སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ལོ་རྒྱུས་སྟབས་བདེ་མ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-05-07 21:03:40     རྩོམ་པ་པོ།   ཀིར་སྒར་ཕུན་ཚོགས།    ཀློག་ཐེངས།  

微信图片_20230507210140.jpg

སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི་ཕོ་བྲང་པོ་ཏྰ་ལའི་ཤར་ཕྱོགས། མདོ་སྨད་རྟ་ཡི་ཆོལ་ཁ། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་བཞག་སྡོམ་གྲོང་བརྡལ་གྱི་སྟག་ཚང་ལྷ་མོའི་ལུང་པ་ཞེས་པར་ཆགས་ཡོད།  དགོན་པའི་མིང་ལ་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ཟེར་དོན་ནི། སྟབས་བདེ་མོར་བཤད་ན། དགོན་པ་ཆགས་སའི་ལུང་པའི་ཕུ་ན་སྟག་གི་ཚང་ཡོད་པས་སྟག་ཚང་དང་།  ལུང་པ་འདིར་ཐུབ་པའི་བསྟན་སྲུང་ཀུན་གྱི་གཙོ་མོ་དཔལ་ལྡན་ལྷ་མོའི་སྐུའི་སྣང་བརྙན་རྡོ་ལས་གྲུབ་པ་རང་བྱོན་བཞུགས་པའི་ལྷ་མོའི་གནས་ཁང་ཡོད་པས་ལྷ་མོ།  མིང་སྔ་ཕྱི་གཉིས་གཅིག་ཏུ་དྲིལ་ནས་སྟག་ཚང་ལྷ་མོ་ཞེས་པ་དང་། དེ་ནས་༧སྐྱབས་མགོན་ཀིརྟི་ཚང་གི་དགོན་པ་ཡིན་པས་ཀིརྟི། ཡིག་ཆ་བློ་གསལ་གླིང་གི་ཡིག་ཆ་རྩོད་གཞུང་ཡིན་པས་བློ་གླིང་། ༧རྗེ་བདག་ཉིད་ཆེན་པོའི་རིང་ལུགས་འཛིན་པའི་རི་བོ་དགེ་ལུགས་པ་ཡིན་པས་དགེ་ལྡན།  བཀྲ་ཤིས་འཁྱིལ་ནིི་མིང་གི་དགེ་བའོ།། 

