གནས་བཞི་དགོན་པའི་ལོ་རྒྱུས་མདོར་བསྡུས་བཞུགས་སོ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-11-25 07:36:46     རྩོམ་པ་པོ།   ཨར་མའི་སྨོན་ལམ།    ཀློག་ཐེངས།  

微信图片_20181125074210.jpg

༄༅།།ཨ་སྐྱིད་གནས་བཞི་དགོན་བསམ་འཕེལ་ནོར་བུའི་གླིང་ནི།སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་རོང་དུ་ཆགས་ཤིང་། ཀུན་སྤངས་ཆེན་པོ་ངག་དབང་སྟོབས་ལྡན་མཆོག་གིས་ཤིང་རྟ་ཕྱི་ལོ་1774ལོར་ཕྱག་བཏབ། འགོ་སྐོར་མགོན་པོ་དང་དཔོན་ཨ་མྱེ་ལྷ་འབུམ་སོགས་ཀྱི་རིང་ནས་ཨ་སྐྱིད་རོང་འབྲོག་ཀི་མཆོད་གནས་གཙོ་བོར་བཀུར་བའི་སྲོལ་དར།དགོན་པའི་ཕྱོགས་བཞི་ནས་སྒྲོལ་མའི་གནས་དང་དཔལ་རྟ་མཆོག་རོལ་བའི་གནས། ཐུགས་རྗེ་ཆེན་པོའི་གནས་དང་རྡོ་རྗེ་རྣམ་འཇོམས་ཀྱི་གནས་སོགས་ཀྱི་དབུས་སུ་ཡོད་སྟབས་ཨ་སྐྱིད་གནས་བཞི་དགོན་པ་ཞེས་གྲགས།ཉེ་རབས་ཤིག་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་ནས་ཆོས་ཐོག་དང་སྒྲུབ་མཆོད་གྱི་རིམ་པ། ཁྲི་བ་དང་དགེ་རྒན་མངགས་སྲོལ་ད་ལྟའི་བར་དུ་རྒྱུན་མ་ཆད་པར་ཡོད།

དགོན་པའི་ཆོས་ཐོག་དང་སྒྲུབ་མཆོད་ཀྱི་རིམ་པ་ནི། གཞི་གསུམ་ཉམས་ལེན། ཆོ་ཕྲུལ་སྨོན་ལམ་ཆེན་མོ། མ་ཎི་བདུན་སྒྲུབ། ཀུན་རིག་ཆོས་ཐོག སྨྱུང་གནས་མཆོད་པའི་ཆོས་ཐོག ཨོ་རྒྱན་ཚོགས་མཆོད། གསང་བདེ་འཇིགས་གསུམ་གྱི་བདག་འཇུག  ལྔ་མཆོད་ཆེན་མོ། དགོན་གྲོང་གཉིས་ཀྱི་དྲུག་པའི་ལབ་རྩེ་དང་དབྱར་སྟོན་ཆེན་མོ།དགུ་གཏོར།ཟླ་རེར་གསོ་སྦྱོང་གཉིས་དང་གདུང་མཆོད་བཞི།ལྷ་ཚེས་གཉིས་སངས་རྒྱས་སྨན་བླའི་སྒོ་ནས་ལྷོ་སྒོ་རྒྱུན་ཚོགས་ཡོད་པ་བཅས་སོ།། འདུ་ཁང་དང་ལྷ་ཁང་གི་རིམ་པ་ནི།ཚོགས་ཆེན་འདུ་ཁང་ཆེན་མོ།སྒྲོལ་མ་ལྷ་ཁང་།ཨོ་རྒྱན་ལྷ་ཁང་།གནས་བཞི་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ལྷ་ཁང་།ཐུགས་རྗེ་ཆེན་པོའི་ལྷ་ཁང་།རྟ་མགྲིན་ལྷ་ཁང་།གནས་བཞི་སྐུ་ཕྲེང་ལྔ་བའི་གཏེར་བྱོན་མཆོད་རྟེན་ཆ་དགུ།བདེ་གཤེགས་མཆོད་རྟེན་ཆ་བརྒྱད།བྱང་ཆུབ་མཆོད་རྟེན་བརྒྱ་དང་བཅུ་གསུམ།དགོན་མཐའི་འཁོར་ཕྲེང་བཅས་སོ།གནས་བཞི་སྐུ་ཕྲེང་དང་པོ་ཀུན་སྤངས་ངག་དབང་སྟོབས་ལྡན་ཚང་། སྐུ་ཕྲེང་གཉིས་པ་འགོ་ཚ་སྟོབས་ལྡན་ལྷ་ཆེན་དབང་རྒྱལ་ཚང་། སྐུ་ཕྲེང་གསུམ་པ་རྟ་སྒང་སྟོབས་ལྡན་ཀུན་དགའ་ཆོས་ཀྱི་ཉི་མ་ཚང་། སྐུ་ཕྲེང་བཞི་བ་ཨ་ཆབ་སྟོབས་ལྡན་བསོད་ནམས་ཡོན་ཏན་རྒྱ་མཚོ་ཚང་། སྐུ་ཕྲེང་ལྔ་བ་༧རྗེ་བློ་བཟང་འགྱུར་མེད་དར་རྒྱས་རྒྱ་མཚོ་དཔལ་བཟང་བོ་མཆོག་བཅས་སོ།

དགོན་པ་འདི་འཛིན་སྐྱོང་མཁན་གཙོ་བོ་ནི་གནས་བཞི་སྐུ་ཐོག་དང་པོ་ཀུན་སྤངས་ངག་དབང་སྟོབས་ལྡན་ཚང་ནས་ད་ལྟའི་གནས་བཞི་སྐུ་ཕྲེང་ལྔ་བ་༧རྗེ་བློ་བཟང་འགྱུར་མེད་དར་རྒྱས་རྒྱ་མཚོ་ཚང་གི་བར་དུ་གནས་བཞི་སྐུ་ཕྲེང་ལྔས་ཆོས་སྲིད་ལུགས་གཉིས་ཀྱིས་བསྐྱངས་དང་སྐྱོང་བཞིན་པའི་སྐབས་ལགས་སོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།