བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-08-31 23:01:24     རྩོམ་པ་པོ།   ཁང་རལ་བ་ཅན་འཕྲིན་སྟེགས།    ཀློག་ཐེངས།  

微信图片_20200906092159.jpg

དེ་ཡང་གདན་ས་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་བའི་སེངྒེའི་གླིང་གི་་སྒྲུབ་སྡེ་དགོན་ཁག་བརྒྱད་ཀྱི་ཡ་གྱལ་བཙུན་མའི་དགོན་བདེ་ཆེན་ཆོས་འཁོར་གླིང་ནི་རྨར་རོལ་མ་ལག་དྲུག་གི་ནང་ཚན། རྔ་ཁོག་པ་ལག་སྐྱ་མོ་ཞེས་པའི་རྔ་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་རྔ་སྟོད་ཚོ་བ་བརྒྱད་ཀྱི་ཟི་བ་སྨད་ཀྱི་ཆར་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དངོས། མཱ་མའི་སྟག་ཞོན་རྒྱལ་མོ་ཞེས་པའི་གནས་དེ་ལ་རབ་བྱུང་བཅོ་ལྔ་བའི་ཤིང་རྟ་སྟེ་༡༨༩༤ལོར་ཕ་མཐའ་ཕྱག་ན་རྡོ་རྗེ་བློ་བཟང་ཆོས་རྒྱན་མཆོག་གིས་མཁའ་སྤྱོད་བདེ་ཆེན་གླིང་ཞེས་པའི་རི་ཁྲོད་ཅིག་ཕྱག་འདེབས་མཛད་དེ་བླ་མ་མཆོད་པ། མ་ཅིག་ཁྲོས་ནག་གི་བདག་འཇུག་ཟབ་མོ་གཅོད་ཀྱི་ཉམས་ལེན། ཆུ་མིག་བརྒྱ་རྩ་སོགས་ལ་ཉམས་ལེན་ཚུགས།  བཀའ་གདམས་པའི་སྐྱེས་ཆེན་དམ་པ་ཕ་མཐའ་འཇམ་དབྱངས་བསྟན་འཛིན། ཝ་བློ་བཟང་འཕྲིན་ལས། རྡོ་རྗེ་འཛིན་པ་སྐལ་བ་བཟང་པོ་སོགས་ཀྱིས་ལེགས་པར་བསྐྱངས། རབ་བྱུང་བཅུ་བདུན་པའི་ས་འབྲུག་སྟེ་༡༩༨༨ལོའི་དབོ་ཟླའི་ཚེས་བཅུ་གསུམ་ཉིན་དམ་པ་གོང་མའི་ཞལ་ཆེམས་ལྟར་སྐྱབས་རྗེ་ཨ་མཆོག་པཎྜི་ཏ་རྗེ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་མཆོག་གདན་དྲངས་ཏེ་འདུས་སྡེ་འདིའི་བཤད་སྒྲུབ་འཁོར་གསུམ་གྱི་བདག་དབང་ཆ་ཚང་མཎྜལ་གྱི་ཚུལ་དུ་གཏད། ཁོང་གིས་བརྩེ་བའི་ཐུགས་རྗེའི་འོག་དགོན་སྡེ་འདིའི་སྒྲིག་ཁྲིམས་དང་བཅས་ཁྲིམས་ཀྱི་བཅའ་ཡིག་བླང་དོར་ཀུན་གསལ་ཞེས་པ་ལྗགས་རྩོམ་མཛད་ཅིང་དགོན་སྡེ་འདིའི་མཚན་ལའང་བདེ་ཆེན་ཆོས་འཁོར་གླིང་ཞེས་འདོགས་པར་མཛད། དེ་ནས་ཁོང་གིས་བདེ་ཆེན་ཆོས་འཁོར་གླིང་གི་ལུགས་གཉིས་ཀྱི་བྱ་བར་འགན་བཞེས་པའི་ཁུར་སྐྱབས་རྗེ་སེར་སྐྱེ་རིན་པོ་ཆེར་གཏད་པས། སེར་སྐྱེ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་མཆོག་གིས་ཁོང་གི་བཀའ་གསུང་སྤྱི་བོའི་རྒྱན་དུ་བཞེས་ཏེ་བདེ་ཆེན་ཆོས་འཁོར་གླིང་གི་བཤད་སྒྲུབ་འཆད་ཉན་ལ་ཐུགས་ཁུར་བླ་མེད་གནང་ཤིང་དབང་ལུང་མན་ངག་གི་གདམས་པ་བུམ་གང་བྱོས་ཚུལ་དུ་བསྩལ་པ་མ་ཟད་འདུ་ཁང་གི་གཙོའི་དགོན་པའི་འཛུགས་སྐྲུན་རྒྱ་བསྐྱེད་སོགས་ཕྱི་ནང་རྟེན་དང་བརྟེན་པའི་ཆ་ལ་གཟིགས་སྐྱོང་བླ་ལྷག་ཏུ་གནང་སྟེ་དགུང་ལོ་རྒྱ་དགུའི་བར་དུ་སྐུ་ཚེ་མཐའ་ཅན་དུ་བསྐྱལ་ནས་བླ་སློབ་དམ་ཚིག་གཙང་མའི་ཤེལ་སྒོང་དབྱིབས་ཅན་དུ་བཞག

