ཁང་དམར་དགོན་ཨེ་ཝཾ་བདེ་ལྡན་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ།

ཡོང་ཁུངས།   མགར་དྲ་བ།     སྤེལ་དུས།  2020-06-17 07:31:55     རྩོམ་པ་པོ།   མཁར་ཤུལ་ཤེས་རབ་བློ་ལྡན།    ཀློག་ཐེངས།  

微信图片_20200617082907.jpg

གཅིག་ཕྱག་འདེབས་མཛད་ཅིང་རྗེས་སུ་སླར་གསོ་གནང་བའི་བླ་མ་དམ་པ་དག་གི་ཆེ་བ་སྟོན་པ།

དང་བོ།ཚ་ཁོ་དཔོན་ཆེན་ངག་དབང་གྲགས་པའི་མཛད་རྣམ་མདོར་བསྡུས་སུ་བརྗོད་པ་ལ།དེ་ཡང་དཔལ་རི་བོ་དགེ་ལྡན་པའི་བསྟན་པ་ཕྱོགས་མཐར་སྤེལ་བའི་ངེས་དོན་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་མོ་རྗེ་མཁན་ཆེན་ངགདབང་གྲགས་པ་མཆོག་ནི་རྒྱལ་རོང་སོ་མང་རྒྱལ་བོའི་མངའ་ཁོངས་ཁུ་འཇོ་སྡེ་བར་རབ་བྱུང་དྲུག་པ་སྟེ་དུས་རབས་བཅུ་བཞི་བའི་ནངའཁྲུངས་ཤིང་ཆུང་དུས་ནས་དྲིལ་བུ་དཀྲོལ་བ་སོགས་རྣམ་དཀར་ཡོན་ཏན་གྱི་ཕྱོགས་ལ་རིགས་སད་ཅིང་ཕྱིས་སུ་དབུས་གཙང་དག་པའི་ཞིང་ལ་ཕེབས་ཏེ་མཉམ་མེད་ཙོང་ཁ་བ་ཆེན་པོ་རྗེ་བློ་བཟང་གྲགས་པ་དང་མཇལ།རྒྱལ་བའི་གསུང་རབ་ཐམས་ཅད་ལ་སྦྱངས་པ་མཛད་དེ་མཁས་པ་ཆེན་པོར་གྱུར།བསྐྱེད་རྫོགས་དང་ཏིང་ངེ་འཛིན་བརྟན་པོ་ཐུགས་ལ་མངའ།སྤྱི་ལོ་༡༣༨༣ལོར་རྗེ་བདག་ཉིད་ཆེན་པོ་འོད་ཀྱི་ལྷ་ཁང་ཀེ་རུར་བཞུགས་བསྐབས།ཚ་ཁོ་དཔོན་པོ་སོགས་སྡེ་སྣོད་འཛིན་པ་མང་བོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཆོས་མང་དུ་གསུངས་པའི་ཚུལ་ནི། 《རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། 》 “ཚ་ཁོ་དཔོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས།ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་ནས་སྨྱུང་གནས་མང་དུ་མཛད།དེ་དུས་ནུབ་གཅིག་གི་ཚེ་དཔོན་སློབ་གཉིས་ཀྱིས་གསོལ་བ་དྲག་ཏུ་བཏབ་ནས་ནལ་ལམ་གྱི་ལྟས་བརྟགས་པས།ཚ་ཁོ་བ་ལ་དུང་དཀར་ཆེན་པོ་གཉིས་ནམ་མཁའ་ལས་བབས་ནས་ཁོང་གི་ཐུ་བར་ལྷུང་བྱུང་བ།དེ་མ་ཁད་དེ་གཉིས་འདྲེས་ནས་གཅིག་ཏུ་སོང་འདུགདེ་ལག་ཏུ་བླངས་ནས་བུས་པས་སྒྲ་ཆེན་པོ་དཔག་ཏུ་མེད་པ་བསྒྲགས་པ་ཞིག་རྨིས་འདུག་སྟེ།ཕྱིས་ཁོང་གིས་རྒྱལ་མོ་རོང་གི་སྨད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ་འཕྲིན་ལས་རྒྱ་ཆེན་པོ་བྱུང་འདུག་པ་དེའི་ལྟས་ཡིན་པ་འདྲ།”ཞེས་གསུངས་སོ།ཁྱད་པར་དུ་ས་གསུམ་གྱི་སྒྲོན་མེ་གཅིག་བུ་ལམ་གཙོ་རྣམ་གསུམ་སོགས་བཀའ་སློབ་མང་དུ་གནང་།མཁས་དབང་དུང་དཀར་རིན་པོ་ཆེས།ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ནི་ཁམས་རྒྱལ་མོ་རོང་དུ་ཚ་ཁོ་རྒྱལ་བོའི་རིགས་སུ་འཁྲུངས།སྡེ་སྣོད་དང་རྒྱུད་སྡེར་སྦྱངས་པས་མཁས་པའི་གོ་འཕང་བརྙེས། རྗེ་རིན་པོ་ཆེས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་།   ལམ་གཙོ་རྣམ་གསུམ་ཡང་རྒྱལ་སྲས་འདིའི་དོན་དུ་ཡི་གེར་འགོད་པར་མཛད་ཅེས་གསུངས། མདོ་སྨད་དུ་མ་ཕེབས་པའི་སྔོན་ལ་མཉམ་མེད་ཙོང་ཁ་བ་ཆེན་པོས།བྱང་ཆུབ་སེམས་དཔའ་རྟག་ངུའི་རྟོགས་བརྗོད་མཛད་དུས་དྲུང་ཡིག་ཀྱང་རྗེ་འདིས་གནང་བ་ནི།རྟོགས་བརྗོད་དེའི་མཛད་བྱང་ལས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པ་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ་འདི་ནི།དལ་འབྱོར་གྱི་ལྷུན་པོ་བསླབ་གསུམ་ནོར་བུའི་ཡོན་ཏན་དུ་མས་བརྗིད་ཅིང་ལུང་དང་རིགས་པ་བསྟན་པ་རྒྱ་མཚོའི་དཔལ་ལས་འཁྲུངས་པ།དགེ་བའི་བཤེས་གཉེན་བྱང་ཆུབ་བླ་མས་བསྐུལ་ནས།མཐོ་རིས་ཀྱི་ཡོན་ཏན་དུ་མ་དང་ལྡནཞིང༌།ཚུལ་ཁྲིམས་དང་ཐོས་པའི་རྒྱན་གྱིས་མཛེས་པ་དགེ་བའི་བཤེས་གཉེན་འཇམ་དཔལ་གྱིས་མཐུན་རྐྱེན་ཉེ་བར་སྦྱར་ཏེ།མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ།ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་རྡུལ་སྤྱི་བོས་ལེན་ཞིང༌།སྐད་གཉིས་སྨྲ་བའི་དབང་བོ་ནམ་མཁའ་བཟང་བོ་དང༌།ཐམས་ཅད་མཁྱེན་པ་དཔལ་ལྡན་ས་སྐྱ་བ་གཞོན་ནུ་བློ་གྲོས་ཀྱི་དྲིན་ལས་སྙན་དངགས་དང་ཚིག་རྒྱན་གྱི་བསྟན་བཅོས་ལ་བློའི་སྣང་བ་ཐོབ་པ།ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་བ་ནི་བློ་གྲོས་ཀྱིབང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་ངག་མཁན་ཚ་ཁོ་བ་ངག་དབང་གྲགས་པའོ།།ཞེས་གསུངས་སོ།།གཞན་ཡང་རྗེ་འདིས་རོང་བོ་ལྗགས་ནག་པ་རབ་ཏུ་བྱུང་བའི་ལས་གྲྭ་མཛད་ཚུལ་ནི། 《རོང་བོའི་རྣམ་ཐར་དཔག་བསམ་ཡོངས་འདུའི་ལྗོན་པར།》“རབ་ཏུ་མ་བྱུང་བ་རྗེ་ཉིད་ལ་ཞུས་པས།ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་དང༌།རྟོགས་ལྡན་འཇམ་དཔལ་རྒྱ་མཚོ།འཇམ་དཀར་བ་དཔལ་ལྡན་བཟང་བོ།གནས་བརྟན་རིན་ཆེན་རྒྱལ་མཚན་པ་སོགས་ཀྱི་སྤྱན་སྔར་རབ་ཏུ་བྱུང༌།”ཞེས་གསུངས།ལྗགས་ནག་པ་རབ་ཏུ་བྱུང་དུས་ཆུ་སྤྲེལ་༡༣༩༢ལོ་ཡིན།རོང་བོའི་རྣམ་ཐར་དཔག་བསམ་ཡོངས་འདུས་ལྗོན་པར། “དེ་ནས་ཚ་ཁོའི་དཔོན་ནི་སྟག་ལོའི་ལོ་འགོར་རང་ཡུལ་དུ་བྱོན།རོང་བོ་ལྗགས་ནག་པ་ནི་ཡོས་ཀྱི་དབྱར་ཟླ་ར་བ་ལ་མར་ཕེབས་པ་ཡིན་ནོ།།”ཞེས་དང༌།མདོ་སྨད་ཆོས་འབྱུང་དུའང་འདི་བ་ལྕགས་སྟག་༡༤༡༠ལོའི་ལོ་མགོར་མདོ་སྨད་དུ་བྱོན།སྤྱི་ལོ་ཡོསཏེ༡༤༡༡ལོའི་དབྱར་ཟླ་ར་བ་ལ་ལྗགས་ནག་པ་ཡང་བྱོན།ཞེས་པ་རྣམ་ཐར་ཡོངས་འདུས་ལྗོན་པར་བསྟུན་པ་ཡིན་གསུངས་མོད། ལྕགས་སྟག་༡༤༡༠ལོ་ནི་རྗེས་དགའ་ལྡན་བཏབ་པའི་ཕྱི་ལོ་ཡིན་ལ།དེའི་སྔོན་ས་སྟག༡༣༩༨ལོར་རྗེས་རྟེན་འབྲེལ་བསྟོད་པ་བརྩམས།དེ་ནས་སྟོན་འོལ་ཁའི་འགར་ཕུག་ཏུ་བྱོན།འོལ་ཁའི་དགེ་འདུན་རྣམས་ལ་ཆོས་གསུངས།དེ་ནས་གཡེའི་ཏེའུ་རར་བྱོན།དབྱར་བཞུགས་མཛད།གཡེའི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས།རྗེ་གཡེའི་ཏེའུ་རར་བཞུགས་དུས་རྗེ་དགུང་ལོ་ཞེ་གསུམ་པ་ས་ཡོས་༡༣༩༩ལོ་ཡིན་པར་གསལ།ངག་དབང་གྲགས་པས་མདོ་སྨད་ཀྱི་ཡུལ་དུ་དགེ་ལྡན་རིང་ལུགས་དྲི་མ་མེད་པ་འཛིན་པའི་ཆོས་སྡེ་བརྒྱད་རྩ་བརྒྱད་བཏབ་པར་གྲགས་པ་རྣམས་འདིའི་སྔོན་ནས་བཏབ་པ་ཡིན་དགོས་ཏེ།རྗེ་ཏེའུ་རར་བཞུགས་སྐབས་ངག་དབང་གྲགས་པས་རྒྱལ་མོ་ཚ་བ་རོང་ནས་དགོན་སྡེ་གྲངས་བཅད་ཅིག་འཛུགས་རྒྱུའི་དམ་བཅའ་ཕུལ་བ་ལྟར་གྲུབ་པའི་གནས་ཚུལ་ཞུ་ཡིག་ཕུལ་བའི་ལན་དུ།འཕྲིན་ཡིག་གནང་བ་ལས།བློ་ལྡན་ཁྱོད་ཀྱི་ཐུབ་བསྟན་ཉི་མའི་འོད།།གང་དང་བྲལ་བའི་མཐའ་འཁོབ་མུན་གླིང་དུ།།ཐུབ་པའི་བརྟུལ་ཞུགས་དྲི་མེད་འཛིན་པ་ཡི།།ཤཱཀྱའི་སྲས་ཀྱིས་གང་བར་བྱས་ཞེས་གྲགས།།ཞེས་དང༌།ཨེའི་ས་ཕྱོགས་དབེན་གནས་ཏེའུ་ར་ནས་སྤྲིངས་པ་དགེ་ལེགས་སུ་གྱུར་ཅིགཅེས་གསུངས་པ་ལྟར།དེ་དུས་ངག་དབང་གྲགས་པས་དགོན་པ་རྣམས་བཏབ་ཚར་བ་ཤིན་ཏུ་གསལ་ལོདེའི་རྗེས་སུ་ཡང་མཉམ་མེད་ཙོང་ཁ་བ་ཆེན་པོས།ཆུ་རྟ༠༢ལོར་ལམ་རིམ་ཆེན་མོ་མཛད།དེ་དུས་ངག་དབང་གྲགས་པ་མར་ཕེབས་ཟིན་པས་ལམ་རིམ་གྱི་དཔེ་ཆ་ཚ་ཁོ་བ་ལ་མར་གནང་བ་སྤྱི་བོར་སྨིན་པའི་ལན་ཏུ་འཕྲིན་ཡིག་དང༌།གོས་དམར་སྨུགདང༌།མཆིལ་ལྷམ་ཟུང་བཅས་ཡར་ཚ་ཁོ་བའི་སྐུ་དྲིན་གྱིས་རབ་ཏུ་བྱུང་བ་འགའི་ཕྱག་ཏུ་ཕུལ་བའི་འཕྲིན་ལན་ཡང༌།རྗེ་རངཉིད་ཀྱིས་གསུངས་པ་གསུང་ཐོར་བུར་བཞུགས་པ་ལྟར་རོ།།ཚ་ཁོ་ངག་དབང་གྲགས་པའི་རྣམ་ཐར་ནི།རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོས་མཛད་པ་རྣམས་དང་གུང་བསྒྲིགས་ནས་ཤེས་དགོས་པ་ལས་ཁོང་གི་རྣམ་ཐར་གཞན་གསལ་བོ་ཞིག་ཤིན་ཏུ་དཀོན་པས་མ་མཐོང་ངོ༌།།རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ་ནི།རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོའི་སྲས་ཀྱི་ཐུ་བོ་ཡིན་ཡང༌།རྫིང་ཕྱིའི་ཇོ་བོ་བྱམས་པར་ཞིག་གསོས་མཛད་སྐབས་དང༌།གཉལ་གྱི་ཕྱོགས་སུ་ཆོས་གསུངས་སྐབས་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་སྐབས།གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་སྐབས་སོགས་སུ་དབུས་གཙང་དུ་བཞུགས་ཡོད་པ་རྗེ་ཡབ་སྲས་ཀྱི་རྣམ་ཐར་གང་དུ་ཡང་མི་སྣང་ཡང་ཐ་ན་གསུང་སྒྲོས་ཙམ་ཡང་མ་མཆིས་སོ།བྱ་བྲལ་ལ་མ་ཐེགས་གོང་ཞེས་པའི་ཚིག་ཟུར་ལས་ཀྱང་ཆུ་སྤྲེལ་༡༣༩༢ལོ་ཡས་མས་སུ་ཨ་མདོར་ཕེབས་པར་མ་དང་མངོན།རྗེ་ཚ་ཁོ་ངག་དབང་གྲགས་པའི་འཁྲུངས་རབས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་ཞིག་ཡོད་ལ།མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང༌།མཐའ་ཡས་པའི་ཡོན་ཏན་རིན་པོ་ཆེ་དུ་མས་ཉེ་བར་མཛེས་པའི་མཁན་ཆེན་ཚ་ཁོ་བ་ངག་དབང་གྲགས་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི་དེ་ཉིད་ཀྱི་དཔོན་པོ་ལུང་དང་རྟོགས་པའི་རྒྱན་དང་ལྡན་པ། བླ་མ་དཔལ་ལྡན་ཆོས་ཀྱིས་གྲགས་པའི་གསུང་གིས་བསྐུལ་ནས།མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་བོས་སྦྱར་བའོ།།ཞེས་དང༌།ཡང་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་བསྟོད་པའི་མཇུག་བྱང་ལས།ཞེས་མཐའ་འཁོབ་འདུལ་བའི་མཆོག་འཕགས་པ་ཀ་ཏ་ཡ་ན་དང་ཆོས་མཚུངས་པ་རྗེ་བླ་མའི་ནང་ཐུགས་ཀྱི་སྲས་པོ་མཁན་ཆེན་ངག་དབང་གྲགས་པ་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི།སྔར་དོན་གཉེར་ཅན་དུ་མས་རྣམ་ཐར་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ཡང༌།ས་བོན་མེད་སྟབས་རིམ་འགྱངས་སུ་སོང་བ་ལས།ཉེ་ཆར་མཁན་ཆེནསྐུ་གདུང་ལ་མཇལ་སྐབས་རང་རྒྱུད་དད་པས་ཉེ་བར་བསྐུལ་ཞིང༌།རྣམ་ཐར་ཡང་ཞིབ་ཏུ་བརྟགས་ཚེ་རྗེ་བླ་མས་དགྱེས་པའི་ཞལ་བཞེས་དང༌།ཐུན་མོང་བ་ལམ་གཙོ་རྣམ་གསུམ་ཐུ་མོང་མ་ཡིན་པ་འཇིགས་བྱེད་ཀྱི་རིམ་གཉིས་གདམས་པའི་ཡིག་ཆུང་དུ་མ་བཅས་བསྩལ་བ་རྣམས་གུང་བསྒྲིགས་ན།དེང་དུས་བླ་མས་བཤད་ལོ་དང༌།སློབ་མས་ཐོས་ལོའི་རྣམ་གྲངས་གང་ཁོམ་དུ་བྱས་པ་ལྟ་བུ་མ་ཡིན་པར།  རྒྱ་གར་གྲུབ་ཆེན་རྣམས་ལ་ལྷ་དང་བླ་མས་ཉམས་རྟོགས་ཀྱི་རིམ་པ་དང་བསྟུན་ནས་གདམས་ངག་འབོག་པའི་རིམ་པ་ཇི་ལྟ་བ་བཞིན་ཡིན་འདུག་པས་དེ་ཉིད་གཞིར་བྱས་ཏེ།བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཆོད་སྡོང་རིན་པོ་ཆེའི་མདུན་ནས་འཕྲལ་དུ་སུག་བྲིས་བགྱིས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིགཅེས་གསུངས་པ་ལྟར། རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་ཡོན་ཏན་དེ་ལྟར་ལ།མཆོད་སྡོང་རིན་པོ་ཆེ་བཞུགས་ཡུལ་ནི་ད་ལྟ་རྔ་བ་ཁུལ་འབར་ཁམས་རྫོང་དུ་གཏོགས་ལ།འབར་ཁམས་ནས་ཡར་ཅོག་ཙེ་རྒྱལ་སའི་བར་སྤྱི་ལེ་བརྒྱད་དང༌།དེ་ནས་བཙན་ལྷ་རྫོང་ལ་འགྲོ་བའི་གཞུང་ལམ་བརྒྱུད་སྤྱི་ལེ་བཅུ་དྲུག་ཡས་མས་ནས་ཡར་ལ་བརྒྱབ་ན་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང་དུ་གཡོན་ལ་རྗེ་ངག་དབང་གྲགས་པའི་སྐུ་གདུང་དང༌། གཡས་སུ་ཁོང་གི་དཔོན་པོ་ཆོས་ཀྱི་གྲགས་པའི་སྐུ་གདུང་བཞུགས།དམར་དམག་རྒྱང་བསྐྱོད་སྐབས་མེ་རུ་བསྒྲོན། དེའི་རྗེས་སུ་ཅོག་རྒྱལ་བསོད་ནམས་ཚེ་རིང་གིས་ཞིག་གསོས་བྱས་ཏེ་ས་རྡོའི་མཆོད་རྟེན་ལེགས་པ་ཞིག་བཞེངས་ནས་གདུང་རུས་རྣམས་ཤུག་པའི་ཟོ་བར་བླུགས་ཏེ་མཆོད་རྟེན་གྱི་བུམ་པར་བཞུགསདེའི་སྒོ་ཁྱིམ་དུ་རྗེ་སྐུ་བཅས་བཞུགས་པ་རིག་གནས་གསར་བརྗེའི་བར་གནསམཆོད་རྟེན་ཅུང་ཟད་ཞིག་རལ་དུ་སོང་བ་ཆུ་ཁྱི༡༩༨༢ལོའི་སྤྱི་ཟླ་༡༡པའི་ཚེས་༡༡ཉིན་སྣང་བ་མཐའ་ཡས་མི་ཡི་གར་རོལ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བས་སྒོར་ལྔ་སྟོང་གནང༌།ཆུ་ཕག་༡༩༨༣ལོར་ཡང་སྒོར་ལྔ་བརྒྱ་གནང་བ་བཅས་ཁྱོན་ལྔ་སྟོང་ལྔ་བརྒྱས་ལོ་དེར་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་མཆོད་རྟེན་ཞིག་གསོ་བྱས།གདུང་རུས་རྣམས་དཀར་ཡོལ་གྱི་ཟ་མ་ཏོག་ཏུ་བཞུགས་སུ་གསོལ།དབུ་ཐོད་ཀྱི་དུམ་བུ་ཞིག་གི་ངོས་སུ་ཤིན་ཏུ་གསལ་བའི་ཨོཾ་ཡིག་དང༌།གཞན་ཡང་ཡིག་འབྲུའི་རྣམ་པ་མང་བ་དང༌།རབ་གནས་ཀྱི་དུས་འཇའ་འོད་སོགས་ངོ་མཚར་བའི་ལྟསབཅས་འགྲོ་བ་དུ་མའི་མཐུན་སྣང་དུ་བྱུང༌།དེའི་ལུང་བར་རྒྱ་མི་ནགས་གཅོད་མཁན་ཚོ་ཁག་ཅིག་ཡོད་པ་དེ་རྣམས་ཀྱིས།གསེར་སྡོང་རིན་པོ་ཆེ་ཡོད་སར་འོད་སྣང་ཆེན་པོ་ཤར་ཟེར་ནས་རྒྱ་མི་རྣམས་མཇལ་མཁན་མང༌།དེར་རྡོ་ལེབ་ཆེན་པོ་ཞིག་གི་ངོས་ལ༄༅།ཨོཾ་སྭ་སྟི།གང་གིས་ཐུགས་རྗེའི་ཞགས་པས་མཁའ་ཁྱབ་འགྲོ།།དམ་དུ་འཆིང་བའི་སྙིང་སྟོབས་ཕུལ་བྱུང་བས།།རྒྱལ་བསྟན་མཛད་པའི་ཁུར་ཆེན་ཁྱེར་བ་ལ།།འགྲན་བྲལ་སྤྱན་རས་གཟིགས་ལ་གསོལ་བ་འདེབས།།གཤིན་རྗེ་གཤེད་སྒྲུབ་ཆོས་སྐྱོང་བྲན་དུ་ཁོལ།།ལྟ་ལོག་ཚར་བཅད་ཐུབ་བསྟན་ཕྱོགས་མཐརསྤེལ།།བློ་བཟང་རྒྱལ་བའི་ཐུགས་ཀྱི་སྲས་སུ་གྱུར།།ངག་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་སོགས་རྡོ་ལེབ་ངོས་གང་བོར་ཡི་གེ་ཡོད།རྗེ་ཚ་ཁོ་བ་ངག་དབང་གྲགས་པའི་འཁྲུངས་རབས་ནི།སྔོན་བྱང་ཆུབ་སེམས་དཔའ་དགའ་བའི་ཏོག་ཏུ་འཁྲུངས་ཏེ་ཀླུའི་རྒྱལ་བོ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་སེམས་བསྐྱེད་པའི་རྫས་སུ་ཕུལ་ནས་ཐུགས་བསྐྱེད།དེ་ནས་འཕགས་པ་མ་འགགས་པ།དཔལ་འབྲས་རྡོ་རྗེ།ཅོག་རོ་ཀླུའི་རྒྱལ་མཚན།སློབ་དཔོན་དྷརྨ་པཱ་ལ།སློབ་དཔོན་ཟླ་བ་གཞོན་ནུ།བྱང་སེམས་ཟླ་བ་རྒྱལ་མཚན།དཔལ་ལྡན་དགོན་པ་བ།སྐྱེར་སྒང་བ།ཀེའུ་ཡེ་ཤེས་འབྱུང་གནས།མཁས་བཙུན་གཞོན་ནུ་དོན་གྲུབ།ཚ་ཁོ་ངག་དབང་གྲགས་པ་སོགས་ཐུགས་རྒྱུད་གཅིག་ཅིང༌།སྐུའི་སྐྱེ་བ་ཕྱི་མ་ལ་ཀུན་མཁྱེན་ལེགས་པ་དོན་གྲུབ་དང༌།ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་བོ་འཕྲིན་ལས་ལྷུན་གྲུབ་ཀྱི་སྐྱེ་བ་བཞེས་ནས་གདུལ་བྱ་མང་བོ་སྨིན་གྲོལ་ལ་བཀོད།མདོར་ན་ཚ་ཁོ་དཔོན་པོ་རྗེ་མཁན་ཆེན་ངག་དབང་གྲགས་པ་དཔལ་བཟང་བོ་མཆོག་ནི།ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་ལས།ཚ་ཁོ་དཔོན་པོ་ངག་དབང་གྲགས་པ།མདོ་སྨད་པ་གྲགས་པ་བློ་གྲོས།ལྡོང་སྟོན་ཛྙཱ་ན་ཤྲཱི་དགེ་བཤེས་ཤ་སྟོན་ཏེ།བྱ་བྲལ་ལ་མ་ཐེགས་གོང་གི་སྲས་སྔ་ཚར་བཞི།ཞེས་དང་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན།མཚུངས་མེད་ཆོས་རྗེ་རྒྱལ་མཚན་བཟང་བོ།རྗེ་བཙུན་ཤེས་རབ་སེང་གེ།ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ།ཚ་ཁོ་དཔོན་པོ་ངག་དབང་གྲགས་པ།སྟོད་ཤེར་སེང༌།སྨད་ཤེར་སེང་དང་བདུན་ནི་འཕྲིན་ལས་ནམ་མཁའ་དངམཉམཔའི་སྲས་ཆེན་བདུན།ཞེས་གསུངས་པལྟར།རྗེ་རིན་པོ་ཆེའི་སྲས་ལྔ་ཚར་བཞི་དང་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བདུན་གྱི་ཡ་གྱལ་ཡིན་ལ།ཕྱིས་སུ་ཁོང་རང་གི་ཐུགས་བསྐྱེད་ཟབ་མོ་དང་རྗེ་རིན་པོ་ཆེའི་བཀའ་གསུང་གི་མེ་ཏོག་དུས་གཅིག་ཏུ་སྨིན་ཏེ་ཕྱིར་མདོ་སྨད་དུ་ཕེབས།ཐོག་མར་རྔ་སྟོད་དུ་ཨ་འདུས་དགོན་ནམ་མཚོ་དགོན་གསང་ཆེན་བཀྲ་ཤིས་གླིང་ཞེས་པ་ཕྱག་འདེབས་མཛད།དགོན་པ་བརྒྱ་རྩ་བརྒྱད་ཕྱག་འདེབས་མཛད་པའི་ཐོག་མར་དགོན་སྡེ་འདི་ཉིད་བཏབ་པས་ཡག་མགོ་དགོན་དུ་གྲགས།དེ་རྗེས་རིམ་བཞིན་མཆོད་རྟེན་ལྕོགས་དང༌།གདོང་རི་དགེ་ལྡན་དམ་ཆོས་གླིང༌།ཟུང་ཆུའི་མཁར་ལུང་ཕྱོགས་སུ་མཁར་ཡག་རི་ཁྲོད་དང༌དམུ་དགེ་དགོན།ཞང་དུར་ཕུ་ཏོའི་དགོན་དང༌།རོང་ཆུ་ནག་ཏུ་ཙས་རུར་ས་དམ་དགོན།ཁྲོ་ཆུའི་ཕྱོགས་སུ་ཀླུ་བཟོའིདགོན།སྔོན་ཚ་ཁོའི་ཁོག་ཟེར་ཞིང་དེང་སང་ཁྱུང་མཆུ་རྫོང་གི་ཁུངས་གཏོགས་ཁང་དམར་དགོནརྒྱལ་རོང་ཕྱོགས་སུ་སྐུ་གདུང་རིན་པོ་ཆེ་བཞུགས་ཡུལ་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང༌།བ་མགོ་དགོན།ས་མགོ་དགོན།ཏམ་མགོ་དགོན།བཙན་ལྷར་སུམ་མདོ་དགོན།རྗེས་སུ་འདིའི་མཚན་སྤོར་ནས་བསོད་ནམས་ཡག་དགོན་པ་ཡིན་པར་བཤད༌།མིས་ཐོ་དགོན།དམ་པ་དང་ཐག་ཉེ་སར་མཆོད་རྟེན་ས་དགོན་དང༌།གྲུབ་མནོས་དགོན།ཚོ་བདུན་དགོན་པའི་ཐག་ཉེ་སར་མཆོད་རྟེན་ཆེ་བ་ཞབས་ལྷ་ཁང་ཅན་དང༌།དེ་སོགས་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་པའི་དམ་བཅའ་གྲུབ་པས་ད་ཚང་ལྷུན་གྲུབ་གླིང་ཕྱག་འདེབས་མཛད།དེ་ལྟར་ཡུལ་ཕྱོགས་མང་བོར་ཕེབས་ནས་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་པར་གྲགས་སོ།། 

