རྔ་ཡུལ་ཨ་འདུས་ཡག་འགོ་དགོན་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-11 07:38:53     རྩོམ་པ་པོ།   བློ་བཟང་གྲགས་པ'    ཀློག་ཐེངས།  

 微信图片_20171011072642.jpg

 

༧ ཨ་འདུས་ཡག་འགོ་དགོན་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་འདི་ནི་སི་ཁྲོན་ཞང་ཆེན་རྔ་བ་ཁུལ་རྔ་བ་རྫོང་ཨ་འདུས་ཡུལ་ཚོའི་ཉེ་འགྲམ་གྱི་སྤྱི་ལེའུ་གཉིས་ཙམ་གྱི་མཚམས་སུ་ཆགས་ཡོད།   གྲུབ་མཐའ་དགེ་ལུགས།

ཕྱག་འདེབས་པ་པོ།

ཤར་རྒྱལ་བ་ཙོང་ཁ་བ་ཆེན་པོའི་ནང་ཐུགས་ཀྱི་སྲས་མཆོག་སྔ་ཚར་ཐུགས་སྲས་བཞིའི་ཡ་གྱལ་དང་ཐུབ་བསྟན་ཕྱོགས་མཐར་སྤེལ་བའི་དར་ཆེན་བརྒྱད་ཀྱི་ནང་ཚན་རྗེ་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་མཆོག་གིས་རྗེའི་བཀའ་ལུང་བཞིན་མདོ་སྨད་ཕྱོགས་སུ་དགོན་སྡེ་བརྒྱ་དང་བརྒྱད་བཏབ་པའི་ཐོག་མའམ་འགོ་མ་རུ་དགོན་སྡེ་འདི་ཉིད་བཏབ་པས་མིང་ལའང་ཡག་འགོ་དགོན་དུ་གྲགས་ཤིང་དགའ་ལྡན་ཤར་རྩེའི་དགོན་ལག་ཏུ་གཏོགས།

འདེབས་ལོ།

རྗེ་ཐམས་ཅད་མཁྱེན་པ་འོད་དཀར་ཆོས་གླིང་དུ་ཕེབས་པའི་ཕྱི་ལོ་སྟེ།  སྤྱི་ལོ ༡༣༩༣ ལོ་ཡས་མས་སུ་བཏབ་པའི་དགེ་ལྡན་པའི་དགོན་སྡེ་ཡོངས་ཀྱི་ཆེས་སྔ་ཤོས་ཏེ་ཞྭ་སེར་བསྟན་པའི་ཆུ་འགོ་ལྟ་བུར་གྱུར་ཡོད།

དགོན་པ་འདི་ཉིད་བཏབ་ནས་ལོ་ངོ་སུམ་བརྒྱ་ཙམ་གྱི་རྗེས་སུ་ ༧ མཚེ་ཤར་རྩེ་མཁན་པོ་རྗེ་བློ་བཟང་ཆོས་ཀྱི་གྲགས་པ་མཆོག་དབུས་གཙང་ཆོས་ཀྱི་ཞིང་དུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོར་བཞུགས་ཤིང་སྤྱི་ནོར་གོང་ས་བརྒྱད་པ་ཆེན་པོའི་ཡོངས་འཛིན་དུ་བསྐོས་ཏེ་མཚོ་ཡི་པདྨོ་བཞིན་བསྐྱངས་པས་རང་ཅག་ཨ་འདུས་དགོན་གྲོང་ཐུན་མོང་གིས་ཀྱང་དགོན་དཔོན་དུ་བཀུར་ནས་ད་ལྟའི་བར་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས།

རྟེན་གསུམ་འགངས་ཆེན་སྐོར།

རྟེན་གཙོ་ཐུབ་དབང་རྡོར་གདན་མ་དང་།   རྗེའི་དབུ་ཞྭ་ཁོང་དང་ངོ་བོ་དབྱེར་མེད་མ།  རྗེའི་ཤང་ཁྲག་གིས་བཞེངས་པའི་ཆོས་རྒྱལ་ནང་སྒྲུབ་ཀྱི་ཐང་ག་དང་།    བཀའ་གདམས་མཆོད་རྟེན་ཟུང་གཅིག  ར་ལོ་ཙཱ་བའི་བཞེས་ཕོར་དང་། 

