ཧོར་བྲག་མགོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ངོ་སྤྲོད་མདོར་ཙམ་བཇོད་པ།

ཡོང་ཁུངས།   དགེ་ལུགས་དར་བ།     སྤེལ་དུས།  2021-04-14 21:21:35     རྩོམ་པ་པོ།   བྲག་སྨྱོན་ཡ་མ་ར་ཛ།    ཀློག་ཐེངས།  

 

微信图片_20210414212232.jpg

ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་སྨད་དགོན་སྡེ་བཅུ་གསུམ་གྱི་ཡ་གྱལ་ཧོར་བྲག་མགོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ངམ་བྲག་མགོ་དགོན་པ་འདི་ནི་ད་སྐབས་བྲག་མགོ་རྫོང་གི་མདུན་ཕྱོགས་སུ་རྡོ་རྗེ་ཕག་མོའི་གནས་རིའི་སྐེད་ན་ཡོད། ཁྲེན་ཏུ་ནས་བྲག་མགོ་བར་ལེ་བར་573ཙམ་ཡོད།དར་རྩེ་མདོ་ནས་ལེ་བར་293ཡོད།མཚོ་ངོས་ནས་མཐོ་ཚད་སྨིས་3300ཙམ།

དགོན་འདི་ཡི་རྒྱབ་ལྗོངས་ནི་ཧ་ཅང་རིང་སྟེ་འབྲུ་རྗེ་དང་ཏྲེ་རྗེ་སེ་བོ།དཔྲ་དཔོན་སོགས་ཀྱི་སྐབས་ནས་བོན་དགོན་ཞིག་ཡོད་པ་དེ་དག་གི་ལོ་རྒྱུས་ཁྲོད་གསེར་བྲིས་བོན་བསྟན་མང་པོ་བྱུང་རབ་འདུག།

སྤྱི་ལོ་1275ནས་དཔྲ་སྟོན་བླ་མའི་ཆོས་སྲིད་གཉིས་ཀ་ཧོར་ལ་ཤོར་བ་མགོ་བརྩམས་པ་ནས་བཟུང་འདི་ཡང་ཆོས་རྒྱུད་བཀའ་རྙིང་དགེ་གསུམ་ལ་གྱུར་པའི་བཤད་སྲོལ་འདུག་ཀྱང་དཔྲ་སྟོན་སྐབས་ཀྱི་ལོ་རྒྱུས་ཡོད་ཚད་མེ་རུ་ཚིག་པ་དང་ཆུ་ཡིས་ཁུར་བ།གཏེར་དུ་སྦས་པ་གང་ཡིན་མི་ཤེས་ལོ་རྒྱུས་ཀྱི་བར་སྟོང་ཆེན་པོ་ཞིག་ལ་སུས་ཀྱང་ཁ་གསབ་ཐུབ་མེད། དགོན་པ་འདིའི་གདོད་མའི་ལོ་རྒྱུས་ཀྱི་ལོ་ཚིགས་དང་འཕེལ་འགྲིབ་གང་ཡང་མི་གསལ་ཡང་།སྤྱི་ལོ་1644ལ་ཧོར་ཆོས་རྗེ་སྐུ་ཕྲེང་དང་པོ་བློ་བཟང་བསྟན་འཛིན་འཁྲུངས་ནས་བྲག་མགོ་དགོན་པ་ཡང་དགེ་ལུགས་སུ་གྱུར་པ་དང་། བྲག་མགོ་དཔོན་པོ་རིམ་བྱུང་གི་སྐབས་སུ་བསྙུང་གནས་དང་སྨོན་ལམ། འཇིགས་བྱེད་སྒྲུབ་མཆོད་སོགས་འཚོག་རྒྱུ་ཡང་ཡོད་འདུག།

ཡིན་ནའང་སྤྱི་ལོ་1780དགོན་པ་འདི་བྲག་མགོ་གྲོང་བའི་ཉེ་འགྲམ་དུ་སྤོས་པ་དང་གཅིག།ནང་རྟེན་ཇོ་བོ་རིན་པོ་ཆེ་དང་བྱམས་པ་གསུང་བྱོན་མ་སོགས་སྐུ་གསུང་ཐུགས་རྟེན་དུ་མ་གསར་བཞེངས་བྱས།

