ཧྲན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-01-04 21:53:15     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

微信图片_20180104214945.jpg

 

  ལོ་རྒྱུས་ཡིག་ཆ་ལྟར་ན།སྤྱི་ལོ་1643ལོའི་དཔྱིད་ཟླ་འབྲིང་བར་མན་ཆིན་གོང་མ་ཧུང་ཐའི་ཅེ་ཡིས་བཀའ་གནངས་ཏེ།གནའ་མཁར་ཧྲན་ཡང་གི་ཤར་ལྷོ་ནུབ་བྱང་སྟེ་ཕྱོགས་བཞི་ནས་མཆོད་རྟེན་རེ་དང་དགོན་པ་རེ་བཞེངས་དགོས་པའི་བཀའ་ལུང་བསྒྲགས།དེ་ཡང་བཀའ་དང་བསྟུན་ནས་གནའ་མཁའ་དབུས་རྩིས་པའི་དགོན་པའི་བར་སྤྱི་ལེ་2.5ཙམ་ཡོད་པའི་ཤར་ལྷོ་ནུབ་བྱང་གི་ཕྱོགས་བཞི་ནས་མཆོད་རྟེན་རེ་དང་དགོན་པ་རེ་བཞེངས་ཡོད།ཤར་ཕྱོགས་ནི་ཡོ་ཀུང་དགོན་ཡིན་ཏེ་ཤེས་རབ་ཀྱི་སྒྲོན་མེ་ཀུན་ཏུ་ཁྱབ་པའི་དོན་ཡིན།ནུབ་ཕྱོགས་ནི་ཚེ་བསྲིང་དགོན་ཡིན་ཏེ་སྐུ་ཚེ་ཡུན་རིང་དུ་གནས་པའི་དོན་ཡིན།ལྷོ་ཕྱོགས་ནི་བྱམས་བརྩེ་དགོན་ཡིན་ཏེ་དམངས་ཀུན་ལ་བདེ་སྐྱིད་ལྡན་པའི་དོན་ཡིན།བྱང་ཕྱོགས་ནི་ཆོས་འཁོར་གླིང་ཡིན་ཏེ་དམ་ཆོས་ཡུན་རིང་དུ་གནས་པའི་དོན་ཡིན་ནོ།།

རྒྱའི་ལོ་རྒྱུས་ཡིག་ཆ་《世祖实录》ལས་རྒྱལ་སའི་ཕྱོགས་བཞིའི་མཆོད་རྟེན་ལེགས་འགྲུབ་བྱུང་།བླ་མ་རྣམས་ལ་སྟོན་མོ་མཛད། རྟ་དང་སྒ། དངུལ་སྲང། ཟ་འོག སྣོད་སྤྱད་སོགས་ཡང་གནངཞེས་བཀོད་འདུག མདོར་བསྡུས་ན་མཆོད་རྟེན་བཞི་པོ་སྤྱི་ལོ་1644ལོར་ལེགས་འགྲུབ་བྱུང་འདུག་པ་བསྟན་ཡོད།ཡང་མན་ཇུའི་ཡིག་ཚགས་ལས་སྤྱི་ལོ་1644ལོའི་ཟླ་དྲུག་པའི་ཚེས་19 22 25 28བཅས་ལ་ཤར་ལྷོ་ནུབ་བྱང་སྟེ། ཕྱོགས་བཞིའི་མཆོད་རྟེན་བཞི་ལ་རིམ་པ་བཞིན་དུ་རབ་གནས་མཛད་ཡོད་ཅེས་ཀྱང་བཀོད་ཡོད།