མཚེ་སྤྲུལ་སྐྱབས་མཆོག་རིན་པོ་ཆེར་བོད་གཞུང་དགའ་ལྡན་ཕོ་བྲང་གིས་གནང་བའི་མཁན་ཆས་དང་གསེར་དངུལ་གྱི་རྟེན་གསུམ་སོགས་བརྗོད་ཀྱིས་མི་ལང་ཞིང་བསམ་གྱིས་མི་ཁྱབ་པ་མང་བོ་བཞུགས།

འཆད་ཉན་དང་སྒྲུབ་མཆོད།

 

གསང་བདེ་འཇིགས་གསུམ་དང་བསྐང་གསོལ་ཀུན་རིག་སོགས་ཀྱི་ཐིག་རྡུལ་ཚོན་དང་།  འདོན་རྟ་བཅའ་བཟོ་སོགས་ལེགས་པར་གནས་ཤིང་།   གཞན་ཡང་དབྱར་དགུ་གསོ་གསུམ་དང་།  སྨོན་ལམ།  རབ་གནས།  ལྕགས་མཁར།  སོགས་འཚོགས་ཀྱིན་གདའ་ཞིང་ད་ལྟ་ལྔ་རིག་ནང་བསྟན་གཞོན་ནུའི་སློབ་གླིང་བཙུགས་ནས་སུམ་རྟགས་དག་སྙན་དང་།  རྒྱ་ཡིག    བྲིས་དཀར་ནག    བསྡུས་གྲྭ་ནས་གཞུང་གསར་གྱི་བར་དུ་ཐུགས་གཉེར་བྱེད་བཞིན་པའི་སྐབས་སོ།།

微信图片_20171011072656.jpg

 

གཙུག་ལག་ལྷ་ཁང་ཅི་ཡོད།

འདུ་ཁང་ཆེན་མོ་དང་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་།   རྗེའི་ལྷ་ཁང་།    ཆོས་ཁང་།   བྱང་ཆུབ་མཆོད་རྟེན།   སློབ་ཁང་།   མགོན་ཁང་།

ལྷ་སྡེའི་ཁྱབ་ཁོངས།

རྔ་བ་ནས་ཨ་འདུས་དཔོན་ཁག་བརྒྱད་ཅེས་དཔོན་ཕྲན་བརྒྱད་ཀྱི་དུད་ཁྱིམ་དྲུག་བརྒྱ་ལ་ཉེ་བ་ཞིག་དང་།    རྨ་ཆུའི་འབྲོག་སྡེ་མཚེ་རུ་མ་རུ་ཤོག་བཅུ་གཉིས་ཡོད།

                                      ད་ལྟའི་གནས་བབ་དང་གྲྭ་གྲངས།

བླ་སྤྲུལ་སུམ་བརྒྱ་ལྷག་བཞུགས་ཤིང་མཆོག་སྤྲུལ་རྣམས་པའི་ཐུགས་བཞེད་དང་དགེ་རྒན་རྣམས་པའི་སློབ་གསོ།   མཁན་པོ་དང་ལས་སྣེ་ཡོངས་ཀྱི་བཀའ་དྲིན་གྱིས་དགོན་པའི་དོ་དམ་བསྒྲིགས་འཛུགས་དང་དཔལ་འབྱོར་གྱི་མཐུན་རྐྱེན་སོགས་མི་མཆོག་མི་དམན་གྱི་ངང་ནས་དགེ་འདུན་པ་རྣམས་ཐུགས་མཐུན་བག་ཡོད་ཀྱི་བསྟན་པའི་སྟི་གནས་སུ་གྱུར་ཡོད།

 

 དེ་མིན་ད་རུང་གྲོང་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཀུན་ལ་དབང་སྐུར་བ་དང་ལུང་བཤད་པ་ཙམ་ཁོ་ན་མ་ཡིན་པར་ཆོས་ཀྱི་སྙིང་བོ་མ་དོར་ཞིང་འཇིག་རྟེན་ལུགས་དང་མི་འགལ་བའི་སྒོ་ནས་དགེ་སྒྲུབ་སྡིག་སྤང་གི་ལས་ལ་ཡར་སྐུལ་གྱི་ནུས་པ་ཕྱོགས་ཀུན་ནས་བཏོན་དང་འདོན་བཞིན་ཡོད།

微信图片_20171011072703.jpg

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn           

                                  

 

 

   ___ཉེ་ལམ་འཕྲིན་གྲོགས་འགས་རེ་སྐུལ་ལྟར་༢༠༡༧/༧/༧ ཉིན་བློ་བཟང་གྲགས་པས་བྲིས།             

བརྒྱུད་འགོད།