གཉིས་པ།རྗེ་ཁྱོམ་ཚ་རབ་འབྱམས་པ་དགེ་འདུན་གྲགས་པའི་རྣམ་ཐར་མདོ་ཙམ་འགོད་པ་ལ།ཁྱོམ་ཚ་སྐུ་འཕྲེང་གསུམ་་དཀོན་མཆོག་དམ་ཆོས་རྒྱ་མཚོས་མཛད་པའི་《དཀར་ཆག་ཉིན་བྱེད་འདྲེན་པའི་ཤིང་རྟ་ལས་“གནས་གཞི་འདི་ཐོག་མར་འདེབ་པ་བོ་ནི་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདག་ཁྱོམ་ཚ་རབ་འབྱམས་པ་དགེ་འདུན་གྲགས་པ་ཚ་ཁོ་སྨྱོན་པརགྲགས་པ་དེ་ཡིན་ལ།དམ་པ་དེ་ནི་རྒྱལ་རོང་ཚ་ཁོ་རྒྱལ་བོའི་མངའ་ཞབས་ཟངས་དཀར་འདིར་འཁྲུངས།དབུས་ཕྱོགས་སུ་ཕེབས་ནས་བློ་གསལ་བྱེ་བའི་བསྟི་གནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭརཞུགས་ཏེ་བཀའ་པོད་ལྔ་ལ་ཐུགས་གཉེར་མཐར་ཕྱིན་མཛད་དེ་ལྷ་སར་སྨོན་ལམ་གྱི་གྲྭ་སྐོར་མཛད།ཀུན་མཁྱེན་འཇམ་དབྱངས་བཞད་པའིརྡོ་རྗེའི་སྤྱན་སྔར་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན།”ཞེས་དང༌།ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་《རྣམ་ཐར་ངོ་མཚར་སྐལ་བཟང་འཇུག་ངོགས་》ལས་“ཕ་བོང་ཁར་རིགས་དངདཀྱིལ་འཁོར་ཀུན་གྱི་མངའ་བདག་རྡོ་རྗེ་འཆང་འཇམ་དབྱངསགྲགས་པའི་དྲུང་དུ་རྗེ་འདིས་གསོལ་བ་བཏབ་སྟེ།འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་སྒྲུབ་ཐབས་ཟ་མ་ཏོག་གི་ལུང༌།ཚེ་དཔག་མེད་ལྷ་དགུའི་དབང་བཅས།དགེ་བཤེས་ཧོར་སྐམ་པོདང༌།རབ་འབྱམས་པ་བློ་གྲོས།ཟངས་དཀར་ཚ་བོ་གསུམ་དང་ལྷན་དུ་གསན།ཞེས་གསུངས་པ་ལྟར།དབུས་ཕྱོགས་ཀྱི་དམ་པ་དུ་མ་བསམ་སྦྱོར་གཉིས་ཀྱིས་བསྟེན་ཅིང༌།ཁྱད་པར་དུ་གདན་ས་གསུམ་དང་དགའ་ལྡནཤར་རྩེ་སོགས་སུ་ཕེབས་ནས་ཆོས་སྐྱོང་སོ་སོའི་སྤྱན་གཟིགས་རིས་བྲིསཀྱི་ཐང་གགའ་ལྡན་ལྕགས་དབྱུགསླེའུ་ཆུང་གིས་ཕྱག་བཟོ་གནང་བས་བྱམས་པ་རྒྱ་ནག་མ་སོགས་རྟེན་སྐལ་དུ་མ་བཅས་ཕྱིར་རང་ཡུལའདིར་ཕེབས།