འོ་ན་དགོན་པ་འདི་ནི་༧རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན། ༧རྗེ་ཉིད་ཀྱི་དངོས་སློབ་མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ།༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་དང་པོ་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་ལ།  མཁན་ཆེན་ཕྱག་རྡོར་བས་མ་འོངས་ལུང་བསྟན་ལས།དབང་གི་ཟླ་གམ་ལུང་པ་ནས།། ཆོས་སྡེ་ཆེན་པོ་འབྱུང་འགྱུར་གྱི།། ཞུམ་པ་མ་བྱེད་སྤྲོ་བ་སྐྱེད།། འགྲོ་དོན་རྒྱ་ཆེན་དེ་ན་ཡོད།།ཅེས་ལུང་གིས་བསྔགས་པ་བཞིན་རབ་བྱུང་བཅུ་གསུམ་པའི་ས་འབྲུག་གི་ལོ་སྟེ།  ཕྱི་ལོ༡༧༤༨ལོར་རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་མགོན་ཀིརྟི་སྐུ་ཕྲེང་ལྔ་པ་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཁང་དང་གཟིམ་ཆུང་། ཀིརྟིའི་བླ་བྲང་ཁམས་གསུམ་ཟིལ་གནོན་གསར་བཞེངས་ཀྱིས་དགོན་པའི་རྨང་གཞི་བཏིང་། དེ་ནས་ཕྱི་ལོ་༡༧༥༤སྟེ་ཤིང་ཁྱི་ལོར། དགོན་འདིའི་གྲྭ་ཚང་གི་ཐོག་མ་གསང་སྔགས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གསར་འཛུགས་ཀྱི་རྨང་བཏིང་ནས་ཕྱི་ལོ ༡༧༥༧སྟེ་མེ་གླང་ལོར་འདུ་ཁང་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ།  དགོན་པ་ཕྱག་འདེབས་མཛད་པ་པོ་༧སྐྱབས་མགོན་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་མཆོག་ཕྱི་ལོ་༡༧༧༡ལོའི་ཟླ་༡ཚེས་༨ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུས། ཁོང་གི་སྐུ་དམར་གདུང་ད་ལྟ་ད་རུང་ཡང་དགོན་འདིར་དངོས་སུ་བསྟན་འགྲོའི་དཔལ་དམ་པར་བཞུགས་ཡོད།  དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་གཙོ་བོ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་ཀྱིན་ཡོད། ལོ་རེར་གསང་འདུས་བདག་འཇུག  བདེ་མཆོག་བདག་འཇུག  འཇིགས་བྱེད་བདག་འཇུག  དབྱར་གནས། ས་དཀར་ཆོས་ཐོག དགུ་གཏོར་དང་བཅས་ཆོས་ཐོག་ཆེན་པོ་དྲུག་དང་། གྲྭ་ཚང་འདིའི་སློབ་གཉེར་ཐར་ཕྱིན་རག་བར་ཏུ་བློ་འཛིན་ཆོས་དཔེ་ཤོག་གྲངས་༦༩༠ལྷག་ཐུགས་འཛིན་གནང་དགོས། རྒྱུད་པ་གྲྭ་ཚང་འདིའི་འདུ་ཁང་ནང་གི་གཙོ་སྐུ་སྟོན་པ།  སྐྱབས་མགོན་བསྟན་པའི་རྒྱལ་མཚན་ཚང་གི་འབྲལ་དཔང་སྟོན་པའི་སྐུ། དེ་ནས་རྒྱུད་ཆེན་ཀུན་དགའ་དོན་འགྲུབ། གསང་འདུས་འཇིགས་གསུམ་གྱི་སྐུ་སོགས་བཞུགས་ཡོད།