༢༠༡༡ལོ་ནས་གདན་ས་ཆེན་པོ་ཨ་མཆོོོག་མཚན་ཉིད་དགོན་གྱི་ཁྲི་བཟུར་འདུལ་བ་འཛིན་པ་རྣམ་འདྲེན་རྒྱ་མཚོ། བླ་མ་མཁས་གྲུབ། སྒོམ་པ་མི་འགོ་ཚང་། དགེ་བཤེས་ཀླུ་སྒྲུབ་རྒྱ་མཚོ་སོགས་ཀྱི་ཐུགས་ཀྱིས་བསྐྱངས་ཏེ་སྡེ་འདིའི་བཤད་སྒྲུབ་འཆད་ཉན་ཡར་ཟླའི་དཔལ་ལ་འགྲན་བཞིན་པ་དང་དེར་མཐུན་རྐྱེན་གྱི་གྲོགས་སུ་བཙུན་མ་སྐོམ་དཀར་གྱིས་ལྷག་བསམ་འོད་སྣང་དཀར་པོས་ཉེར་བར་དྲངས་ཏེ་ཆོས་སྒྲུབ་པའི་མཐུན་རྐྱེན་དུ་ཆོས་གྲྭ་གསར་བ་ཞེས་པའི་གཞས་ཡས་ཁང་ཕྱི་ནང་རྟེན་དང་བརྟེན་པར་བཅས་ལེགས་པར་བཞེངས་ཏེ་སློབ་སྦྱོང་གི་ཁོར་ཡུག་ཕུན་སུམ་ཚོགས་པ་ཞིག་བསྐྲུན།

༢༠༢༠ལོའི་ཟླ་བརྒྱད་པར་བསྟན་པའི་བདག་པོ་སྐྱབས་རྗེ་ཨ་མཆོག་རིན་པོ་ཆེ་༧རྗེ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་མཆོག་གི་ཞབས་ཟུང་ཉེ་བར་བསྒྱུར་ཏེ་བཀའ་སློབ་གནད་དུ་སྨིན་པ་བསྩལ་བ་མ་ཟད་བསླབ་པ་སློབ་གཉེར་དང་འཆད་ཉན་གྱི་སྐོར་ལ་གཟིགས་རྟོག་བླ་མེད་གནང་ཤིང་བཀའ་བཞིན་བསྒྲུབ་པའི་མཆོད་སྤྲིན་གྱིས་ཐུགས་དགྱེས་པའི་མཆོད་པ་བསྟར།   དེ་ལྟར་བདེ་ཆེན་ཆོས་འཁོར་གླིང་གི་འཁོར་ལོ་གསུམ་གྱི་བྱ་བ་མི་ཉམས་དབྱར་མཚོ་ལྟར་འཕེལ་ཤིང་དཔལ་ལྡན་བླ་མའི་འཕྲིན་ལས་ཀྱིས་བཙུན་མའི་སྡེའང་དྲུག་བརྒྱར་ཉེ་བར་བྱུང་སྟེ་ལམ་བསླབ་པ་གསུམ་ལ་བརྟུན་པ་བརྒྱ་འགྱུར་གྱིས་ཉིན་མཚན་བར་མེད་དུ་འདའ་བཞིན་པའི་སྐབས་ལགས་སོ། །

微信图片_20200906092215.jpg微信图片_20200906092207.jpg

གསར་དུ་བཞེངས་པའི་ཆོས་གྲྭ།

ཁང་རལ་བ་ཅན་འཕྲིན་སྟེགས་ལས་བཤུས།

བརྒྱུད་འགོད།