རྗེ་འདི་བའི་སྐུ་ཚེ་སྨད་ལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བསྐུལ་བཟུང་བ་དང་རྡོ་རྗེ་བྲག་ལ་བསེ་ཁྲི་ཆེན་གྱིས་མངོན་སྤྱོད་ཀྱིས་ལས་མཛད་སྐབས་ཁོང་གིས་ལས་གྱི་རྡོ་རྗེ་མཛད་པ་སོགས་བཤད་སྒྲོས་མང་ངོ་།།དམ་པ་འདི་ཉིད་རབ་བྱུང་བཅུ་གཉིས་པའི་སྤྱི་ལོ༡༧༢༥ལོར་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ།།

༧རྗེ་ཁྱོམ་ཚ་རྒྱ་རིས་གྲུབ་པའམ་ངག་དབང་ཚུལ་ཁྲིམས་དཔལ་བཟང་བོམཆོག་ནི།རབ་བྱུང་བཅུ་གཉིས་པ་མེ་རྟ་སྟེ་སྤྱིལོ༡༧༢༦ལོར་ཟངས་དཀར་དུ་སྐུ་འཁྲུངས། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་སྐྱབས་མགོན་འཇིགས་མེད་དབང་བོས་ཁྱོམ་ཚ་དགེ་འདུན་གྲགས་པའི་ཡང་སྤྲུལ་དུ་ངོས་འཛིན་གནང༌།  ཁྱོམ་ཚ་སྒར་བའི་སྐུ་བདག་བྱས་ནས་འགྱུར་མེད་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་འཕང་ཆེན་པོརམངའ་གསོལ་མཛད། དགོན་འདིར་སྐྱབས་མགོན་གདན་དྲངས་ནས་རྟེན་ལ་རབ་གནས་ཀྱིམེ་ཏོག་འཐོར་ཞིང་རྟེན་སྐལ་མང་བོ་གནང་ཞེས་དང༌།ཀུན་མཁྱེན་འཇིགས་མེད་དབང་བོའི་རྣམ་ཐར་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལསཁང་དམར་དགོན་ལ་རྟེན་འཇོག་བྱས།ཁྱད་པར་ཁྱོམ་ཚ་ངག་དབང་ཚུལ་ཁྲིམས་ཀྱིས་ཞུས་པ་ལྟར་ཟངས་དཀར་སྤྱི་བསང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅོ་ལྔ་བ་སྨྲ་བའི་ཁྱུ་མཆོག་འགྲན་ཟླ་མེད་པ་རྭ་བསོད་ནམས་དབང་རྒྱལ་དང་ཐུགས་རྒྱུད་གཅིག་པར་གྲགས་ཏེ།བླ་བྲང་གདན་རབས་ལྷའི་རྔ་ཆེན་ལས།སྐུ་ཞབས་རིན་པོ་ཆེས་ཀྱང་ཚེ་རབས་སྔ་མར་འབྲེལ་ཆེ་ཞེས་གསུང་སྐབས་ཤིག་ལ།འོ་ན་ང་རྭ་བསོད་ནམས་དབང་རྒྱལ་ཁྱེད་ཀྱི་སྐུ་ཕྲེང་གོང་མའི་ནང་གཟན་ཞིག་ཏུ་སྐྱེས་སམ་ཞུས་པར།ཁྱེད་ཚ་ཁོ་རབ་འབྱམས་པ་དགེ་འདུན་གྲགས་པའི་སྐྱེ་བ་ཡིན་པར་འདུག་ཅེས་གསུངས།རྭ་བསོད་ནམས་དབང་རྒྱལ་གྱི་མཛད་རྣམ་ཞིབ་རྒྱས་བླ་བྲང་གདན་རབས་སུ་གསལ་བ་ལས་མཁྱེན་པར་བྱའོ།།

རྗེ་དཀོན་མཆོག་དམ་ཆོས་རྒྱ་མཚོ་མཆོག་ནི་མདོ་སྨད་ཆོས་འབྱུང་ལས། དེའི་སྤྲུལ་སྐུ་དམུ་དགེར་འཁྲུངས་ཞེས་པ་ལྟར། ཕལ་ཆེར་རབ་བྱུང་བཅུ་གསུམ་པའི་མེ་ལུག་སྟེ་སྤྱི་ལོ་༡༧༨༧ལོར་དམུ་དགེའི་ཝ་ཚང་དུ་སྐུ་འཁྲུངས།(མདོ་སྨད་ཆོསའབྱུང་)ལས་བླ་བྲང་ནས་ཆོས་གྲྭར་ཞུགས།སྒོ་མང་སྤྲུལ་བའི་སྐུ་དང་འཛིན་གྲྭ་གཅིགརྗེ་དྷཛའི་ཞལ་སྔ་ནས་དང༌།མཁན་ཆེན་སིདྷའི་མཚན་ཅན།ཨ་མཆོག་དགེ་བཤེས་སྤྲུལ་བའི་སྐུ་སོགས་ལ་གསན་པ་མཛད་ཞེས་པ་ལྟར་ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཤིང་སྒོ་མང་སྤྲུལ་བའི་སྐུ་དང་འཛིན་གྲྭ་གཅིག་ལ། ཀུན་མཁྱེན་གསུམ་པ་ཆེན་པོས་ཁྱོམ་ཚ་སྐུ་འཕྲེང་གསུམ་པར་ངོས་འཛིན་མཛད་དེ་གདན་སར་བཀོད།མདོ་སྨད་ཆོས་འབྱུང་ལས།འདི་དང་སྐྱ་འགོའི་དགོན་གཉིས་སྐྱོང་བཞིན་ཡོད་ཞེས་པ་ལྟར།ཕྱིས་སུ་དགོན་བདག་ལ་བླ་བྲང་བཀྲ་ཤིས་འཁྱིལ་བ་མ་གཏོགས་གཞན་མཐོ་དམན་སུས་ཀྱང་བདག་བཟུང་བྱས་མི་ཆོག་པའི་བཀའ་ཤོག་སོགས་ཀྱངབླངས།སྐབས་དེར་གནང་བའི་བཀའ་ཤོག་ནི།མ་སྨད་གྲགས་པའི་སྒྲ་བརྒྱ་བཞད་པས་ཕྱོགས་ཀྱི་ཐ་གྲུ་འགང་བ་བཀྲ་ཤིས་འཁྱིལ་གྱི་བླ་བྲང་ཆེན་མོའི་ཡི་གེ།ནོར་འཛིན་དགའ་མའི་འཕངས་པར་མངའ་བསྒྱུར་བའི་འགྲོ་བ་སེར་སྐྱ་ཀུན་གྱིས་ངེས་རྒྱུར།སྔ་སོར་ཁྱོམ་ཚ་བླ་མས་སྐྱ་མགོའི་དགོན་དང་ཁང་དམར་དགོན་གཉིས་ངེད་བླ་བྲང་ལ་ཕུལ་ཏེ།ཕྱིས་འབྱུང་དུ་དགོན་བདག་ལ་བཀྲ་ཤིས་འཁྱིལ་བ་མ་གཏོགས་གཞན་མཐོ་དམན་སུས་ཀྱང་བདག་བཟུང་བྱས་མི་ཆོག་པའི་བཀའ་ཤོག

ས་ཡོས་ལོའི་ཟླ་༦ཚེས་༡༣ལ་བྲིས།ཞེས་པའོ།།

ཁོང་གི་གསུངས་བརྩོམས་ལ།《རྒྱལ་ཡུམ་དཔལ་ལྡན་ལྷ་མོའི་ཚེ་གཏོར་འབུལ་ཚུལ་བདེ་སྐྱིད་དབྱངས་སྙན་དགེ་ལེགས་འདོད་འཇོ།》བསང་ཡིག་《རྗེ་བདག་ཉིད་ཆེན་པོའི་སྐུ་བརྙན་བཞེངས་པའི་དཀར་ཆག་རྣམ་དཀར་ཉིན་བྱེད་འདྲེན་པའི་ཤིང་རྟ།》《སྟག་རྩེའི་གནས་བསྟོད་ངོ་མཚར་རྒྱན་འཕྲེང་།》《གཅོད་ཀྱི་སྐོར་ཆུ་མིག་འགྲིམ་ཚུལ།》སོགས་ལྗགས་རྩོམ་རྣམས་ད་ལྟ་བཞུགས་ལ་གཞན་ཡང་གསུང་རྩོམ་མང་དུ་ཡོད་པར་གྲགས་ཀྱང་དུས་འགྱུར་དང་ལོ་རྒྱུས་ཀྱི་གོད་ཆགཁྲོད་འབྱུང་བཞིའི་ཁ་ཟས་སུ་གྱུར་བསད་ལྟ་རང་ཅག་གི་བགོ་སྐལ་དུ་མ་གྱུར་ཏོ།།འདི་ཉིད་དགོང་གྲངས་རེ་དགུ་བ་རབ་བྱུང་བཅུ་བཞིའི་ཤིང་ཡོས་ཏེ་སྤྱི་ལོ་༡༨༥༥བར་གཟགས་སྐུ་རགས་པའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །

ཁྱོམ་ཚ་དཀོན་མཆོག་ཆོས་འཕེལ་རྒྱ་མཚོ་ནི་རབ་བྱུང་བཅུ་བཞི་བའི་མཇུག་ཏུ་ཟངས་དཀར་སྟོད་མའི་ཨ་གནམ་ཚང་གི་ཡུམ་ལྷ་མོའི་སྲས་སུ་འཁྲུངསཆུང་དུས་ནས་རབ་ཏུ་བྱུང་སྟེ།ཀུན་མཁྱེན་བཞི་བ་ཆེན་པོས་ཁྱོམ་ཚ་སྐུ་ཕྲེང་བཞི་བར་ངོས་འཛིན་མཛད་ཅིང་བཀྲ་ཤིས་འཁྱིལ་གྱི་གྲྭ་སར་འགྲིམས།ཕྱིས་སུ་ཁྱོམ་ཚ་སྒར་བའི་བདག་འཛིན་བྱེད་ཆོག་པའི་འོས་དབང་ཐོབ་རྩོད་བྱེད་པ་ཇེ་མང་དུ་སོང་སྟབས།རྒྱལ་བོ་ལ་ཡར་ཞུ་ཕུལ་དེ་གནང་བའི་བཀའ་ཤོག་ནི།

༧ས་སྐྱོང་འགྲན་བྲལ་དབུ་ནག་གཙུག་རྒྱན་མཆོག།ས་དབང་ནོར་བུ་ཀུན་དགའ་རྒྱལ་མཚན་དཔལ།།ས་འཛིན་དབང་མོ་ཚེ་དབང་བཀྲ་ཤིས་ཉིད།།ས་ཡི་འཛོར་བུ་བཀའ་ཁྱབ་ལྡིར་བ་ནི།།ས་སྟེང་ཁྱབ་བྱེད་བཀའ་ལུང་གནང་བའི་འབྲས།།མངའ་ཞབ་ཁང་དམར་དགོན་ཁྱོམསྤྲུལ་གྱིས་ཡར་ཞུ་བྱས་པས།རང་ཅག་དགོན་བདག་བསྐོས་བཞག་ཐུགས་རྗེ་ཡོད་ཀྱང༌།དེ་སྔར་ཁྱོམ་ཚ་གོང་མ་རྣམས་གྱིས་གང་དབང་རྣམས།ཁང་སྟོད།ཁང་སྨད།མཆོད་ཆ།སྤྱོད་ཆ།ཐོག་དམ་རྩམ་པ།སྒར་བའི་མཚེར་ས་རྩྭ་ས་ནོར་ས་སོགས་རང་གི་དབང་ཆོག་མ་གཏོགས།ཁྱོམ་ཚའི་མི་རྒྱབ་རིགས་སུ་གཏོགས་ཚད་ཀྱིས་གནོད་འཚེ་གཏན་ནས་བྱེད་ས་མེད་པའི་བཀའ་ཤོག་ཞིག་ཐུགས་རྗེ་ཞུས་པས།ཁོང་ཉིད་ཞུས་བཞིན་སྤྲུལ་སྐུ་ཐོག་ལ་གུང་ཚིགལྟར་འགལ་བ་མེད་པའི་དང་ཆ་མ་གཏོགས།མྱི་རབས་རིགས་སུ་གཏོགས་ཚད་ཀྱིས་རེ་བ་བཅའ་ས་མེད་པ་དང༌།དེ་རྗེས་འོས་མི་ཞིག་ལ་ཞུ་བ་ཡིན་པའི་བཀའ་ཤོག་འགྱུར་མེད་གནང་བའོ།ཐེལ་གདན་དངུལ་སྲང་གང་དང༌།ཞུས་རེས་གཤེན་རབ་རྒྱལ་དང་བཀྲ་ཤིས་རྒྱ་མཚོ་ལའང་རས་བུབ་རེ་བཅས་མཁར་ཕོ་བྲང་ནོར་བུ་གླིང་ནས་ཕུར་བུ་ཞེས་པ་ས་སྤྲེལ་ལོ་ཟླ་༡༢པའི་ཚེས་༥ཉིན་པར་བཀའགདམས་སྤེལ་བའོ།།ཞེས་འབྱུང༌།