  དེ་ཡང་དགོན་པ་ལ་རྒྱ་ནག་ཧྲན་ཡང་ལུགས་ཀྱི་ཁང་པ་གསུམ་གནས་ཤིང་།དེ་མིན་བྱམས་ཁང་གསུམ་དང་ཤར་ནུབ་ཕྱོགས་སོ་སོར་ཁང་མིག་ལྔ་རེ་ཡོད་པ་དང་། རྒྱ་ནག་ཞཱེ་ཧྲན་ལུགས་ཀྱི་འདུ་ཁང་ལྔ་ཡོད་དོ།།དགོན་པ་འདི་དང་ཐོག་ཧྲན་ཡང་ཧྲི་ཧྲིན་དགོན་གྱི་དགོན་ལྷག་ཡིན་ཅིང་། སྔོན་ཆད་ཆོས་ཀྱི་མཛད་སྒོ་ཡང་མང་པོ་ཡོད་ལ།གདུལ་བྱ་རྒྱས་ས་ཞིག་ཡིན། སྤྱི་ལོ་1778ལོར་མན་ཆིན་གོང་མ་ཆན་ལོང་ཤར་ཕྱོགས་སུ་གཟིགས་བསྐོར་དུ་བསྐྱོད་པའི་སྐབས་སུ་ཆོས་འཁོར་གླིང་དུ་སྐུ་དངོས་སུ་ཕེབས་མྱོང་བར་མ་ཟད།གསེར་གྱི་མེ་ལོང་ཀུན་རྫོགས་ཞེས་པའི་སྒོ་བྱང་དང་རྒྱལ་སྐྱོང་ཆོས་འཁོར་གླིང་ཞེས་པའི་སྒོ་བྱང་ཕྱག་བྲིས་མ་གཉིས་བསྩལ་འདུག

     ལོ་རེའི་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་ཧྲན་ཡང་ཆོས་འཁོར་གླིང་གི་ཚོགས་མཆོད་ཡིན་ཅིང་སྲུང་མའི་འཆམ་ཡང་དངོས་སུ་མཇལ་ཐུབ་སྟེ།ཉིན་འདི་གའི་རིང་ལ་མཆོད་འབུལ་ལྷ་གསོལ་གཏོང་མཁན་ནི་བགྲང་གིས་མི་ལངས་སོ།། ཡིན་ཡང་དགོན་པའི་ཁང་པ་ཁག་གཅིག་ནི་སྤྱི་ལོ་1905ལོའི་འཇར་པན་དང་ཨུ་རུ་སུའི་དམག་འཁྲུག་ལས་གོད་ཆག་ཐེབས་སོང་།

  སྤྱི་ལོ་1962ལོར་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དགོན་པར་གྲོང་ཁྱེར་རིམ་པའི་རིག་རྫས་སྲུང་སྐྱོང་ལས་ཁུངས་ཀྱི་གྲས་སུ་བཞག་པ་དང་།སྤྱི་ལོ་1984ལོར་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དངུལ་གྱི་མཐུན་རྐྱེན་སྦྱར་ནས་བསྐྱར་བཞེངས་བྱས།  མཐར་སྤྱི་ལོ་1987ལོའི་ཟླ་10བའི་ནང་ཕྱི་ཕྱོགས་ལ་སྒོ་འབྱེད་བྱས།ད་ལྟ་དགོན་པའི་གཞི་རྒྱར་ཁྱོན་སྨི་གྲུ་བཞི་མ་13000ཙམ་ཡོད།

   སྤྱི་ལོ་2002ལོའི་ཟླ་9་བར་ཆོས་ལུགས་བྱེད་སྒོ་སྤེལ་ས་སླར་གསོ་བྱེད་དགོས་པའི་སྲིད་ཇུས་ཀྱི་སྐུལ་འདེད་ལྟར།ཧྲན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཐུབ་པར་བྱུང་བ་མ་ཟད། བཞག་པ་རིན་པོ་ཆེ་མཆོག་དངོས་སུ་གདན་དྲངས་ནས་དགོན་བདག་བླ་མ་བརྟེན།རིམ་བཞིན་དགོན་པའི་བྱ་གཞག་ཐམས་ཅད་སླར་གསོ་བྱུང་ཡོད། དེ་མིན་རྒྱལ་སྐྱོང་ཆོས་འཁོར་གླིང་ནི་ད་ལྟ་གནས་ཟིན་པའི་དགོན་པ་བཞི་པོ་ལས་ཆ་ཚང་ཏུ་གནས་པའི་དགོན་པ་གཅིག་པུ་ཡིན།