སྤྱི་ལོ་1783ལ་དབུས་ལྷ་ལྡན་གྱི་སྨོན་ལམ་ཆེན་མོ་ལ་དཔེ་རུ་བླངས་ནས་སྨོན་ལམ་ཆོ་འཕྲུལ་ཆེན་མོ་ཚད་ལྡན་འཚོགས་ཐུབ་ཡོད།

སྤྱི་ལོ་1817ཙམ་ནས་གྲྭ་གྲངས་བརྒྱ་དང་ལྔ་བཅུ་ལ་ཆོས་གྲྭ་ཆད་མེད་འཚོགས་དགོས་པ་མ་ཟད་མགོ་བསྡུས་གྲྭ་ནས་བཟུང་དབུ་ཕར་མཛོད་འདུལ་དང་།མདོ་སྔགས་སོགས་ལ་སྦྱངས་པ་རྒྱ་ཆེར་མཛད་དགོས་པའི་བཀའ་ཡིག་ཁྲིམས་སྲོལ་བཙུགས། 

སྤྱིར་གྲྭ་གྲངས་ལ་གྲྭ་བ་སྟོང་དང་དགུ་བརྒྱ་ཟེར་ནས་ཅུང་མང་བ་ཡོད་འདུག།འདི་ནས་བཟུང་གྲྭ་སར་ཕེབས་ནས་བཀའ་བཅུ་དགེ་བཤེས་སོགས་ཀྱི་དམ་བཅའ་དང་ཐོས་བསམ་སྒོམ་གསུམ་གྱི་བརྒྱུད་པ་མ་ཆད་ནས་ཡོད།དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་དང་གངས་ལྗོངས་མི་ལ་གཉིས་པ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ། དགེ་བཤེས་བསོད་ནམས་མགོན་པོ།ཀེའུ་ཚང་སྐུ་ཕྲེང་རིམ་བྱོན་གཙོ་པའི་སྐྱེས་ཆེན་གྱི་བླ་མ་དགེ་བའི་བཤེས་གཉེན་གྲངས་མང་བྱོན་མྱོང་།

གྲྭ་ཚང་ལ་ནི།སྔགས་པ་གྲྭ་ཚང་དང་བཀའ་རམས་གྲྭ་ཚང་། མཚན་ཉིད་གྲྭ་ཚང་དང་སྨན་པ་གྲྭ་ཚང་བཅས་བཞི།

ད་སྐབས་མཚད་ཉིད་སློབ་གྲྭ་གཅིག་ཀྱང་ཡོད།

འདིའི་མངའ་ཁོངས་སུ་ཁང་ཚན་བཞི་ཡོད། ཉིན་མོ་དང་སྲིབ་མོ་ཁང་ཚན། ཤིས་ཁོག་དང་སྙི་པ་ཁང་ཚན་བཅས་ཡོད།དགོན་སྤྱི་དང་གྲྭ་ཚང་སོ་སོའི་དུས་ཆེན་དང་བསྟུན་ནས་འཇིགས་བྱེད་བདེ་མཆོག་དང་ཀུན་རིག་སྨན་བླའི་སྒྲུབ་མཆོད། གཞི་གསུམ་གྱི་ཆོ་ག་སོགས་འདུལ་བའི་ཁྲིམས་ལྟར་ཉམས་བཞེས་གནང་བཞིན་ཡོད།

དགོན་འདིར་ལོ་ལྟར་རང་རང་གི་འཛིན་གྲྭ་ལྟར་རྒྱུགས་སྤྲོད་དམ་འཇོག་དགོས་པ་མ་ཟད་རྒྱ་བོད་རིག་གནས་སྐོར་ལ་བགྲོ་གླེང་དང་སྙན་སུམ་ངག་གི་འགྱུར་ཁུག་ཁྲོད་ནས་ལྗང་བུ་དུས་དེབ་རེ་ཡང་སྐྲུན་བཞིན་ཡོད།

དགོན་པའི་འཚོ་བའི་ཡོང་སྒོ་ནི་ཚོང་ཁང་དང་མགྲོན་ཁང་སོགས་ལ་བསྟེན་ནས་རང་ཁ་རང་གསོ་ཡིན།

༼དགེ་བཤེས་ཡེ་ཤེས་སམ་བྲག་སྨྱོན་ཡ་མ་ར་ཛས།༽


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།