དགོན་འདིར་ཕྱོགས་ཡོངས་ནས་གཟིགས་སྐྱོང་ཚད་མེད་གནང་ཞིང་རབ་བྱུང་བཅོ་ལྔ་བའི་དུས་འགོ་སྟེ་དགུང་ལོ་ཉི་ཤུའི་ནང་ལས་མ་བཞུགས་པར་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གྲགས་ཀྱང་མཛད་རྣམ་རྒྱས་པ་མ་ངེས་སོ།

སྐུ་ཕྲེང་ལྔ་བ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོནི་རབ་བྱུང་བཅོ་ལྔ་བའི་ནང་ཁྱོམ་ཚའི་སྒར་ཁྱིམ་ནས་ཡབ་ལྷ་འབུམ་གྱི་སྲས་སུ་འཁྲུངས་ཏེ་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཀྱང་གདུལ་བྱ་རྣམས་ཀྱི་ལས་དབང་དམར་ཕྱོགས་ཟླ་བའི་རྗེས་སུ་བསྙེགས་པས་སྐུ་ཆུང་དུས་ནས་གཟུགས་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པར་བཤད་ལ།

རྗེ་བློ་བཟང་འཇམ་དབྱངས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅོ་ལྔ་བའི་ས་གླང་སྟེ་སྤྱི་ལོ༡༨༨༩ལོར་ཟངས་དཀར་སྟོད་མའི་རིན་ཚང་གི་ཡབ་རབ་བརྟན་དང་ཡུམ་དཔལ་བཟའ་དཔལ་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཀུན་མཁྱེན་བཞི་བ་ཆེན་པོས་ཁྱོམ་ཚ་སྐུ་ཕྲེང་དྲུག་པ་རུ་ངོས་བཟུང་ཞིང་གདན་སར་བཀོད།ཁང་དམར་དགོན་དང་བཀྲ་ཤིས་འཁྱིལ་སོགས་གྲྭ་སར་འགྲིམས།སྐབས་དེའི་ཁྲི་བ་ཕ་མཐའ་བློ་བཟང་ཆོས་བརྒྱན་དང་རྗེ་གཉིས་ཀྱིས་དགོན་འདིར་གཟིགས་སྐྱོང་ཚད་མེད་མཛད་ཅིང་འདུལ་ཁྲིམས་དོ་དམ་དང་འདོན་འགྲིག་ནན་ཚགས་སོགས་ཐུགས་ཁུར་བླ་མེད་གནང༌། རབ་བྱུང་བཅོ་ལྔ་བའི་མཇུག་ཙམ་དསྐུ་གཤེགས་སོ།

རྗེ་ཁྱོམ་ཚ་བློ་བཟང་འཇམ་དབྱངས་རྒྱ་མཚོའི་ཡང་སྤྲུལ་སྟེ་སྐུ་ཕྲེང་བདུན་པ་མཆོག་ནི།རབ་བྱུང་བཅོ་ལྔ་བའི་ལྕགས་ཕག་སྟེ་སྤྱིལོ༡༩༡༡ལོར་ཟངས་དཀར་སྨད་མའི་མགར་བ་ཚང་ལ་སྐུ་འཁྲུངས།ཀུན་མཁྱེན་བཞི་བ་ཆེན་པོ་རྗེ་བཙུན་བསྐལ་བཟང་ཐུབ་བསྟན་དབང་ཕྱུགམཆོག་གིས་ཁྱོམ་ཚ་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ་ཁྲི་འདོནསོགས་མཛད།མཚན་ཉིད་དགོན་འཇམ་དབྱངས་སྨྲ་སེང་གླིང་གི་གྲྭ་སར་ཞུགས་ཏེ།གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་བྱེད་འགོ་བརྩམས་ཀྱང་ནག་ཕྱོགས་བདུད་སྡེའི་རིགས་ཀྱི་མཐུ་དཔུང་བཙན་ཞིང་ཡུལ་འདིའི་སྐྱེ་བོ་སྤྱི་མཐུན་གྱི་བསོད་ནམས་ཀྱི་ཡོལ་གོལ་མ་འཆུན་པར་དགུང་ལོ་བཅུ་གསུམ་སྟེང་གློ་བུར་དུ་སྐུ་གཤེགས་སོ།

༧་རྗེ་བློ་བཟང་བསྟན་པ་ཡར་འཕེལ་མཆོགཡུལ་དགེ་བཅུ་ཚང་བའི་སྨན་ལྗོངས་འབྲོག་ཚོ་བཞི་སྡེ་ལས།་ཚ་རུ་མ་ཞེས་པའི་ཡུལ་དེའི་ཡབ་དཔོན་ཚེ་དབང་རྣམ་རྒྱལ་དང༌ཡུམ་བདེ་ལུ་མ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཤིང་གླིང་སྟེ་སྤྱི་ལོ་༡༩༢༥ལོར་སྐུ་བལྟམས་པ་ཡིན།ཀུན་མཁྱེན་ལྔ་བ་ཆེན་མོ་༧རྗེ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་གིས་ཁྱོམ་ཚ་སྐུ་འཕྲེང་བརྒྱད་པ་རུ་ངོས་འཛིན་གནང༌དགུང་ལོ་བདུན་གྱི་སྟེང་ཆོ་འཕྲུལ་ལྷ་བབས་དུས་ཆེན་གྱི་སྒོ་དང་བསྟུན་ནས་ཁང་དམར་ཨེ་ཝཾ་བདེ་ལྡནགླིང་གི་མི་འཇིགས་སེང་གེའི་ཁྲི་ལ་ཞབས་ཟུང་གསེར་གྱི་འཁོར་ལོ་ཉེ་བར་བཀོད།ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་སེང་གླིང་གི་གྲྭ་སར་བཞུགས།ཀུན་རིག་ཁང་མཚན་གྱི་དགེ་བློ་གྲོས་ང་ཀློག་གི་ཡོངས་འཛིན་དུ་བསྟེན་ནས་ཀློག་བསླབས།

དགོང་ལོ་ཉེར་དགུའི་སྟེང་ཁང་དམར་ཨེ་ཝཾ་བདེ་ལྡན་གླིང་གི་ཚོགས་ཆེན་ཁྲིར་བཞུགས།དགུང་ལོ་སོ་གཉིས་སྟེང་ལྷོ་ཕྱོགས་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་སེང་གླིང་གི་ཚོགས་ཆེན་ཁྲི་རིན་པོ་ཆེའི་འགན་བཞེས།བརྩི་བཞག་དང་བཀའ་ཆོས།རྒྱུགས་རིང་ཐུང༌།རྩོད་རྒྱུགས།འདོན་ཕྱག་ལེནའདུལ་ཁྲིམས་སོགས་དམ་པ་གོང་མས་ཇི་ལྟར་བཙུགས་པ་དེ་བདག་ཁུར་དང་དོ་དམ་ནན་མོ་གནང༌།སྤྱི་ལོ་༡༩༥༨ལོའིབོད་ཟླ་དྲུག་པའི་ཚེས་བཅུ་དགུའི་ཉིན་གཟུགས་སྐུའི་བཀོད་པ་རེ་ཞིག་ཆོས་ཀྱི་དབྱིངས་སུ་བསྡུ་བའི་མཛད་པ་བསྟན་ཏོ།

ཁྱོམ་ཚ་སྐུ་འཕྲེང་དགུ་བ་༧རྗེ་ཀླུ་སྒྲུབ་བསྟན་པའི་ཉི་མ་དཔལ་བཟང་བོ་མཆོག་ནི།ཆོས་འབྱོར་དཔལ་ཕྱུག་པའི་ཚ་རུ་སྡེ་བའི་སྐྱ་མགོའི་ཤར་བ་ཚང་གི་ཡབ་ཨ་རྟམ་དང་ཡུམ་སྐྱིད་མཚོ་གཉིས་ཀྱི་སྲས་སུ་མཚནདཔེའི་དཔལ་དང་ལྡན་པར་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་སྟེ་སྤྱི་ལོ་༡༩༦ལོའི་ཟླ་ཚེས་བཟང་བོར་སྐུ་འཁྲུངས།སྤྱི་ལོ་༡༩༨༣ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཞིའི་ཉིན་ཆོས་སྡེ་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་ཀླུ་སྒྲུབ་རྣམ་རྒྱལ་བཟང་བོའི་ཞལ་སྔར་ཚིགས་སྔ་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས། སྤྱི་ལོ་༡༩༩༤ལོར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུང་གི་ཆོག་མཆན་བརྒྱུད་དགོན་གྲོང་ཀུན་ཀྱིས་གསོལ་བ་བཏབས་པ་བཞིན།༄༅།ཤཱཀྱའི་དགེ་སྤྱོང་གུང་ཐང་བསྟན་པའི་དབང་ཕྱུག་ཏུ་འབོད་པས།སྐྱབས་མགོན་འཇམ་དབྱངས་བཞད་པ་མཆོག་གི་བཀའ་གནང་ལྟར།སྐྱབས་རྗེས་ཨ་མཆོག་རྡོ་རྗེ་འཆང་༧རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་སྐུ་གདུང་རིན་པོ་ཆེའི་མདུན་ནས་བླ་མ་མཆོག་གསུམ་ལ་གསོལ་བ་བཏབ།རྟེན་འབྲེལ་བསླུ་་མེད་པའི་བདེན་པ་བརྡར་ནས།བསྟན་པའི་གསལ་བྱེད་ཁྱོམ་ཚ་སྤྲུལ་བའི་སྐུའི་ཡང་སྤྲུལ་ཚ་རུ་མའི་ཕ་ཨ་རྟམ་དང་། མ་སྐྱིད་མཚོ་གཉིས་ཀྱི་སྲས་ཀླུ་སྒྲུབ་བསྟན་པའི་ཉི་མ་ངོས་འཛིན་བགྱིས་པ་ཡིན།སྤྲུལ་བའི་སྐུ་ཉིད་སྐུ་ཚེ་བརྟན་ཅིང་བསྟན་འགྲོར་སྨན་པའི་མཛད་ཕྲིན་རྒྱས་པའི་སྨོན་འདུན་བགྱིད་ངེས། །

རབ་བྱུང་བཅུ་བདུན་པའི་ཤིང་ཕོ་ཁྱིའི་ལོའི་ཧོར་ཟླ་༨པའི་ཚེས་༡ལ། །

སྤྱི་ལོ༢༠༡༠ལོའི་དབོ་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པ་རུ་མཚན་ཉིད་དགོན་སྨྲ་བའི་སེང་གེ་གླིང་གི་མཁན་ཁྲི་བར་བཞུགས་དཔྱིད་ཀར་སྤྱི་ཟླ་༦པའི་ཚེས་༥ཉིན་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་ཆེན་དང་བསྟུན་ཏེ་རྒྱལ་ཁབ་ཆོས་ལུགས་ཅུས་དང་ཞིང་ཆེན་ཆོས་ལུགས་ཅུས་ལ་མཉམ་འབྲེལ་སྒོའི་སྲམ་ལུང་མདོར་གཙང་གཉིས་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབས་ས་ཁུལ་གྱི་རྡོ་རིང་བཙུགས་ཏེ་ མཛད་སྒོ་སོགས་སྤེལ།སྤྱི་ལོ༢༠༡༢ལོའི་ཧོར་ཟླ་༡བོའི་ཚེས་༨ཉིན་དཔལ་ལྡན་བླ་མ་དམ་པ་ཁྱོམ་ཚ་སྐུ་འཕྲེང་དགུ་བ་༧རྗེ་ཀླུ་སྒྲུབ་བསྟན་པའི་ཉི་མ་དཔལ་བཟང་བོ་འདི་ཉིད་གཟུགས་སྐུ་ཆོས་དབྱིངས་སུ་ཐུམ་ཚུལ་བསྟན་ཏོ། །

གསུམ་པ།རྗེ་ཙ་ན་སྐུ་འཕྲེང་རིན་བྱོན་གྱི་མཛད་རྣམ་མདོ་ཙམ་འགོད་པ་ལ།

ཙ་ན་སྐུ་ཐོག་སྔ་མ་བཞིའི་མཛད་རྣམ་ཁུངས་ཐུབ་དང་ཞིབ་རྒྱསཤིག་མི་འདུག་མོད།སྐུ་འཕྲེང་དང་བོ་ཙ་ན་དབུ་དཀར་ཚང་ཞེས་པར་ངོས་འཛིན་ནོ།དེ་ལྟར་ན་མདོ་སྨད་ཆོས་འབྱུང་ལས།སྐུ་ཐོག་དང་བོ་ཙ་ན་དབུ་དཀར་ཧོར་ཚང་ནས་འཁྲུངས།དབུས་དང་རྒྱ་གར་སོགས་ཕྱོགས་མེད་ཀྱི་རྒྱལ་ཁམས་འགྲིམ།བྱ་བཏང་གི་ཚུགས་ཤིན་ཏུ་ལེགས།གཉན་ཆེན་གྱིས་ཐོག་འཕངས་པས་མ་ཚུགས་པའི་ངག་རྒྱུན་སྣང༌།དེས་བརྩམས་པའི་བསང་ཡིག་ཕྱོགས་ཕྱོགས་དག་ཀྱང་མ་དར་ཆ་ཆེ་ཞིང་ཁམས་ཅན་དུ་བརྩི།ད་ལྟའི་འཇིགས་མེད་མཐུ་སྟོབས་རྒྱ་མཚོ་དང་བཅས་སྐུ་ཕྲེང་བཞི་ཕེབས་ཞེས་གསུངས་ལ།ཙ་ན་དབུ་དཀར་ཚང་ཡུལ་འདིར་བཞུགས་སྐབས་ཟངས་དཀར་སྤྱི་ལ་ས་བཅོས་བྱས་ཤིང་ཁྱིམ་ཚང་འགའི་ཁང་ས་དང་རིན་ཚང་གི་མེས་པོ་ཞིག་གི་དུར་ས་སོགས་གདབ་པར་ངག་རྒྱུན་ལས་བྱུང་ངོ༌།

སྐུ་འཕྲེང་བཞི་བའི་མཚན་མདོ་སྨད་ཆོས་འབྱུང་དུ་གསལ་བ་ལྟར་ལགས་ཀྱང་སྐུ་འཕྲེང་གཉིས་པ་དང་གསུམ་པའི་མཚན་མ་ངེས་ལ།མདོ་སྨད་ཆོས་འབྱུང་ལས་བསྟན་པའི་སྐུ་འཕྲེང་བཞི་བོ་ད་ལྟའི་ཁང་དམར་དགོན་གྱི་ཙ་ན་སྤྲུལ་སྐུའི་སྐུ་འཕྲེང་དུ་བགྲང་ཆོག་ཆོག་གི་ཁུངས་སྣེ་གསལ་བོ་ཞིག་ཀྱང་མ་རྙེད་མོད།

ཙ་ན་སྐུ་འཕྲེང་ལྔ་བ་དཔོན་པོ་དཀོན་མཆོག་རྣམ་རྒྱལ་ནི།མདོ་སྨད་ཚ་བ་རོང་གི་སོ་མང་ཕྱོགས་སུ་སྐུ་འཁྲུངས།དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ནས་བྲག་མགོ་སྐུ་ཞབས་དང་མཉམ་དུ་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཐར་ཕྱིན་པ་གནང་རྗེས་ཕྱིར་རང་ཡུལ་དུ་ཕེབས།ས་ཆེན་སོ་མང་རྒྱལ་བོའི་མཆོད་གནས་ཚེ་བརྟན་གླིང་དུ་བཞུགས།།