དེ་ནས་ཕྱི་ལོ་༡༨༡༨སྟེ་མེ་གླང་ལོར་༧སྐྱབས་མགོན་ཀིརྟི་སྐུ་ཕྲེང་བདུན་པ་ཀུན་དགའ་ཆོས་འཕགས་ཐུབ་བསྟན་ཉི་མས་སྡེ་འདིར་སྔར་གྱི་རྒྱུད་གྲྭ་མ་ཉམས་པའི་ཐོག་མཁས་མང་བློ་གསལ་གླིང་སྟེ་མཚན་ཉིད་གྲྭ་ཚང་གསར་འཛུགས་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་གཙུགས་ཏེ། ཤིང་འབྲུག་ལོ་སྟེ། ཕྱི་ལོ་༡༨༤༤ནས་སྨོན་ལམ་དམ་བཅའ་ཆེན་མོ་ཞེས་དགེ་བཤེས་ལྷ་རམས་པ་བྱོན་པའི་སྲོལ་བཟང་གི་འཕྲིན་ལས་རླབས་པོ་ཆེ་བསྐྱངས། མཚན་ཉིད་གྲྭ་ཚང་གིས་མདོ་ཕྱོགས་བཀའ་པོད་ལྔ་ལ་སློབ་སྦྱོང་བྱེད་ཀྱིན་ཡོད།  འདི་ལ་ཁ་དོག་དཀར་དམར་འཛིན་གྲྭ་ནས་འདུལ་བ་འཛིན་གྲྭའི་བར་སློབ་ཐར་ཕྱིན་རག་ཏུ་འཛིན་གྲྭ་ཉེར་གཅིག་དང་། ལོ་རེར་ཆོས་ཐོག་བཅུ་དང་དབྱར་དགུན་གཉིས་སུ་ཆོས་མཚམས་ཆེན་མོ་རེ་དང་། དམིགས་བསལ་དྲང་ངེས་ལེགས་བཤད་སྙིང་པོར་སློབ་སྦྱོང་བྱེད་པའི་ཕར་ཕྱིན་དབྱར་ཆོས་ཆེན་མོ་དང་ཚད་མའི་གཞུང་ལ་སློབ་སྦྱོང་ཆེད་དུ་ཚད་མའི་དགུན་ཆོས་ཆེན་མོ་གཉིས་བཅས། གྲྭ་ཚང་འདིས་སློབ་གཉེར་ཐར་ཕྱིན་རག་བར་ཏུ་བློ་འཛིན་ཆོས་དཔེ་ཤོག་གྲངས་༡༠༧༩ལྷག་ཐུགས་འཛིན་གནང་དགོས། འདིར་རྒྱུགས་ཆེན་ནམ་གཞུང་ཆེན་བློ་འཛིན་ཕུད།  མཚན་ཉིད་གྲྭ་ཚང་ནས་བཅའ་ཡིག་བཞིན་བསྡུས་གྲྭ་ནས་ལོ་ཕྱེད་ལ་བློ་རྒྱུགས་དང་ལོ་མཇུག་ཏུ་བློ་རྒྱུགས། རྩོད་རྒྱུགས། བྲིས་རྒྱུགས་བཅས་ཀྱི་སྒོ་ནས་སྦྱངས་འབྲས་ལ་ཚད་ཐིག་བླངས་ཏེ་ཕར་ཕྱིན་རབ་འབྱམས་པ། དབུ་མ་རབ་འབྱམས་པ། མཛོད་རབ་འབྱམས་པ། འདུལ་བ་རབ་འབྱམས་པ་བཅས་ཀྱི་ཕྱག་འཁྱེར་ཡོད་པའི་ཐོག་དགེ་བཤེས་རྒྱུགས་སྤྲོད་ཀྱི་རྒྱུགས་འབྲས་ཀྱི་རིམ་པས་ལྷ་རམས་པ། བཀའ་བཅུ་བ། རྡོ་རམས་པ་དང་། མཐར་སྔགས་ཀྱི་དམ་བཅའ་བཞག་སྟེ་སྔགས་རམས་པ་བཅས་སློབ་གཉེར་མཛད་དགོས།

འདིའི་ལུང་རིགས་རིན་ཆེན་སྤུངས་པའི་གན་མཛོད་དམ་ཚོགས་ཆེན་འདུ་ཁང་ནང་གི་གཙོ་སྐུ་ཐུགས་ཀ་ན་སངས་རྒྱས་འོད་སྲུང་གི་འཕེལ་གདུང་བཞུགས་པའི་རྒྱལ་བ་བྱམས་པའི་སྐུ།  སྟོན་པའི་སྐུ།  དེ་ནས་རྗེ་ཡབ་སྲས་ཀྱི་སྐུ། སྐྱབས་མགོན་སྐུ་ཕྲེང་བཅུ་གཅིག་པའི་བསྙེན་ཕྲེང་གཟུངས་གཞུག་བཞུགས་པའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་སྐུ།འཇིགས་བྱེད་ཀྱི་སྐུ།  པཎ་ཆེན་བསོད་ནམས་གྲགས་པའི་སྐུ་ཙན་དན་གྱིས་བཞེངས་པ། འཇམ་དབྱངས་ཆོས་རྗེ་སྐུ།  གནས་བརྟན་བཅུ་དྲུག་ལ་སོགས་པའི་སྐུ་དང་། འདུ་ཁང་རབ་གསལ་ན་སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཚང་གི་སྐུ་སོགས་བཞུགས་ཡོད།

