དགའ་ལྡན་བྱིན་ཆགས་གླིང་།

ཡོང་ཁུངས།   རྩོམ་པ་བོ། མི་གསལ     སྤེལ་དུས།  2016-03-06 15:42:27     རྩོམ་པ་པོ།   ཡོང་ཁུངས། དགེ་ལུགས་པའི་དྲ་བ།     ཀློག་ཐེངས།  

              གླིང་འདི་ཆིང་གོང་མ་ཁང་ཞི་སྲིད་ལོ33པར(སྤྱི་ལོ1694ལོར)བཞེངས་ཤིང་། སྔོན་ཆིང་ཡུང་ཀྲིན་གྱི་གཟིམ་ཤག་དངུལ་གྱི་ཕོ་བྲང་ཡིན། ཆན་ལུང་སྲིད་ལོ9བར(སྤྱི་ལོ1744ལོར)ནང་བའི་དགོན་པར་བསྒྱུར་སྟེ་དགོན་འདིའི་ལྷ་ཁང་གཙོ་བོར་གྱུར་ཡོད། རྟེན་གཙོ་ནི་དུས་གསུམ་སངས་རྒྱས་ཀྱི་སྣང་བརྙན་ལི་མ་སྟེ། དཀྱིལ་དུ་ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། གཡས་སུ་འདས་པའི་སངས་རྒྱས་མར་མེ་མཛད། གཡོན་དུ་མ་འོངས་སངས་རྒྱས་བྱམས་པ་མགོན་པོ་བཅས་བཞུགས་སུ་གསོལ་ལ། གཡས་གཡོན་གཉིས་སུ་གནས་རྟེན་བཅོ་བརྒྱད་ཀྱི་སྣང་བརྙན་བཅས་བཞུགས་སུ་གསོལ་ཡོད།
             དགའ་ལྡན་བྱིན་ཆགས་གླིང་གི་སྒོ་ནིཆིང་གོང་མ་ཁང་ཞི་སྲིད་ལོ33ལོར(སྤྱི་ལོ1694ལོར)བཞེངས་ཤིང་། སྔོན་ཆད་འདི་ནི་ཡུང་ཀྲིན་གྱི་ཕོ་བྲང་གི་མདུན་སྒོ་ཡིན་ལ། རྗེས་སུ་ཆན་ལུང་སྲིད་ལོ9བར(སྤྱི་ལོ1744ལོར)ནང་བའི་དགོན་པར་བསྒྱུར་རྗེས་རྒྱལ་ཆེན་བཞིའི་ལྷ་ཁང་དུ་གྲགས། ལྷ་ཁང་འདི་ནང་གི་དཀྱིལ་དུ་ཧྭ་ཤང་དགེ་བསྲུང་བ་གཡས་གཡོན་འགྲམ་ངོས་སུ་ཡུལ་འཁོར་སྲུང་པི་ཝང་འཛིན་པ། འཕགས་སྐྱེས་པོ་རལ་གྲི་འཛིན་པ། སྤྱན་མི་བཟང་སྦྲུལ་ཞགས་འཛིན་པ། རྣམ་ཐོས་སྲས་རིན་པོ་ཆེའི་རྒྱལ་མཚན་འཛིན་པ་བཅས་རྒྱལ་ཆེན་བཞིའི་སྐུ་བརྙན་བཞུགས་ཡོད། ཧྭ་ཤང་གི་རྒྱབ་ཕྱོགས་སུ་བསྟན་བསྲུང་སྐེམ་བྱེད་བཞུགས།
           རྒྱུད་པ་གྲྭ་ཚང་ནི་འདི་ནི་གོང་མ་ཆན་ལུང་སྲིད་ལོ9བར(སྤྱི་ལོ1744ལོར)བཞེངས་ཤིང་། འདི་གའི་བཙུན་པ་ཚོས་གསང་སྔགས་འཆད་ཉན་གནང་ས་ཡིན། དཀྱིལ་དུ་རྗེ་ཙོང་ཁ་བ་ཆེན་པོའི་སྣང་བརྙན་ལི་མ་དང་། གཡས་སུ་འཇམ་པའི་དབྱངས་དང་། གཡོན་དུ་རྗེ་ཤེས་རབ་སེངྒེའི་སྐུ་བརྙན་བཅས་བཞུགས་སུ་གསོལ་ཡོད།