ཙ་ན་སྐུ་ཕྲེང་དྲུག་པ་རྗེ་དཀོན་མཆོག་ཆོས་གྲགས་རྒྱ་མཚོ་མཆོག་ནི་མདོ་སྨད་ས་ཡི་ཐིག་ལེ།མཁས་གྲུབ་དུ་མས་བྱིན་གྱིས་བརླབས་པའི་གནས་མཆོག་དམུ་དགེ་ཝ་ཚང་སྡེ་བར་ཁྱོམ་ཚ་དམ་ཆོས་རྒྱ་མཚོའི་སྤུན་ཆུང་གི་ཚུལ་དུ་སྐུ་འཁྲུངས།མཁན་ཆེན་ངག་དབང་གྲགས་པས་ཕྱག་བཏབ་པའི་མཁས་གྲུབ་བྱེ་བའི་གདན་ས་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་ཆོས་གྲྭར་ཞུགས།མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་སློབ་གཉེར་གནང༌།སྐུ་གོང་མའི་ཡང་སྤྲུལ་དུ་ཐུགས་ཐག་བཅད།ཕྱིས་སུ་དགོན་འདིར་ཕེབས་ཏེ་ཚོགས་ཆེན་ཁྲི་བར་བཞུགས།མདོར་ན་སྐུ་ཕྲེང་དྲུག་པ་ཁོང་གིས་དགོན་གྲོང་ཀུན་ལ་ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་སྐྱོང་ཁུར་བླ་ན་མེད་པ་གནང་རྗེས་རེ་ཞིག་གཟིགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།

རྗེ་ཙ་ན་སྐུ་འཕྲེང་བདུན་པ་ཟངས་དཀར་བར་མའི་སྡེ་ནང་དུ་འཁྲུངས་ཤིང༌།སྤྲུལ་སྐུའི་མཚན་ཟུར་ཆགས་ཏེ་ཕྱིས་སུ་ཁྱིམ་ཚང་གི་མིང་ལའང་ཙ་ན་ཚང་ཟེར་ཚུལ་གྱི་ངག་རྒྱུན་ཙམ་འདུག་པ་ལས།མཚན་དང་འཁྲུངས་འདས་མཛད་རྣམ་སོགས་གཅིག་ཀྱང་མ་རྙེད་པས་ཚུལ་འདིར་ཐུགས་མོས་ཆེ་བའི་དཔྱོད་ལྡན་ལོ་རྒྱུས་སྨྲ་བ་ཚོའི་བགོ་སྐལ་དུ་འཇོག་དགོས་བྱུང་ངོ

ཙ་ན་སྐུ་ཕྲེང་བརྒྱད་པ་༧རྗེ་བཙུན་སྐལ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་མཆོགས་ཆེན་སོ་མང་རྒྱལ་རྒྱུད་ཀྱི་ཀི་ལྕིག་མངའ་རོལ་སྟག་གི་སྲས་མོ་གཡུང་དྲུང་མཚོ་དང་ཡབ་གཏེར་སྟོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ས་གླང་སྟེ་སྤྱི་ལོ་༡༨༨༩ལོར་སྐུ་བལྟམས།དགུང་ལོ་བདུན་ཐོག་ཁང་དམར་དགོན་བཤད་སྒྲུབ་དར་རྒྱས་གླིང་སྟེ་གདན་ས་བར་མའི་སྐབས་ཀྱི་ཚོགས་གྲྭལ་དུ་ཞུགས།འཇམ་དབྱངས་བཞད་པའི་སྐུ་འཕྲེང་བཞི་བ་རྗེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་མཆོག་གིས་ཙ་ནའི་ཡང་སྤྲུལ་དུ་ཐུགས་ཐག་བཅད་ནས་ཁྲི་འདོན་སོགས་རྒྱས་པར་མཛད།ཤར་ཕྱོགས་ཆོས་སྡེ་ཆེན་མོ་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་དུ་ཕེབས་ཏེ་གྲྭ་རྐྱང་དཀྱུས་མའི་ལུགས་བཞིནསྒོ་མང་སྐལ་བཟང་བཤད་སྒྲུབ་རྒྱ་མཚོ་ཚང་དང་མཉམ་དུ་ཁ་དོག་དཀར་དམར་ནས་ཞུགས་སྟེ་རིག་པའི་སྒོ་འབྱེད་བསྡུས་གྲྭའི་རིགས་ལམ་ལ་སྦྱངས།དཔེ་ཁྲིད་དང་དཔེ་གཟིགས་ལ་རྒྱུན་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང་༧རྗེ་བཙུན་སྐལ་བཟང་དཔལ་འབྱོར་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔར་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ཏེ།དབང་ལུང་མན་ངག་སོགས་བུམ་པ་གང་བྱོས་ཀྱི་ཚུལ་ཏུ་གསནཨ་མཆོག་བླ་མ་༧རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་ལྷ་རྫས་དར་དཀར་རིང་མོ་དང་བཀྲ་ཤིས་པའི་རྫས་སོགས་བསྐུར་ནས་འཇམ་དབྱངས་སྨྲ་སེང་གླིང་གི་ཁྲི་བར་བཞུགས་དགོས་པའི་བཀས་བསྐུལ་ཏེ་སྨྲ་སེང་གླིང་གི་མཁན་ཁྲིར་བཞུགས་ཏེ་རྒྱུགས་རྩི་བཞག་སྒྲིག་ལམ་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་སྐྱོང་ཁུར་ཟབ་མོ་གནང༌།པཎ་ཆེན་སྐུ་འཕྲེང་བཅུ་བའི་ཡོངས་འཛིན་ཆེན་མོ་རྗེ་བསང་ཁོག་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོ་རང་དགོན་དུ་གདན་དྲངས་ནས་དབང་ལུང་དུ་མ་གསན།ཁོང་དང་༧རྗེ་བསང་ཁོག་འཇིགས་མེད་རྒྱ་མཚོ་རིན་པོ་ཆེ་རྣམ་གཉིས་ཀྱིས་བཀའ་གྲོས་ལྟར་དགོན་འདིར་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་གསར་འཛུགས་མཛད།ཁོང་གི་དུས་ཀྱི་འཁོར་ལོའི་ཆོ་ག་དང་འབྲེལ་བའི་བཅའ་ཡིག་གསུངས།གཉན་སྲས་དཔའ་བོ་དགྲ་འདུལ་དང་བསྟན་སྐྱོང་རྡོ་རྗེ་དྲག་རྩལ།ཐང་ལུང་དཔལ་རྩལ་ནོར་བུ་སོགས་ཀྱི་བསང་ཡིག་ལྗགས་རྩོམ་མཛད་པ་དང་ལབ་ཙེ་རྣམས་གསར་བསྟོད་བྱས།མགོན་ཁང་ནང་གི་བཙན་རྔ་ལ་མེ་སྟག་གྱི་ཚ་ཚ་འཕྲོ་སྐབས།ཁོང་གི་རྔ་བསྟོད་དང་ཆོས་སྐྱོང་སོ་སོ་ལ་སྙན་ཤལ་གྱི་བསྟོད་པ་བརྩམས།ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་ཆེན་མོ་༧རྗེ་ཡེ་ཤེས་བསྟན་པའི་རྒྱལ་མཚན་དགོན་འདིར་གདན་དྲངས་ནས་གནས་གཞི་གསལ་བའི་སྐབས་སླར་ཡང་དགོན་མགོ་ཕུལ།ཀུན་མཁྱེན་མཆོ་གི་བཀའ་ཤོག་དང་བཛྲ་ཧ་ས་ཞེས་ཐོབ་གཅིག་གནང་།ཁྱད་པར་ཁོང་གི་དབང་ལུང་ཁྲིད་སོགས་མང་བོ་གནང་བ་དང་དགེ་ཚུལ་སློང་གི་སྡོམ་པ་མང་དུ་བསྩལ།རབ་བྱུང་བཅུ་དྲུག་པའི་ནང་རྒྱལ་དམངས་ཏང་གི་དམག་ཤོག་ཉེར་བརྒྱད་པ་དང༌ཚ་ཁོ་ཁྲོ་ཆུ་འཁྲུགས་སྐབས་པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་བཀའ་མངགས་ལྟར་སྐུ་ཞབས་བཀྲིས་མཐོང་དང༌།གཙང་ཕུ་བླ་མ།རྗེ་ཙ་ན་སྐལ་བཟང་བསྟན་འཛིན་རྒྱ་མཚོ་ཁོང་བཅས་གཟི་འདུམ་བྱེད་དུ་ཕེབས་པར་ཁོང་གི་བཀའ་ལྟར་ལེགས་གྲུབ་བྱུང༌།ཁོང་སོ་མང་རྒྱལ་བོའི་རུས་རྒྱུད་མཁས་ཤིང་མཛངས་པ་ཡིན་ཕྱིར་པཎ་ཆེན་རིན་པོ་ཆེས་སྐུ་དྲག་ཅིག་གི་ཐོབ་གནང༌།ཐུན་མོང་སྣང་ཚོད་ལ་སྔོན་ཞིག་ནས་བཅོས་དཀའ་བའི་ནད་ཀྱིས་ཟིན་པས་སྐུ་དངོས་ཀྱི་གདུལ་བྱ་ཡོངས་སུ་རྫོགས་པའི་ཚུལ་བསྟན་དེ་དགུང་གྲངས་རེ་བཞི་བཞེས་པ་རབ་རྒྱལ་ཆུ་འབྲུག་སྤྱི་ལོ༡༩༥༢ལོར་སེང་གེ་ཉལ་སྟབས་ཀྱི་རྣམ་པས་རང་དགོན་ཨེ་ཝ་བདེ་ལྡན་གླིང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་མཛད་པ་མངོན་དུ་བྱས།

སྐུ་འཕྲེང་དགུ་བ་སྙིགས་དུ་བསྟན་པའི་གསལ་བྱེད་༧རྗེ་ཙ་ན་འཇམདབྱངས་ཐུབ་བསྟན་རྒྱ་མཚོ་ནི།ཟངས་དཀར་སྟོད་མའི་དགེ་སྐྱིད་ཚང་གི་རིགས་རུས་གཙང་བའི་ཡབ་འཇམ་དབྱངས་དང་ཡུམ་ཚེ་ལྷ་གཉིས་ཀྱི་སྲས་སུ་སྤྲུལ་བའི་རོལ་གར་བསྒྱུར་བ་ལགས་ཤིང༌།ལྷུམས་སུ་ཞུགས་པ་ནས་བཟུང་ཡབ་ཡུམ་གཉིས་དང་རི་སྐོར་སོགས་ལ་ངོ་མཚར་མཐོང་སྣང་དང་རྨི་ལྟས་བཟང་བོ་བྱུང༌།སྤྱི་ལོ་༡༩༨༢ལོ་སྟེ་རབ་བྱུང་བཅུ་བདུན་པའི་དཔོ་ཟླའི་ཚེས་བཅུ་གསུམ་ཉིན་གྱི་ཐོ་རེངས་སྟག་གི་སྔ་ཆར་སྐུ་བལྟམསཁེ་ཚང་སྤྲུལ་སྐུ་བློ་བཟང་དཀོན་མཆོག་ཚུལ་ཁྲིམས་ཚང་གིས་སེང་གདོང་སྐྱབས་ཞེས་མཚན་གསོལ།དགུང་གྲངས་བཅུ་གཅིག་ཐོག་འདུལ་འཛིན་ཆེན་པོ་འཇམ་དབྱངས་བཀྲ་ཤིས་ཚང་གི་ཞལ་སྔར་རབ་དུ་བྱུང་བས་མཚན་ལ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ་དཔལ་ལྡན་སྨྲ་བའི་སེང་གེ་གླིང་གི་ཆོས་གྲྭར་ཞུགས།གུང་གྲངས་བཅུ་གསུམ་སྟེང་འཇམ་དབྱངས་བླ་མ་༧རྗེ་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་གིས་ཙ་ན་སྐུ་གོང་མའི་ཡང་སྤྲུལ་དུ་ཐུགས་ཐག་བཅད་པ་ནི།ཤཱཀྱའི་དགེ་སྤྱོང་གུང་ཐང་བསྟན་པའི་དབང་ཕྱུག་ཏུ་འབོད་པས།སྐྱབས་རྗེ་རྡོ་རྗེ་འཆང་རྗེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་སྐུ་གདུང་རིན་པོ་ཆེའི་མདུན་ནས་བླ་མ་མཆོག་གསུམ་ལ་གསོལ་བ་བཏབ།རྟེན་འབྱུང་བསླུ་བ་མེད་པའི་བདེན་པ་བརྡར་ནས་བརྟགས་པ་བགྱིས་འབྲས།བསྟན་པའི་གསལ་བྱེད་ཙ་ན་སྤྲུལ་བའི་སྐུའི་ཡང་སྲིད།ཟངས་དཀར་མའི་ཕ་འཇམ་དབྱངས་དང་མ་ཚེ་ལྷ་གཉིས་ཀྱི་སྲས་འཇམ་དབྱངས་ཐུབ་བསྟན་འདི་བ་ངོས་འཛིན་བགྱིས་པ་ཡིན།སྤྲུལ་བའི་སྐུ་ཉིད་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་བའི་སྨན་འདུན་བགྱིས་ངོས།རབ་གནས་ཤིང་ཁྱི་ལོའི་ཧོར་ཟླ་༨པའི་ཚེས་༡ལ་དཔལ་ལྡན་སྨྲ་སེང་གླིང་ནས་བྲིས།ཞེས་པ་དང་

ཁོང་གིས་ཞབས་བརྟན་གསོལ་འདེབས་ལྗགས་རྩོམ་གནང་ནི།དགུང་གྲངས་བཅུ་བཞིའི་སྟེང་རབ་བྱུང་བཅུ་བདུན་པའི་ཐ་སྐར་ཟླ་བའི་ལྷ་བབས་དུས་ཆེན་ཉིན་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་ཀྱི་པད་མོ་ལེགས་པར་བཀོད་ནས་ཁྲི་འདོན་རྒྱས་པར་བྱས།སྤྱི་ལོར༢༠༠༤ལོའི་སྤྱི་ཟླ་༡བོར་སྐུ་སྔོན་མའི་ཐུགས་སྨོན་ལྟར་གདུལ་བྱ་དང་གདུལ་བྱའི་ཆེད་དུ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། ཨ་མཆོག་པཎྚིཏ་བློ་བཟང་ཐུབ་བསྟན་མཁྱེན་རབ་རྒྱ་མཚོ་མཆོག་གིས་ཐུགས་བཀོད་ལྟར་ཐོགས་མར་༧གོང་ས་བཅུ་བཞི་བ་མཆོག་ལ་མཇལ་ཞིང་དགའ་ལྡན་དགོན་གྱི་གྲྭ་སར་བཞུགས། ལོ་དེའི་སྤྱི་ཟླ་བཅུ་གཉིས་པར་༧གོང་ས་བཅུ་བཞི་བ་ཆེན་མོ་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་བཞེས།།

བཞི་བ་གྲུབ་པའིདབང་ཕྱུག་༧རྗེ་དབལ་ཤུལ་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར།