ཕྱི་ལོ་༡༨༩༤སྟེ་ཤིང་ཕོ་རྟ་ལོར་༧སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་ཚང་གིས་པར་རྐོན་གྲྭ་ཚང་གི་བཅའ་ཡིག་བརྩམས་ནས་པར་རྐོན་གྲྭ་ཚང་ཟུར་དུ་གཙུགས།  ལོ་རེའི་ཟླ་གསུམ་པའི་ཚེས་གཅིག༡ཉིན་ནས་ཧོར་ཟླ་བརྒྱད་པའི་ཚེས་༡གཅིག་ཉིན་བར་རྒྱུན་ཚོགས་ཀྱིས་དགོངས་འཁྲོལ་མེད་པར་པར་བརྐོ་དགོས། ད་སྐབས་ལོ་རེར་མི་རེས་དཔར་ཤིང་སྣ་རིང་བཅུ་དྲུག་དང་ཕྱེད་ཀ་༡༦.༥བརྐོ་དགོས།

དེ་ནས་ཕྱི་ལོ་༡༨༩༦སྟེ་མེ་སྤྲེལ་ལོར་གདན་ས་འདིར་༧སྐྱབས་མགོན་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོས་དུས་འཁོར་གྲྭ་ཚང་སྟེ་རིགས་ལྡན་ཆོས་འཁོར་གླིང་གསར་འཛུགས་གནང་།  གྲྭ་ཚང་འདིས་ལོ་རེར་རྣལ་འབྱོར་གྱི་རྒྱུད་ཀུན་རིག་བདག་འཇུག་དང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་བདག་འཇུག  བྱ་རྒྱུད་མི་འཁྲུགས་པའི་བདག་འཇུག། དུས་འཁོར་ལུགས་ཀྱི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུས་འཁོར་བདག་འཇུག དུས་བཞིར་དུས་གཏོར་བཅས་སློབ་སྦྱོང་དང་ཉམས་ལེན་གནང་བཞིན་ཡོད། གྲྭ་ཚང་འདིས་སློབ་གཉེར་ཐར་ཕྱིན་རག་བར་ཏུ་བློ་འཛིན་ཆོས་དཔེ་ཤོག་གྲངས་༨༠༨ལྷག་ཐུགས་འཛིན་གནང་དགོས། དུས་འཁོར་འདུ་ཁང་ནང་གི་གཙོ་སྐུ་བྱམས་པ། གདུགས་དཀར་སྐུ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཀུན་རིག་བློས་བསླངས། རྣམ་སྣང་མངོན་བྱང། དུས་འཁོར། མི་འཁྲུགས་པ། ཀུན་རིག་བཅས་ཀྱི་སྐུ། རྒྱང་མཐོང་ན་སྐྱབས་མགོན་བློ་བཟང་འཕྲིན་ལས་ཚང་གི་འདྲ་སྐུ་སོགས་བཞུགས་ཡོད།

དེ་ནས་ཕྱི་ལོ་༡༩༨༨སྟེ། ས་འབྲུག་ལོར་༧སྐྱབས་མགོན་སྐུ་ཕྲེང་བཅུ་གཅིག་པ་༧རྗེ་བཙུན་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་བོས་སྨན་པ་གྲྭ་ཚང་ངམ་གསོ་རིག་ཕན་བདེ་གླིང་ཕྱག་འདེབས་མཛད། གྲྭ་ཚང་འདིར་ལོ་རེར་སྨན་ལྷའི་བདག་འཇུག ཨ་རུ་རའི་སྟོང་མཆོད། སྨན་སྒྲུབ་ཆེན་མོ་བཅས་ཆོས་ཐོག་གསུམ་དང་། གཞན་སྨན་རྩ་འཐུ་བ་དང་སྨན་སྐོལ་སྡེབས་སྦྱོར། རིལ་བཟོ་སོགས་ཀྱི་སློབ་སྦྱོང་བཅས།  གྲྭ་ཚང་འདིས་སློབ་གཉེར་ཐར་ཕྱིན་རག་བར་ཏུ་བློ་འཛིན་ཆོས་དཔེ་ཤོག་གྲངས་༤༨༦ལྷག་ཐུགས་འཛིན་གནང་དགོས། སྨན་པའི་འདུ་ཁང་གི་རྟེན་གཙོ་བོ་སྐྱབས་མགོན་རྡོ་རྗེ་འཆང་གིས་གནང་བའི་སྨན་ལྷའི་དཀྱིལ་འཁོར་བྱིན་ཅན། རིན་པོ་ཆེ་གཡང་ཊྲི་ཡིས་བཟོས་པའི་སྨན་བླ་བདེ་གཤེགགས་ཀྱི་སྐུ་སོགས་བཞུགས་ཡོད།

