངས་ཀྱིས་ཅོད་པན་བཅིངས། ། གྲུབ་མཐའ་རིས་མེད་དད་ལྡན་སུ་མི་གུས། ། ཡུལ་འདིའི་དགེ་འདུན་སྡེ་རྣམས་ཕལ་ཆེར་གྱིས། ། སྐྱབས་རྗེའི་དམ་པ་རྗེ་བཙུན་གསེར་ཁང་བའི། ། སྤོང་བ་བསམ་གཏན་འཁོར་ལོ་ཉམས་བཞེས་པའི། ། སྒྲུབ་རྒྱུད་བསྟན་པའི་སྣང་བས་ཕྱོགས་ཀུན་ཁྱབ། ། ཐུབ་པའི་བརྟུལ་ཞུགས་ཚད་ལས་མི་འདའ་བར། ། སྒོམ་གསུམ་དག་པའི་རྩ་བ་རབ་བརྟན་ཅིང་། ། བསླབ་གསུམ་རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས། ། སྐུ་གསུམ་ནོར་བུའི་གླིང་དུ་ཕྱིན་གྱུར་ཅིག ། གོང་བཀོད་དགོན་སྡེ་དག་གི་ལོ་རྒྱུས་རྣམས། ། ལ་ལའི་དེབ་ཐེར་ཆོས་འབྱུང་མ་མཐོང་ཡང་། ། ངག་སྒྲོས་ཐན་ཐུན་འུད་བསྟོད་མུན་མདའ་འཕངས། ། རང་གི་ཨ་ཕའི་ཁ་ཕོར་གཙང་ཞེས་ཟེར། ། གཞན་དག་ཡིད་ཆེས་མི་བྱེད་གད་མོའི་གནས། ། ནོངས་པ་གང་བགྱིས་མཁས་པའི་ཚོགས་ལ་འཆགས། ། དེར་བཀོད་མ་ནོར་དག་པའི་ལུང་གིས་ཀྱང་། ། སྡེ་འདིར་ཡུན་རིང་གནས་པའི་རྒྱུར་གྱུར་ཅིག ། མངྒ་ལཾ། །  

           གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།