སྐུ་འཕྲེང་དང་བོ་དང་གཉིས་པ།སྔོན་གྱི་ཚེ་ཡུལ་འདིའི་སྨྱུག་ཐོག་པ་དག་གིས་དེ་ཙམ་དོ་སྣང་མ་བྱས་པ་དང༌།དུས་འགྱུར་གྱི་དར་རྒུད་མང་བ།རྒན་བགྲེས་ཕལ་ཆེར་འཇིག་རྟེན་གཞན་ཡུལ་དུ་ཆས་ཟིན་པ་སོགས་ཀྱིས་སྐུ་འཕྲེང་སྔ་མ་གཉིས་ཀྱི་མཛད་རྣམ་དང་འཁྲུངས་འདས་སོགས་ཞིབ་རྒྱས་ཤིག་མ་རྙེད་མོད།དབལ་ཤུལ་ཚང་ནི།སྔར་དཔལ་ཤུལ་བླ་རྒན་ཞེས་སྔགས་བླ་ནུས་ལྡན་ཞིག་ཡོད་པ་དེ་དང༌།ཁོང་གི་སྤྲུལ་སྐུ་དབལ་ཤུལ་དཀོན་མཆོག་ཡར་འཕེལ་གྱི་སྐུ་རིང་ནས་བཟུང་ཁང་དམར་རྙིང་བར་ནང་ཆེན་བསྐྲུན་ཏེ་སྐུ་ཚེ་གང་བོར་དགོན་འདིར་གཟིགས་སྐྱོང་མཛད།

ལ་ཤུལ་སྐུ་འཕྲེང་གསུམ་པ་རྗེ་བློ་བཟང་བསྟནའཛིན་རྒྱ་མཚོ་མཆོག་ནི་ཟངས་དཀར་བར་མའི་ཡུམ་འབྲོང་ཟ་པདྨ་སྒྲོན་དང་ཡབ་ཟངས་དཀར་སྟོད་ཀྱི་དཔོན་བཀྲ་ཁྱོམ་ཚེ་རིང་བསམ་འགྲུབ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཤིང་ཁྱི་སྤྱི་ལོ་༡༩༠༤ལོའི་སྐུ་བསྟམས།ཁང་དམར་དགོན་གྱི་གྲྭ་སར་ཞུགས་དགུང་ལོ་བཅུ་གཅིག་པར་ཀུན་མཁྱེན་སྐུ་འཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལམཆོག་གིས་ལ་ཤུལ་སྐུ་འཕྲེང་གསུམ་པར་ངོས་འཛིན་མཛད།དགུང་ལོ་བཅུ་གསུམ་སྟེང་ཁང་དམར་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་ཀྱི་ཁྲི་ལ་མངའ་གསོལ་དེ་ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེར་བསྟར།ཕྱི་སུ་ཁོང་ཆོས་སྡེ་ཆེན་པོ་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ལ་གྲྭ་སར་ཕེབས།མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་མང་བོའི་མདུན་ནས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པར་གསན་སྦྱོང་གནང༌།དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་ལྷ་མོའི་ཚུལ་ཁྲིམས་ཚང་སོགས་ཀྱི་མདུན་ནས་དབང་ལུང་མན་ངག་མདོ་རྒྱུད་རིག་གནས་ཀྱི་དཔེ་ཁྲིད་ཞུས།ས་ཁྱི་སྤྱི་ལོར༡༩༥༨ལོར་རིག་གསར་འདྲེ་རླུང་གི་བཙན་ཤུགས་དྲག་པོའི་ཀློང་ནས་བཟོད་པར་དཀའ་བའི་སྡུག་བསྔལ་མྱང༌།ས་ཕག་ལོ་ནས་རྒྱལ་ཁྲིམས་ཀྱིས་བཟོད་དཀའ་བའི་མནར་གཅོད་འོག་མི་ལོ་བཞིར་བསྡད།ཆུ་སྟག་ལོ་ནས་རྙིང་བཞི་མགོ་འདྲེན་གྱི་ཞྭ་ནག་འོག་གཅར་རྡུང་གི་དྲག་ཆར་མང་དུ་བབས།དབུའི་སྟེང་ལ་ཚགས་པར་བཞག་སྟེ་ཐོག་ཏུ་སྣུམ་བླུགས་ནས་མེ་ལ་བསྲེགས་ཀྱང་གནོད་ཅི་ཡང་མ་བྱུང་བ་སོགས་ཡ་མཚན་གྱི་རྟགས་མང་དུ་བསྟན་དེ་ལྟར་རིག་གནས་གསར་བརྗེ་ཞེས་པའི་གོད་ཆག་ནག་པོའི་ཁྲོད་སྐུ་ཚེ་ལ་བར་ཆད་ཀྱི་ཉེན་ཁ་ཇི་ལྟར་བྱུངཡང༌།༡༩༨༢གདུལ་བྱའི་བསོད་ནམས་ཀྱི་འབྲས་པུ་དམན་ཕྱིར་དཔྱིད་ཀར་སྐུ་བསྙུང་བཞེས།དགུང་གྲངས་དོན་དགུ་བའི་དབྱར་ཟླ་འབྲིང་བོའི་ནང་སྒར་ཁྱིམ་ནས་གཟིམས་ཁྲིའི་ཐ་མར་ཞབས་དཀྱིལ་དཀྲུང་གིས་བཞུགས་ཏེ་སྐུ་ལུས་རགས་པའི་ཟ་མ་ཏོག་ཞིང་འདིར་བོར་ཏོ།།

ཇི་ལྟར་ཕྱག་འདེབས་མཛད་པ་དང་སླར་གསོ་སྔ་ཕྱིར་གནང་ཚུལ་ལ་ལྔ་ལས།

༡མཁན་ཆེན་ངག་དབང་གྲགས་པས་ཇིལྟར་ཕྱག་འདེབས་མཛད་ཚུལ་ནི། དེ་ལ་ཡང་ལྷོ་ཕྱོགས་རྒྱལ་མོ་ཚ་བ་རོང་གི་ཆར་གཏོགས་པའི་སར་༧རྗེ་མཁན་ཆེན་ངག་དབང་གྲགས་པ་མཆོག་ཕྱག་ཕེབས་པར།ས་སྐྱོང་མི་ཡི་དབང་བོ་ཀུན་དགའ་རིན་ཆེན་བློན་ཚོགས་འཁོར་དང་བཅས་པས་རང་ཡུལ་ལ་དགོན་པ་ཞིག་འདེབས་དགོས་ཞེས་ཞུས་ཤིང༌།ཁོང་རིན་པོ་ཆེའི་ཡང་ཐུགས་བསྐྱེད་ཟབ་མོ་དུས་སུ་སྨིན་ཏེ་གནས་ཕུན་སུམ་ཚོགས་པ་འབྲུག་བཞིའི་གདོང་དུ་གྲགས་པ་ཡིད་སྨོན་དགའ་ཚལ་བཅོས་མིན་རང་བྱུང་གིས་གྲུབ་པའི་གནས་དེར་རབ་བྱུང་བདུན་པའི་ས་སྟག་སྟེ་སྤྱི་ལོ་༡༣༩༨ལོར་ཚེ་བརྟན་གླིང་ཞེས་པའི་ཞྭ་སེར་གྱི་དགོན་སྡེ་ཆུང་ལ་ཁྲིམས་གཙང་བ་ཞིག་ཕྱག་འདེབས་མཛད།རྒྱལ་བོའི་ཆབ་འོག་གི་འབྲོག་སྡེ་ཟངས་དཀར་དང་རོང་སྡེ་མཁར་སྒོ་མཁར་ནག་སོ་མང་སོགས་ནས་དགེ་ཚུལ་སློང་ཉུང་ཙམ་ཚོགས།ས་སྐྱོང་མི་ཡི་དབང་བོ་ཀུན་དགའ་རིན་ཆེན་གྱིས་སྦྱིན་བདག་བྱས།རྟེན་ཁྲོད་དུ་མགོན་པོ་ཕྱག་དྲུག་པའི་འཇིམ་སྐུ་བཞེངས་ཏེ།རྗེ་ཙོང་ཁ་བའི་ཕྱག་འཕྲེང་དང་སློབ་དཔོན་མི་རྟའི་བཅུ་ཚར།དུར་ཁྲོད་བསིལ་བའི་ཚལ་གྱི་ཙན་དན་ཡལ་ག་སོགས་དང་རང་བསྲེལ་བཞིས་གཙོས་གཟུངས་འབུལ་བྱས་ཤིང༌།༧རྗེ་ངག་དབང་གྲགས་པ་མཆོག་དང་དཔལ་ལྡན་བླ་མ་དམ་པ་རོང་བོ་ལྗགས་ནག་པ་རྣམ་གཉིས་ཀྱིས་རབ་གནས་མཛད།དབུས་གཙང་ཕྱོགས་སུ་སློབ་གཉེར་ལ་ཕེབས་ཏེ་མཁས་པའི་གྲགས་སྙན་ཆེས་ཆེར་རྒྱས་པའི་སྐུ་ཕྱོགས་མཁྱེན་རྩེ་ཚང་སོགས་རྙིང་ཕྱོགས་ཀྱི་བླ་སྤྲུལ་དང་གྲུབ་དབང་སོགས་སོ་མང་རྒྱལ་བོའི་མངའ་འོག་ཏུ་གཏོགས་པ་མང་བོ་ཞིགཀྱང་གདན་ས་འདིར་འཛོམས་ཏེ་སྒྲུབ་པ་ཉམས་ལེན་བྱས།ཡུལ་དེའི་རྒྱལ་འབངས་རྣམས་ཀྱིས་ཀྱང་མཆོད་སྤྲིན་རྒྱ་ཆེན་པོ་བསྟར།ལྷ་ཁང་དམར་བོའི་ནང་ནས་འཚོགས་དགོས་པས།ཡུལ་མི་ཚོས་ཁང་དམར་བ་ཟེར།རིམ་བཞིན་གྲྭ་བ་ཇེ་མང་དུ་སོང༌།༧རྗེ་མཁན་ཆེན་ངག་དབང་གྲགས་པས་ཆོས་སྡེ་འདི་ཉིད་ཕྱག་བཏབས་པ་ནས་གསང་སྔགས་རྒྱུད་སྡེ་ལ་མངའ་བརྙེས་པའི་མཁས་གྲུབ་མང་བོས་རྒྱུད་སྡེ་སོ་སོའི་དབང་དང་བསྐྱེད་རྫོགས་ཀྱི་ཁྲིད་སོགས་མཐའ་ཡས་པའི་སྒོ་ནས་གདུལ་བྱ་དུ་མ་ཐེག་ཆེན་རིགས་ཅན་དུ་བསྒྲུབ་ཤིང་རྒྱལ་བསྟན་རིན་པོ་ཆེ་དར་བར་མཛད་ཀྱང༌།རབ་བྱུང་བཅུ་གཅིག་པའི་ནང་ཙམ་ལ་དུས་འཁྲུགས་ཆེན་པོ་བྱུང་སྟེ་དགོན་པའི་ཐོག་མའམ་ཆེས་སྔ་ཤོས་དེ་རེ་ཞིག་འཇིག་པར་སེམས་སོ།།རང་རང་ཁེ་ཕན་རྩོད་པའི་རྒྱལ་ཕྲན་འགས།།དྲག་པོ་དམག་གི་རི་དཔུང་གདོང་གཏུགས་པས།།འགྲོ་བའི་མཆོད་སྟོང་ཚེ་བརྟན་གླིང་བ་ཡང༌།།རྨེག་མེད་བཅོམ་པའི་ལས་དེར་ཇི་འདྲའི་འགྱོད།།

རྗེ་རམས་འབྱམས་པ་དགེ་འདུན་གྲགས་པས་གནས་གཞིར་ཇི་ལྟར་ཕྱག་འདེབས་མཛད་ཚུལ།

རབ་བྱུང་བཅུ་གཉིས་པའི་ལྕགས་མོ་གླང་གི་སྤྱི་ལོ་༡༧༢༡ཁྱོམ་ཚ་རབ་འབྱམས་པ་དགེ་འདུན་གྲགས་པ་བླ་སློབ་འཁོར་བཅས་ས་སྐྱོང་མི་ཡི་དབང་བོ་ཤཱཀྱའི་རྒྱལ་མཚན་གྱིས་གདན་ཞུས་ལྟར་ཚེ་བརྟན་གླིང་དུ་འབྱོརརྒྱལ་བོས་ཀྱང་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད་དེ་དགོན་གནས་ལ་བཀའ་གྲོས་བྱས་མཐར་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་༡༧༢༣ལོར་འབྲོང་ལུང་གཡུ་ཐང་ཞེས་པར་དགོན་པ་འདེབས་རྩིས་བྱས།ཁོང་གིས་ཞྭ་སེར་གྱི་བསྟན་པ་ཡུན་རིང་དུ་དར་བའི་ཐུགས་སྨོན་དངཁྱད་པར་དུ་ཡང་རྗེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གི་བཀའ་བཞིན་གཞི་གསུམ་རྣམ་པར་དག་པའི་དགོན་གནས་ཞིག་འདེབས་པ་ལ་ཐུགས་བསྐྱེད་མཛད།ལྷ་ཁང་སུམ་ཐོག་གསར་དུ་བཞེངས།བཤད་སྒྲུབ་དར་རྒྱས་གླིང་ཞེས་མཚན་གསོལ། ་སོ་མང་རྒྱལ་བོས་དགོན་སྡེ་འདིས་ཆོས་ཁྲིམས་ཀྱི་བྱ་བ་ལ་དོ་དམ་མཛད་དེ་ལོ་རེ་བཞིན་རྒྱུགས་ཆེ་ཆུང་འདོན་རྟ་དབྱངས་སོགས་རིམ་བཞིན་ལེན་པའི་སྲོལ་ཡོད། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་སྐུ་རྗེ་འཇིགས་མེད་རིགས་པའི་སེང་གེས་གནང་བའི་མགོན་པོ་ཕྱག་དྲུག་པའི་སྐུ་བརྙན་སོགས་རྟེན་ཁྲོད་དུ་བཞུགས་ལ།བསྟན་འཛིན་སྐྱེས་བུ་དུ་མས་བྱིན་རླབས་ཀྱི་རྒྱུད་པ་བར་མ་ཆད་པ་དགོན་འདིར་དར་ཞིང་རྒྱས་པ་བྱུང་ངོ།འདུ་ཁང་དང་མགོན་ཁང༌།དམ་ཅན་ལྷ་ཁང༌།རྟ་མགྲིན་ལྷ་ཁང༌།ཆོས་དཔར་ཁང༌།ནང་ཆེན་གསུམ་སོགས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་མང་བོ་བསོད་ནམས་ཀྱི་ཞིང་ས་ཆེན་པོར་གྱུར་ཀྱང༌།ཆེར་སྙིགས་ལྔ་བདོའི་རང་མཚང་མངོན་དུ་གྱུར་ཏེ།སྤྱི་ལོ་༡༩༣༥ལོར་དམར་དམག་རྒྱང་བསྐྱོད་བྱེད་སྐབས་དགོན་པའི་རྟེན་དང་བརྟེན་པ་ལྷག་ལུས་མེད་པར་མེ་ལ་སྒྲོན་ཏེ་མིང་གི་ལྷག་མ་ཙམ་དུ་བཏང་ངོ༌།