གཞན་སྐྱབས་མགོན་བཅུ་གཅིག་པ་ཆེན་མོས་ཀིརྟིའི་ནང་བསྟན་གཙུག་ལག་སྔོན་འགྲོའི་སློབ་གཉེར་ཁང་གསར་འཛུགས་མཛད།  འདི་ལ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་དང་། ཡིག་གཟུགས་དང་གྲངས་རིག། མཚན་ཉིད་དང་ཆོས་ཁྲིད་ལ་སོགས་ཁྲིད་ཚན་ཐུན་མོང་གི་ཤེས་བྱའི་རྣམ་གྲངས་སྣ་ཚོགས་ཡོད། གཞན་དུ་ནད་ལ་བལྟ་རེག་དྲི་གསུམ་གྱིས་བརྟག་པ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ཟབ་པའི་སྨན་པའི་སྒོ་བསྟེན་ཁང་བཅས་དགོན་འདིར་སྔགས་ཕྱོགས་རྒྱུུད་སྡེ་བཞི་དང་མདོ་ཕྱོགས་བཀའ་པོད་ལྔའི་འཆད་ཉན་ཡོད་པའི་དགོན་སྡེ་ཆེན་པོ་འདི་གྲྭ་ཚང་ལྔ་དང་སློབ་གྲྭ། སྨན་ཁང་བཅས་ཀྱི་བདག་ཉིད་ཅན་ཡིན་ལ། སྡེ་འདིར་ཡོངས་འཛིན་སྤྲུལ་སྐུ། རྒྱལ་ཚབ་སྤྲུལ་སྐུ་སོགས་མཁན་པོ་རྣམ་པ་བཞིའི་གཙོས་བསྟན་པའི་རྩ་ལག་ཏུ་གྱུར་བའི་བླ་སྤྲུལ་དགེ་བཤེས་སོགས་གྲྭ་བ་ཆིག་སྟོང་དང་བཞི་བརྒྱ་ལྷག་བཞུགས་པའི་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་ཞིག་དང་༧རོང་ཆེན་བསྟན་པའི་སྒྲོན་མེ༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་ཡི་ཆོས་ཀྱི་རྒྱལ་ས་ཆེན་པོ་ཞིག་ཡིན་ནོ།། 

རང་དགོན་གྱི་གྲྭ་བ་ལ་གནའ་སྔ་མོ་ནས་རོང་འབྲོག་ཕྱོགས་ཀྱི་ཐེ་བོ་སྟོད་སྨད། ཀླུ་ཆུའི་བྱང་རྒྱུད། ལྷ་ས་སོགས་ས་ཕྱོགས་མང་པོའི་གྲྭ་བ་ཡོད་པ་རེད། དཔེར་ན་དེང་སང།  ཀིརྟིའི་རྐ་ཆུ་ཁ། ཐེ་བོ། གཟའ་རུ། གླིང་བ། ཨ་སྐྱིད།རྨ་ཆུ། ཐང་སྐོར། བཞག་སྡོམ། ཚོང་རུ། དབྱིས་པ། ཀླུ་ཆུའི་ཟམ་ཚ། ཅོ་ནེ། ཀན་ལྷོའི་ཧོར་གཙང་། བསེ་བོ་རོང་ལ་སོགས་ཤོག་ཀ་མང་པོའི་གྲྭ་རྒྱུུན་ཡོད་ལ།  ས་ཕྱོགས་གཞན་ཆབ་མདོ། ཡུས་ནན།  དཀར་མཛེས་སོགས་ཁམས་ཕྱོགས་ནས་སློབ་གཉེར་ལ་ཕེབས་པའི་གྲྭ་བ་དང་།  གཞན་དགོན་སྡེ་ཁག་ནས་ཕེབས་པ་རྔ་བའི་ཨ་འདུས་དགོན། ཨ་སྐྱིད་དགོན། དྲན་པ་དགོན། རྒྱལ་དགེ་དགོན། བར་མ་དགོན། སུམ་མདོ་དགོན། ཆགས་རོང་དགོན། མཛོད་རུ་དགོན། བཀྲ་ཤིས་དགོན། གཟའ་རུ་དགོན། ལོ་དགེ་དགོན། ཆུ་ནག་ལུང་བའི་དགོན། ཁ་པ་དགོན། སྔོ་ཁྱེ་རི་ཁྲོད་ལ་སོགས་པ་ནས་ཕེབས་པའི་སློབ་གཉེར་བ་ཡང་མང་པོ་བཞུགས། ཉིན་ཞག་གཅིག་གི་བྱེད་སྒོ་ལ། ཞོགས་ཚོགས། {དམིགས་གསལ་གྱིས་གཟའ་ཟླ་བའི་ཉིན་ཞོགས་ཀ་ཆོས་རའི་སྐུ་རིམ་དང་ཞོགས་ཆོས། } དེ་ནས་ཆོས་འདོན། དཔེ་ཁྲིད། དཔེ་ལྟ། ཉིན་གུང་ཆོས་རྩོད། དཔེ་ཁྲིད། དཔེ་ལྟ། དགུང་མོའི་སྐུ་རིམ། ཆོས་རྩོད། མཚན་མོའི་བློ་འཛིན་སྐྱོར་སྦྱོང་བཅས་སོ། །