ད་ལྟ་དགོན་པའི་མདུན་ན་སྒོ་ཆེན་གནས་ཤིང་།བར་ན་བྱམས་ཁང་བཞུགས། དེར་རྒྱལ་བ་བྱམས་པ་དང་རྒྱལ་ཆེན་རིགས་བཞིའི་སྐུ་བཞེངས་ཡོད། བྱམས་ཁང་དང་འདུ་ཁང་གཉིས་ཀྱི་བར་ན་རྡོ་རིང་གཉིས་ཀྲོང་ངེར་བཞེངས་ཡོད་དེ།ངོས་སུ་བོད་ཡིག་དང་མན་ཇའི་ཡི་གེ རྒྱ་ཡིག སོག་ཡིག་བཅས་ཡིག་རིགས་བཞིའི་སྒོ་ནས་དགོན་པ་འདི་ཉིད་བཞེངས་པའི་དགེ་བ་དང་གནས་ཡུལ།དགོན་པའི་མཚན། དགོན་པ་བཞེངས་མཁན་དང་ལེགས་འགྲུབ་བྱུང་བའི་ལོ་ཚིགས་བཅས་བཀོད་ཡོད། དེ་ནི་གནའ་མཁར་ཧྲིན་ཅིན་ཏེ་ཧྲན་ཡང་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད།དགོན་པའི་ལོ་རྒྱུས་ཀྱི་བདེན་དཔང་ལྟ་བུ་ཞིག་ཀྱང་ཡིན་སྲིད།

  དགོན་པའི་རྒྱབ་ཕྱོགས་ན་འདུ་ཁང་ཡོད་པ་དེའི་ནང་དུ་སྟོན་པ་ཤཱཀྱ་མུ་ནེ་དང་མོང་གལ་གྱི་བུ།ཤཱ་རིའི་བུ་བཅས་སྟོན་པ་གཙོ་འཁོར་གསུམ་གྱི་སྐུ་དང་རྗེ་ཡབ་སྲས་གསུམ་གྱི་སྐུ། སྤྱན་རས་གཟིགས་ཕྱག་བཞི་བ།འཇམ་པའི་དབྱངས་དང་གསང་བདག་ཕྱག་ན་རྡོ་རྗེའི་སྐུ་བཅས་བཞུགས།  འདུ་ཁང་གི་ཤར་ནུབ་གཉིས་ན་ལྷ་ཁང་རེ་ཡོད་དེ་ཤར་ནི་མདོ་ཕྱོགས་ལྷ་ཁང་ཡིན་ལ་ནང་དུ་སྟོན་པ་ཤཱཀྱ་མུ་ནེ་དང་ཉེ་བའི་སྲས་ཆེན་བརྒྱད།གནས་བརྟན་བཅོ་བརྒྱད་བཅས་ཀྱི་སྐུ་བཞུགས།

   འདུ་ཁང་གི་ཤར་ཕྱོགས་སུ་སངས་རྒྱས་དང་བྱང་སེམས་ཀྱི་གཟུངས་སྔགས་བརྐོས་ཡོད་པའི་མ་ཎིའི་རྡེའུ་འབུམ་ཡོད་པ་དང་ཤར་བྱང་ཕྱོགས་སུ་བོད་ལུགས་ཀྱི་མཆོད་རྟེན་ཞིག་བཞུགས།མཆོད་རྟེན་དེ་ནི་གྱོ་མག་གིས་བཞེངས་པའི་མཆོད་རྟེན་ཞིག་ཡིན་ཞིང་། གདོང་ཆེན་དང་བུམ་པ།ཆོས་འཁོར་བཅུ་གསུམ་བཅས་ཀྱིས་གྲུབ་པ་ཞིག་ཡིན། མཆོད་རྟེན་གྱི་གདོང་ཆེན་ངོས་བཞི་བོར་སེང་གེ་ཆ་གཅིག་དང་ནོར་བུ་མེ་འབར་བཅས་བརྐོས་ཡོད།མཆོད་རྟེན་གྱི་བུམ་པ་ནི་བོད་ཀྱི་ལུགས་ལྟར་བཞེངས་ཤིང་། ལྷོ་ངོས་སུ་རྣམ་བཅུ་དབང་ལྡན་བརྐོས་ཡོད།མཆོད་རྟེན་གྱི་ཆོས་འཁོར་བཅུ་གསུམ་ནི་ཟངས་ཀྱིས་གྲུབ་པ་ཞིག་ཡིན་ལ། ཕྱོགས་བཞིར་དྲིལ་བུ་བཅུ་གཉིས་བཏགས་ཡོད།དེའི་གོང་ན་ཉི་མ་དང་ཟླ་བ། ནོར་བུ་མེ་འབར་གྱི་ཏོག་བཅས་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་བཞེངས་ཡོད་དོ།།

 佛学宝藏藏文འཕྲིན་སྟེགས་ལས་བཤུས།


བརྒྱུད་འགོད།