ཀུན་མཁྱེན་རིན་པོ་ཆེས་བཀའ་ཤོག་ཅིག་ཀྱང་གནང༌།དེ་དུས་གནང་བའི་བཀའ་ཤོག་དངོས་ནི།༄༅།།གོང་མ་ཧུང་ཐའི་ལུང་གི་བཀས་བསྟན་པ་འཛིན་ཅིང་སྐྱོང་བའི་ཨེ་ཏི་ནི་ནོ་མེས་ཧན་དུ་འབོད་པའི་གཏམ།རྒྱ་སོག་བོད་གསུམ་གྱི་སེར་སྐྱ་དྲག་གཞན་གྱི་དགོངས་ཞིང་ངེས་རྒྱུར།ངེད་ཀྱི་སློབ་མ་ཁྱོམ་ཚ་རབས་འབྱམས་པ་དགེ་འདུན་གྲགས་པ་ཟེར་བ་འདི་བར་འཁོར་བཅས་ལ་ཁྱོད་དྲག་ཞན་སུས་ཀྱང་ཨཱ་ལ་ཤུ་སུ་གནོད་འགལ་ལོག་པར་འགྲོ་བའི་རིགས་སྤུ་ཙམ་ཡང་གཏན་ནས་མ་བྱེད།བདེ་བར་སྡོད་ཆུག

ལྕགས་བྱི་ཟླ་ཚེས་ལ་དགའ་ལྡན་བཤད་སྒྲུབ་དམ་ཆོས་བཀྲ་ཤིས་འཁྱིལ་ནས་བྲིས།ཞེས་པའོ།

གསུམ།མཁས་ཤིང་གྲུབ་པ་རྗེ་ཙན་སྐལ་བཟང་བསྟན་འཛིན་རྒྱམཚོས་ལུགས་གཉིས་ཀྱིས་ཇི་ལྟར་བསྐྱངས་ཚུལ།

བཟོད་མེད་དུས་འགྱུར་གྱི་མུན་པ་ནག་པོས་གཡོག་སྟེ་དམག་འཁྲུག་གི་རྐྱེན་གྱིས་ཁང་དམར་དགོན་གྱི་བླ་གྲྭ་ཡོངས་གནས་གཞི་དེར་འཁོར་ས་མེད་པར་གྱུར་བའི་ཆག་འཇིག་ཐེངས་གཉིས་པ་བྱུང་རྗེས།སྤྱི་ལོར༡༩༣༧ལོ་ སྐྱབས་རྗེ་༧ཙ་ན་རིན་པོ་ཆེ་ལ་ནན་གྱིས་ཞུས་པར་ཞལ་བཞེས་གནང་སྟེ་ཁོང་གི་རི་ཁྲོད་དགོན་པའི་གནས་གཞི་གསར་དུ་བཙུགས།ཁྱད་པར་དགོན་འདིར་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གྱི་ཡོངས་འཛིན་༧རྗེ་བཙུན་བསང་ཁོག་འཇིགས་མེད་རྒྱ་མཚོ་གདན་དྲངས་ནས་དབང་ལུང་མན་ངག་སོགས་ཀྱིས་ཚིམས་པར་མཛད།ཁོང་རྣམ་གཉིས་ཀྱིས་ཐུགས་གྲོས་རྒྱས་པར་གནང་སྟེ་དགོན་འདིར་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་གསར་འཛུགས་བྱེད་པར་ཐུགས་ཐག་བཅད།རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་སྟེ་སྤྱི་ལོར་༡༩༤༤ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུས་འཁོར་གྲྭ་ཚང་གི་དུས་འཁོར་རྣལ་འབྱོར་བ་དབུ་ཟུར་༧རྗེ་བློ་གྲོས་རྒྱ་མཚོ་གདན་ཞུས་ལྟར་བཀའ་མངགས་གནང་སྟེ།དགོན་འདིར་ཕེབས་ནསདཔལ་དུས་ཀྱི་འཁོར་ལོའི་ཆོ་གའི་ངག་འདོན།དབྱངས་རྟ་འདུར།ཐིག་རྡུལ་ཚོན།ས་གར་མཆོད་གར།སྦྱིན་སྲེག་ཚོགས་འཁོར།ཀླུ་ཆོག་སྐྱོར་སྦྱང༌།གཏོར་མའི་བཅའ་བཟོ།ཇ་མཚམས་ཀྱི་འདོན་པ།འབུད་རྡུང་དཀྲོལ་གསུམ་སོགས་ཨེ་ཝ་ཆོས་འཁོར་གླིང་གི་མཐོང་བ་བརྒྱུད་པའི་ཕྱག་བཞེས་མཐའ་དག་ཆ་ཕྲ་མོ་ཙམ་ཡང་ཉམས་པ་མེད་པར་ལེགས་པར་བསླབས་ཏེ།སྐབས་དེར་སྐྱབས་རྗེ་ཙ་ན་མཆོག་གི་དུས་འཁོར་སྒྲུབ་མཆོད་ཀྱི་བཅའ་ཡིག་གསུངས།རབ་བྱུང་བཅུ་དྲུག་པའི་མེ་ཁྱི་སྟེ་སྤྱི་ལོ་༡༩༤༦ལོར་ཀུན་མཁྱེན་སྐུ་འཕྲེང་ལྔ་བ་༧རྗེ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དགོན་འདིར་གདན་དྲངས།རྗེ་ཙ་ན་སྤྲུལ་བའི་སྐུས་ཁོང་ལ་དགོན་འགོ་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ཏེ་དགོན་སྡེ་འདི་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཨང་བཅུ་གསུམ་པའི་གྲངས་སུ་བསྒྲིགས་པ་ཡིན་ཞེས་བཀའ་ཤོག་གནང་བ་ནི།

༄༅།།འཕགས་ནོར་རིན་ཆེན་བདུན་གྱིས་ཐུགས་རྒྱུད་མཛོད་དུ་གཏམས་པ་ཁང་དམར་དགོན་གྱི་འདུས་ཚོགས་གདན་འཛོམས་པར།དེ་ཡང་ཚངས་སྤྱོད་དཔལ་གྱི་དུམ་བུ་རིམ་གཉིས་རྣལ་འབྱོར་ཟབ་མོའི་ལོ་འབྲས་ཀྱིས་ཡོངས་སུ་དཀྲིགས་པའི་དགེ་མཚན་ལྷོ་ལྗོངས་འཛིན་མའི་རྒྱན་གཅིག་ཏུ་ཆེ་བ་ཡིད་སྤྲོའི་གསོས་སུ་ཆེ།འདིར་ཤཱཀྱའི་དགེ་སྤྱོང་ཡང་འདུ་བ་སྙོམས་ཤིང་བསྟན་འགྲོའི་དགེ་ལེགས་སྤེལ་བའི་འདུན་པ་དགའ་བར་མཆིས།ཉེ་བའི་ཆར།བསྟན་པའི་གསལ་བྱེད་དམ་པ་ཙ་ན་སྤྲུལ་བའི་སྐུ་ནས་ངོས་ལ་ཁྱེད་ཅག་གི་དགོན་འགོ་ཕུལ་གྲུབ་དགོངས་གསལ་དེ་ལྟར།འདི་ནས་ཀྱང་རིང་མིན་ཆོས་ཁྲིམས་ཀྱི་སྐོར་ལ་ཚགས་སོགས་བལྟ་རོགས་རིམ་འབྲེལ་བརྒྱུད་ཆོག་དང༌།སླད་མའི་ཆར།ཁྱེད་དགེ་འདུན་པ་རྣམས་ཐུགས་མཐུན་ཁྲིམས་གཙང་གི་ངོས་བཤད་སྒྲུབ་འཁོར་གསུམ་གྱིས་འཇུག་པ་རླབས་པོ་ཆེར་གཞོལ་བའི་ཐུགས་བརྩོན་ལྷོད་མེད་ཀྱིས་ཁུལ་དེས་བསྟན་བའི་མཛེས་རྒྱན་དུ་འགྱུར་ངེས་ཞིག་དགོངས་འཇགས།ངོས་ཀྱང་དེ་བཞིན་འོང་བའི་སྐྱབས་དམིགས་བགྱིད་ལྷ་དར་བཅས་ཟླ་༡༡པའི་

ཚེས༡༣དགེ་བ་ལ།

ཞེས་ཐམ་འབྱར་ལྷ་དར་བཅས་གནང་བ་དང་དགོན་པའི་འཆད་ཉན་ལ་ཐུགས་བཀོད་གང་མང་མཛད།དགོན་འདིའི་སྤྲུལ་སྐུ་ཁ་གྱ་ཚང་དང་རིན་སྤྲུལ་མགར་སྤྲུལ་སོགས་ངོས་འཛིན་གནང༌།ལྷ་ཁང་དང་འདུ་ཁང་མང་བོ་གསར་བཞེངས་དང་རྒྱ་བསྐྱེད་བླ་ན་མེད་པ་བྱས་སོ།བསླུ་མེད་མཆོག་གསུམ་དམ་པའི་བྱིན་མཐུ་དང་༧རྗེ་ཙ་ན་སྐལ་བཟང་བསྟན་འཛིན་རྒྱ་མཚོའི་ཐུགས་བསྐྱེད།གདན་རབས་རིམ་བྱོན་དང་གདན་ས་རང་གི་ངེས་དོན་མཁས་པའི་དབང་ཕྱུག་དུ་མས་རྗེས་སུ་བཟུང་ཞིང་བརྩེ་བས་བསྐྱངས་ཕྱིར་ཆོས་སྡེ་ཆེན་པོ་ཁང་དམར་དགོན་ཨེ་ཝཾ་བདེ་ལྡན་གླིང་ཞེས་དགེ་ལྡན་རང་ལུགས་དྲི་མ་མེད་པ་འཛིན་ཅིང་སྐྱོང་པར་བྱེད་པའི་འདུས་སྡེ་འདི་འཕེལ་རྒྱས་དགའ་རབ་བྱུང་སྟེ་དགེ་འདུན་པ་བརྒྱ་ཕྲག་གཉིས་ལྷག་གིས་ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བར་མཛད་ཅིང་འདུ་ཁང་དང་ལྷ་ཁང༌།སྐུ་གསུང་ཐུགས་རྟེན་སོགས་ཕྱོགས་ཀུན་ནས་དབྱར་གྱི་ཆུ་གཏེར་བཞིན་འཕེལ་རྒྱས་བླ་ན་མེད་པ་བྱུང་ཡང༌།སེམས་ཅན་སྤྱི་མཐུན་གྱི་ལས་དབང་སྣུམ་ཟད་ཀྱི་མར་མེ་དང་དམར་ཕྱོགས་ཟླ་བའི་རྗེས་སུ་བསྙེགས་པས་ས་ཁྱི་སྟེ་སྤྱི་ལོ༡༩༥༨ལོར་བོད་ཁམས་ཀྱི་དགོན་སྡེ་ཡོངས་སུ་དམངས་གཙོ་བཅོསབསྒྱུར་ཞེས་སྔར་གྱི་ཆོས་སྲིད་ལམ་ལུགས་གཞི་ནས་བཅོས་ཏེ་ཡོངས་སུ་གསར་བར་བསྒྱུར་ནས་བསྟན་པ་བསྟན་འཛིན་སྦྱིན་བདག་དང་བཅས་པ་ལ་ཉམས་འགྲིབ་ཆེན་པོ་བྱུང༌། བོད་ཟླ་བརྒྱད་པའི་ཚེས་འགོ་ནས་བཟུང་འཚོགས་འདུ་གང་མང་བསྡུས་ཏེ་དགེ་བསྐུལ་ཟུར་བ་ནག་ཤུལ་སྨོན་ལམ་ལ་བྱ་བ་མང་བོ་ཞིག་ནག་ཉེས་སུ་བགྲངས་ཏེ་ཐེར་འདོན་དང་ངོ་རྒོལ་བྱས་རྗེས་བཟོད་དཀའ་བའི་གཅར་རྡུང་ཀློང་ནས་ཚེ་ལས་འདས་ཤིང༌། གཞན་གྲྭ་རྒན་སོགས་ལ་གཅར་རྡུང་དྲག་པོ་དང་བཅས་ཁྲིམས་ཁང་དུ་བཙན་གྱིས་དེད།ལྷག་མའི་གྲྭ་བ་ལོ་ཆུང་དག་ཁུལ་ཐོག་ཏུ་སློབ་གྲྭར་ཁྲིད་ཅིང༌།འགའ་རེར་ཉེ་འཁོར་གྱི་དགོན་སྡེ་ལ་སློབ་གསོ་གཏོང་བ་བོར་བཙན་གྱིས་ཁྲིད།བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་གྲྭ་བ་ཕལ་ཆེར་གྲོང་ནང་དུ་ཕབས།འོན་ཀྱང་དགོན་ནང་དུ་ལྷ་ཁང་དོ་དམ་བྱེད་པར་གྲྭ་རྒན་ཉུང་ཤས་རང་སོར་བཞགསྤྱི་ལོ་༡༩༦༠ལོའི་དགུན་ཁར་ཟངས་དཀར་ཁག་གསུམ་དང་ཟངས་དཀར་ཕྱུགས་ར་ཁང་བཅས་དགོན་ནང་དུ་ཕབས་ཏེམགོན་ཁང་དང་ལྷ་ཁང་སོ་སོ།ནང་ཆེན།འཁོར་ཁང་སོགས་ཡོད་ཚད་བཤིགས་ཤིང་རྗེ་ཙ་ན་རིན་པོ་ཆེའི་སྐུ་གདུང་མཐོང་བ་རང་གྲོལ་དང་མཆོད་རྫས་རྩ་ཆེན་མང་བོ་རྒྱ་ནང་དང༌།སྐུ་གསུང་ཐུགས་རྟེན་བརྗོད་ཀྱིས་མི་ལང་བ་མང་བོ་ལུང་ཟི་ཆོས་(龙日坝ཀྱི་སྟེང་ལ་ཁྱེར།ལྷག་མ་རྣམས་མེར་སྲེག་པ་དང༌།ཆུ་ལ་བསྐུར་བ་སོགས་བྱས་ཏེ་མིང་གི་ལྷག་མར་བཏང༌།ཐ་ན་ཁྲ་རྒྱན་དང་ནབ་བཟའ་སོགས་སྐྱེ་བོ་ཕལ་བའི་རྒྱན་ཆས་སུ་གྱུར་ཅིང་རྔ་སོགས་རོལ་ཆས་ཀྱང་ལས་བརྡ་གཏོང་བྱེད་ཙམ་ལས་མཁོ་མེད་དུ་གྱུར།དེ་ནས་བཟུང་དགོན་ནང་དུ་གྲོང་སྡེ་ཆགས་ཤིང་འདུ་ཁང་ཡང་ཐུན་མོང་ཉམསལས་ཁང་ཟེར་བའི་མཛོད་ཁང་བྱས།ཕྱིས་སུ་དལ་ཤུལ་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ།