གཞན་དགོན་འདིར་མཇལ་ས་གཙོ་བོ་་་རྣམ་རྒྱལ་བདེ་ཆེན་གླིང་དུ་དགོན་པ་རང་ཕྱག་འདེབས་མཛད་པ་པོ་༧སྐྱབས་མགོན་སྐུ་འཕྲེང་ལྔ་པའི་སྐུ་དམར་གདུང་།  སྐྱབས་མགོན་བཅུ་གཅིག་པ་ཆེན་མོས་དངོས་སུ་གནང་ཞིང་ལྷ་སའི་ཇོ་བོའི་མདུན་ནས་རབ་གནས་བདུན་བསྒྲུབ་མཛད་དེ་གདན་དྲངས་པའི་ཇོ་བོ་བྱིན་ཅན། སྐུ་གདུང་མཆོད་རྟེན་ལ།སྐྱབས་མགོན་སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་ཀྱི་དབང་ཕྱུག་ཚང་།བདུན་པ་ཐུབ་བསྟན་ཉི་མ། བརྒྱད་པ་བློ་བཟང་འཕྲིན་ལས། དགུ་བ་སྐལ་བཟང་བློ་གྲོས། བཅུ་བ་ངག་གི་དབང་པོ་བཅས་ཀྱི་སྐུ་གདུང་མཆོད་རྟེན་བཞུགས་ཡོད། སྐྱབས་མགོན་ཀིརྟི་རིན་པོ་ཆེའི་སྐུ་ཕྲེང་བཅུ་གཅིག་གི་འདྲ་སྐུ།  དགྲ་བཅོམ་པ་ཉེ་བ་འཁོར་ནས་རྩིས་པའི་སྐུ་སྐྱེས་ལྔ་བཅུ་ལྔ་ང་ཡི་འདྲ་སྐུ། སྒྲོལ་མ་གསུང་འབྱོན་མའི་ལྷ་ཁང་། ཕྱག་ན་པདྨོས་འཕགས་པ་བརྒྱད་སྟོང་པའི་ལུང་གནང་སྐབས་སྐྱབས་མགོན་མཆོག་གིས་ལུང་ལེན་བྱེད་ཀྱི་ཕྱག་དཔེ། བསྟན་པ་རབ་རྒྱས་ཀྱི་སྐུ་ང་འདྲ་མ། བསྟན་པ་རབ་རྒྱས་ཀྱི་ཕྱག་ཕྲེང་།སྐྱབས་མགོན་བཅུ་གཅིག་པ་ཆེན་མོའི་དུང་ཚེམས། ཆུ་བཟློག་སློབ་དཔོན་སྣང་སྲིད་ཟིལ་གནོན་གྱི་སྐུ།  གཟིམ་ཆུང་བཀའ་གདམས་ཕོ་བྲང་། གཟིམ་ཆུང་ཉི་འོད་འཁྱིལ་བ། ཤར་སྐལ་ལྡན་རྒྱ་མཚོའི་གཟིམ་ཆུང་། གཙོས་གསེར་ཁྲིའི་གཟིམ་ཆུང་སོགས་དང་།