ལྔ།ཆོས་སྒོ་ཕྱེས་ཏེ་༧རྗེ་དབལ་ཤུལ་བློ་བཟང་བསྟན་འཛིནརྒྱ་མཚོས་དྲིན་གྱིས་བསྐྱངས་ཚུལ།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྲིད་ཇུས་ཀྱིས་རིག་གནས་གསར་བརྗེ་ཟེར་བ་མཇུག་བསྒྲིལ་ཞིང་མི་རིགས་སྲིད་ཇུས་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་རྒྱལ་ཡོངས་ཀྱི་ཕྱོགས་སོ་སོའི་དགོན་སྡེ་རྣམས་ལ་ཆོས་སྒོ་ཕྱེ་འགོ་བརྩམསསྤྱི་ལོ་༡༩༨༠ལོར་ཁྱུང་མཆུ་རྫོང་ཆོས་ལུགས་ཚོགས་འདུ་ཐེངས་དང་བོའི་སྐབས་དགོན་འདིའི་ཆོས་སྒོ་བྱས།༧རྗེ་དབལ་ཤུལ་བློ་བཟང་བསྟན་འཛིན་རྒྱ་མཚོས་ཁུར་དུ་བཞེས་ཏེ་འདུ་ཁང་ཞིག་རལ་དུ་སོང་བ་བསྐྱར་བཞེངས་བྱེད་སྐབས་དུང་དཀར་བདུན་རྙེད་པས་ཨེ་ཝ་བདེ་ལྡན་གླིང་གི་ཆོས་དུང་དཀར་བོའི་སྒྲ་དེ་སླར་ཡང་ས་ཆེན་པོའི་ཁྱོན་དུ་སྒྲོག་པ་སོགས་ཀྱི་རྟེན་འབྲེལ་ལེགས་པར་འགྲིག  སྤྱི་ལོ་༡༩༨༡ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་འཚོགསལོ་དེའི་དཔྱིད་ཀར་༧རྗེ་དབལ་ཤུལ་སྤྲུལ་སྐུ་ཁོང་སྐུ་དངོས་ཀྱིས་འགོ་འཛིན་རྩེ་གཟིགས་གནང་ནས་འདུ་ཁང་ཞིག་གསོའི་འགོ་བརྩམས།དགོན་འདིའི་གྲྭ་བ་དང་ཟངས་དཀར་ཁག་གསུམ་གད་དམར་རུ་སྡེ་དང་མཁར་སྒོ་མཁར་ནག་ལྷ་སྡེ་སོ་སོས་རང་ནུས་གང་ལྕོག་གིས་འདུ་ཁང་ལེགས་འགྲུབ་ཆེད་འབད་པ་བྱས་ཤིང༌། ཁྱད་པར་དུ་༧རྗེ་དལ་ཤུལ་བློ་བཟང་བསྟན་འཛིན་རྒྱ་མཚོའི་བཀའ་དྲིན་དང༌གདན་ས་རང་གི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་རྗེ་ལ་བརྟེན་ནས་འདོན་རྟ་དབྱངས།ཐིག་རྡུལ་ཚོན།གཏོར་མ་བཅའ་བཟོ།མཆོད་པ་བཤམས་ལུགས་སོགས་སྔོན་བྱོན་དམ་པའི་ཇི་ལྟར་བཙུགས་པ་དེ་དག་ཉམས་པ་སོར་ཆུད་དུ་བཅུག་སྟེ།བཤད་སྒྲུབ་ཀྱི་སྡེ་ཆེན་པོ་འདུལ་འཛིན་ཀུར་གུམ་མེ་ཏོག་གི་ལྡུམ་རས་འཛིན་མའི་གཞི་ཁྱོན་ལི་ཁྲིའི་མདངས་ཀྱིས་བསྒྱུར་ཅིང་ཐུབ་པའི་དབང་བོ་འཁོར་དགྲ་བཅོམ་དང་བཅས་པ་གངས་ཅན་གྱི་ཡུལ་འདིར་དངོས་སུ་བྱོན་པ་ལྟ་བུ་མཛད་འཕྲིན་རྒྱས།ཀུན་མཁྱེན་སྐུ་འཕྲེང་དྲུག་པ་ཆེན་མོ་༧རྗེ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་ཕྱོགས་སོ་སོའི་སྐྱེས་ཆེན་དམ་པ་རབ་དང་རིམ་པར་ཕེབས་ཏེ་དགོན་འདིར་དབང་ལུང་ཁྲིད་གསུམ་གྱི་ཆོས་ཆར་རྒྱུན་མི་འཆད་དུ་ཕབས་ཤིང་རབ་གནས་དང་རྟེན་སྐལ་མང་དུ་གནང༌།མཆོག་སྤྲུལ་རྣམ་གཉིས་ཀྱི་ཞལ་ཟུང་ཟླ་བ་དཀར་བོ་དད་ལྡན་གདུལ་བྱའི་མགོན་དུ་ཤར་ཏེ་རང་གི་གདུལ་བྱར་གྱུར་བའི་ཁང་དམར་དགོན་དང་ཟངས་དཀར་ལྷ་སྡེ་ཡོངས་ལ་བརྩེ་བ་ཤུགས་དྲག་པོས་གཟིགས་ནས་དད་པའི་རྟེན་དུ་སྨན་ཁང་དང༌།མགོན་ཁང༌།ནང་ཆེན་སོགས་གསར་བཞེངས་དང་ཞིག་གསོ་མཛད་པས་ཁང་དམར་དགོན་ཨེ་ཝཾ་བདེ་ལྡན་གླིང་གི་ཆོས་དུང་དཀར་བོའི་སྒྲ་དབྱངས་ཕྱོགས་སུ་ལྡིར་ཞིང༌།སྲིད་ཀྱི་བ་དན་དཀར་བོ་རིང་དུ་བརྟན་པར་བྱས།འཁོར་ལོ་གསུམ་གྱི་བྱ་བ་རྣམས་དབྱར་གྱི་ཆུ་གཏེར་བཞིན་གོང་ནས་གོང་དུ་འཕེལ་དང་འཕེལ་བཞིན་པའོ།།འདི་ལྟར་ལོ་གཅིག་གི་ནང་དུ་ཆོ་ག་ཆེན་མོ་བདུན་གྱི་སྒྲུབ་མཆོད་གསུངས་པའི་དགོན་སྡེ་ཆེས་དཀོན་པར་མཐོང་ངོ༌།།བསླབ་ཁྲིམས་ཕྲ་རགས་པད་མའི་སྦུབས་ལྟར་གཙང༌།།དགེ་འདུན་ནང་ཁྲིམས་དཀྱིལ་འཁོར་ཐིག་བཞིན་ཞིབ།།མཚན་བཅས་མཚན་མེད་རིམ་གཉིས་རྣལ་འབྱོར་ལ།།མཆོག་ཏུ་བརྩོན་པའི་སྡེ་འདི་བསྟན་པའི་གསོས།།གཞི་གསུམ་ཉམས་ལེན་ཟབ་ཅིང་སྒྲུབ་ལ་བརྩོན།།གར་ཐིག་དབྱངས་དང་མཐོང་རྒྱུད་སྲོལ་བཟང་འཛིན།།དཀྱིལ་ཆོག་བདུན་གྱི་སྒྲུབ་མཆོད་མ་ཚང་མེད།།བས་མཐའི་ཚལ་ན་གསེར་གྱི་མཆོད་སྡོང་བཞིན།

ཁོར་ཡུག་སྲུང་སྐྱོབ་མདོ་ཙམ་འགོད་པ།

འདིར་ཁང་དམར་དགོན་ཨེ་ཝཾ་བདེ་ལྡན་གླིང་གི་མཛེས་ཤིང་ལྷུན་ཆགས་པའི་ཁོརཡུག་ལ་ཆག་འཇིགས་བྱུང་བ་མདོ་ཙམ་འགོད་པ་ལ།  ༡༩༩༨ལོར་རྫོང་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་འོག་ནགས་ལས་ཁང་གི་གཙོ་བདག་ཨ་མཆོག་ཧུ་ར་འགབ་མའི་རྗེས་མཐར་ཕྱིན་གྱིས་འགོ་གཙོ་བྱས་ནས་ཁང་དམར་དགོན་ཨེ་ཝཾ་བདེ་ལྡན་གླིང་གི་མཛེས་ཤིང་ལྷུན་ཆགས་པའི་རྒྱབ་རིའི་ནགས་ཚལ་གཅོད་འདྲེན་སྐབས་༧རྗེ་ཁྱོམ་ཚ་རིན་པོ་ཆེ་དང་དགོན་རུ་གྲོང་ཀུན་གྱིས་ཡར་ཞུ་དང་ཞུ་བ་ཡང་ཡང་ཐེན་ཀྱང་ཕན་ངོ་མ་ཤར་བར་མཐར་ཕྱིན་གྱིས་དབང་ཆ་ལ་བསྟེན་ནས་ནགས་ཚལ་གསུམ་ཆ་གཅིག་རྩ་མེད་དུ་བཏང༌།རྒྱུ་ལ་དགའ་པའི་དཔང་ཤེད་ཅན་མཐར་ཕྱིན་གྱིས་ཕྱིར་རྗེ་ཡིན། སྤྱི་ལོ་༡༩༩༥ལོར་གཏེར་ལས་ཚོང་ཁང་ཞིག་ས་འདིར་ཡོང་སྟེ་དགོན་པ་དང་རུ་སྡེ་སོགས་ལ་ཡར་ཞུ་ཙམ་ཡང་མེད་པར་ལོ་དུ་མ་ལ་གསེར་རྐོ་རྒྱུ་ཚོད་ལྟ་བྱས།དགོན་པས་བཀག་འགོག་བྱས་ཀྱང་རྒྱུ་ལ་དགའ་པའི་དཔང་ཤེད་ཅན་ཁ་ཅིག་གི་ལག་འོག་ཏུ་ཕམ་དགོས་བྱུང༌།སྤྱི་ལོ་༢༠༠༥ལོ་ནས་གཏེར་ལས་ཚོང་ཁང་དེའི་རྣམ་པ་རྒྱ་ཇེ་ཆེར་བྱས་ཏེ་རང་བྱུང་སྐྱེ་དངོས་ནགས་ཚལ་རྩི་ཤིང་སྣ་ཚོགས་དང་རྫ་རི་སྤང་རི་དང་དེ་ལ་གནས་པའི་འདབས་ཆགས་དང་རི་དྭགས་སོགས་ལ་རྫས་འགྱུར་དང་གདུག་རྩུབ་ཀྱི་བྱ་སྤྱོད་བཏང་སྟེ་དགོན་འདི་ལྟ་ཅི་ས་སྒང་འདིར་གནོད་ཚབས་ཆེན་པོ་བཏང༌།ཁྱད་པར་གྲྭ་བ་དག་གི་བཏུང་ཆུའི་ནང་དུ་དུག་རྫས་ཀྱིས་སྤག་པའི་རྐྱེན་གྱིས་གྲྭ་བ་རྣམས་ལ་རྒྱུན་ལྡན་མིན་པའི་ནད་རིགས་སྣ་ཚོགས་བྱུང༌།དགོན་འདིའི་གྲྭ་བ་རྣམས་ཀྱི་དོན་འདི་མི་ལེགས་པར་དགོངས་ཏེ་བྱ་སྤྱོད་འདི་འགོག་འགོ་བརྩམ་པ་ན།རྫོང་རིམ་པ་འཐད་པ་མ་བྱུང་པས་༢༠༠༧ལོའི་ཟླ་༨པའི་ནང་སྔ་གཞུག་ཏུ་འཚོགས་འདུ་ཆེ་ཆུང་མང་ཙམ་འཚོགས་ཀྱང་ཕན་འབྲས་མ་བྱུང༌།ལོ་དེའི་ཟླ་༩ཚེས་༨ཉིན་དགོན་པའི་དོ་དམ་ཁང་ནས་རང་རྫོང་གི་ལས་ཁུངས་སོ་སོར་གཏེར་ལས་འདི་སྔོན་འགོག་མ་བྱས་ཚེ་དགོན་འདིའི་གྲྭ་བ་དག་དགོན་ནང་དུ་མི་འདུག་པའི་ཡར་ཞུའི་ཡི་གེ་ཕུལ་ཀྱང་ཕན་པ་མ་བྱུང་བས།ཟླ་༩པའི་ཚེས་༡༠ཉིན་དགོན་འདིའི་གྲྭ་བ་རྣམས་ཀྱིས་ལྷ་ཁང་དང་གྲྭ་ཁང་ཡོངས་རྫོགས་ཀྱི་ལྡེ་མིག་གཏེར་ལས་ཚོང་ཁང་ལ་སྤྲད་དེ་དགོན་པ་དང་ཁ་བྲལ་ནས་སོ་སོའི་ཕ་ཡུལ་དུ་ལོག་དགོས་བྱུང༌།དེའི་ཚེ་ལྷ་སྡེ་ཤོག་ཁ་སོ་སོས་ངོ་རྒོལམཐའ་གཅིག་ཏུ་བྱས་པས་ས་གནས་ཀྱི་ཞིང་སྲིད་གཞུང་སོ་སོ་ནས་འཚོགས་འདུ་མང་ཙམ་འཚོགས་ཀྱང་ཕན་པ་མ་བྱུང༌།རྫོང་མི་དམངས་སྲིད་གཞུང་གིས་དགོན་པའི་ཐོ་ཁུངས་ནས་བསུབས་པའི་ཡིག་ཆ་སོགས་སྤྲད།ཟླ་༩པའི་ཚེས་༡༩ཉིན་དགོན་འདིའི་དགོན་བདག་སྐྱབས་རྗེ་མཆོག་སྤྲུལ་ཁྱོམ་ཚ་ཀླུ་སྒྲུབ་བསྟན་པའི་ཉི་མ་མཆོག་ཕེབས་ཏེ་རྫོང་མི་དམངས་སྲིད་གཞུང་དང་སྐྱ་སེར་ཀུན་ལ་གསུང་བཤད་ནན་ཏན་གནང་ནས་གོང་གི་ཐོ་ཁོངས་ནས་བསུབས་པའི་ཡིག་ཆ་དང༌།ད་དུང་དབང་ཤེད་ཀྱི་སྐད་ཆ་བརྗིད་པོ་རེ་འགའ་ཕམ་པར་མཛད་དེ་རྫོང་མི་དམངས་སྲིད་གཞུང་གིས་རྗེས་ཕྱོགས་དགོན་བདག་དང་དགོན་པ།ས་གནས་མང་ཚོགས་སོགས་འཐད་པ་མེད་ཚེ་གཏེར་ལས་འདི་མི་བྱེད་པའི་ཡིག་ཆ་སྦྱིནཟླ་༩པའི་ཚེས་༢༠ཉིན་གྲྭ་བ་དག་དགོན་འདིར་ལོག་ཐུབ་པ་བྱུང༌།དེ་ནས་བཟུང་ལོ་རེར་༧རྗེ་ཁྱོམ་ཚ་ཀླུ་སྒྲུབ་བསྟན་པའི་ཉི་མ་མཆོག་གིས་གསུང་ཇི་བཞིན་ནགས་འཛུགས་རྩ་སྐྱོང་གིས་སྔོན་གྱི་རི་ལུང་ཐང་གསུམ་ཞིག་རལ་དུ་གྱུར་བ་དག་མ་དངུལ་འབོར་ཆེན་བཏང་སྟེ་སླར་གསོ་བྱས།ཁྱད་པར་༢༠༡༠ལོའི་དཔྱིད་ཀར་རྒྱལ་ཁབ་ཆོས་ལུགས་ཅུས་དང་ཞིང་ཆེན་ཆོས་ལུགས་ཅུས་ལ་མཉམ་འབྲེལ་སྒོའི་སྲམ་ལུང་མདོར་གཙང་གཉིས་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབས་ས་ཁུལ་གྱི་རྡོ་རིང་བཙུགས་ཏེ་སྤྱི་ཟླ་༦པའི་ཚེས་༥ཉིན་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་ཆེན་དང་བསྟུན་ཏེ་རྡོརིང་གི་མཛད་སྒོ་སོགས་སྤེལ།

མགར་དྲ་བ་ལས་བཤུས།

བརྒྱུད་འགོད།