གཞན་གཟིམ་ཆུང་རྒྱལ་སྲས་བཤད་སྒྲུབ་པདྨ་རྒྱས་པའི་དགའ་ཚལ། མཆོད་རྟེན་མཐོང་གྲོལ་ཆེན་མོ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཁང་། རྗེའི་ལྷ་ཁང་། མགོན་ཁང་། སེང་གདོང་ལྷ་ཁང་། རྟ་ཕྱག་ཁྱུང་གསུམ་གྱི་ལྷ་ཁང་།  རྒྱལ་བོ་དཔའ་རྩལ་གྱི་ལྷ་ཁང་། རྒྱལ་བོ་སྐུ་ལྔའི་ལྷ་ཁང་།  དགོན་པའི་དཀྱིལ་ན་བླ་མཚོ་དང་ཡན་ན་དཔལ་ལྡན་ལྷ་མོའི་གནས་ཁང་སོགས་ཡོད་པ་བཅས་སོ།། 

དེང་འདིར་མཁན་པོ་རྣམས་པ་བཞིའི་གཙོས་གྲྭ་ཚང་སོ་སོའི་བླ་མ་ལས་སྣེ་དག་གིས་གྲྭ་ཚང་སོ་སོའི་ཆོས་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་ལ་ཚེགས་འཛིན་དང་རྟིང་སྐུལ་གནང་བྱུང་འཛིན་སྐྱོང་ཁང་གིས་ཕྱིའི་མཐུན་རྐྱེན་གང་དགོས་འགན་དུ་བཞེས་ནས་ཕེབས་པ་ལགསོ།།  

ཞེས་དགོན་པའི་ལོ་རྒྱུས་སྟབས་བདེ་མ་འདི་ནི་མཚམས་མཚམས་སུ་དྲ་ལམ་ནས་བརྙན་ལེན་པ་དང་ཡུལ་སྐོར་བ། གནས་མཇལ་བ། ལོ་རྒྱུས་སྨྲ་བ། དགོན་པ་ག་གེ་མོའི་གྲྭ་འགའ་ཤས་ལ་སོགས་པའི་མི་སྣ་མང་པོས་ཁྱེད་ཚོ་ལྷ་མོ་ཀིརྟི་དགོན་པའི་ལོ་རྒྱུས་མདོར་བསྡུས་རེ་བསྐུར་རོགས་དང་བཤད་རོགས་ཟེར་མཁན་རྣམས་ལ་དཀྱུས་གཅིག་ཏུ་ལན་དང་། ལར་རང་ཉིད་ནས་ཀྱང་དགོན་པའི་ལོ་རྒྱུས་སྟབས་བདེ་ཡིད་ལ་འཛིན་བདེ་ཞིག་ཡོད་ན་སྙམ་པའི་དྲན་འཛིན་གྱིས་༢༠༢༢ལོའི་ཟླ་༣་ཚེས་༡༠ཉིན།  གཟའ་མཇུག་ཉིན་ཞིག་ལ་རང་ཤག་དཔེ་མང་བརྩེགས་པའི་དགའ་ཚལ་ནས་ཆོས་མེད་གྲྭ་གཟུགས་འཛིན་པ་་་ཀིར་སྒར་ཕུན་ཚོགས་སུ་འབོད་པས་རང་ལོ་སོ་གཅིག་ཐོག་བྲིས་པ་འདི་དགེ་ལེགས་སུ་གྱུར་ཅིག།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།