སྐྱབས་མགོན་རྟག་བཞུགས་གླིང་།
          གླིང་འདི་ནི་ཆིང་གོང་མ་ཁང་ཞི་སྲིད་ལོ33ལོར(སྤྱི་ལོ1694ལོར)བཞེངས་ཤིང་། སྔོན་ཆིང་ཡུང་ཀྲིན་གྱི་དཔེ་ཁང་དང་བཞུགས་ཡུལ་ཡིན་པས་གཟིམ་བདེ་ཁང་དུ་གྲགས། ཆན་ལུང་སྲིད་ལོ9བར(སྤྱི་ལོ1744ལོར)ནང་བའི་དགོན་པར་བསྒྱུར་རྗེས་སྐྱབས་མགོན་རྟག་བཞུགས་གླིང་དུ་གསོལ། དཀྱིལ་དུ་རྟེན་གཙོ་སངས་རྒྱས་ཚེ་དཔག་མེད་དང་། གཡས་སུ་སངས་རྒྱས་སྨན་བླ། གཡོན་དུ་རྒྱལ་བ་སེངྒེ་ང་རོ་དང་། སྒྲོལ་དཀར་དང་སྒྲོལ་ལྗང་གི་ཞལ་ཐང་བཅས་བཞུགས་སུ་གསོལ་ཡོད།
ཆོས་འཁོར་རབ་རྒྱས་གླིང་།
          གླིང་འདི་ནི་ཆིང་གོང་མ་ཆན་ལུང་སྲིད་ལོ9བར(སྤྱི་ལོ1744ལོར)བཞེངས་ཤིང་། བོད་ཀྱི་དགོན་སྡེའི་བཞེངས་སྲིལ་གྱི་ཁྱད་ཆོས་མངོན་པར་དོད་པ་ཞིག་ཡིན། དཀྱིལ་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོའི་སྣང་བརྙན་གསེར་ཟངས་ལས་གྲུབ་པ་གང་བཞུགས་ཤིང་། གཡས་གཡོན་གཉིས་ཀྱི་ལྡེབས་ངོས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐྱེས་རབས་རྣམ་ཐར། གཡས་ཀྱི་དཔེ་ཁྲིའི་ཐོག་ཏུ་བཀའ་འགྱུར་པོ་ཏི་བརྒྱ་དང་བརྒྱད། གཡོན་གྱི་དཔེ་ཁྲིའི་ཐོག་བསྟན་འགྱུར་པོ་ཏི་ཉིས་བརྒྱ་བཅུ་བདུན། རྗེ་རིན་པོ་ཆེའི་སྐུ་བརྙན་གྱི་རྒྱབ་ཕྱོགས་སུ་ཙནྡན་དམར་པོ་ལས་བརྐོས་པའི་དགྲ་བཅོམ་པ་ལྔ་བརྒྱའི་གནས་རི་དང་བཅས་བཞུགས་པ། དེ་དག་གི་མདུན་དུ་གོང་མ་ཆན་ལུང་བལྟམས་ནས་ཉིན་གསུམ་པར་ཁྲུས་སུ་རོལ་བའི་ཁྲུས་སྣོད་ཞིག་ཡོད། རྗེ་ཙོང་ཁ་བའི་སྐུ་བརྙན་གཡས་གཡོན་གྱི་ཁྲི་གཉིས་ནི་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀྱི་བཞུགས་ཁྲི་ཡིན་ནོ།།
         ཁྲིམས་ལྡན་དགེ་བ་གླིང་ནི་ཆིང་གོང་མ་ཆན་ལུང་སྲིད་ལོ15བར(སྤྱི་ལོ1750ལོར)བཞེངས་ཤིང་། དཀྱིལ་དུ་ཙནྡན་དཀར་པོའི་བརྐོས་རིས་སུ་གྲུབ་པའི་རྒྱལ་བ་བྱམས་པ་བཞེངས་སྟབས་སུ་སྣང་བརྙན་མཐོ་ཚད་ལ་སྨི་བཅོ་བརྒྱད(ས་འོག་རུ་སྨི་བརྒྱད)བསྡོམས་སྨི་ཉི་ཤུ་རྩ་དྲུག་ཞིག་བཞུགས་སུ་གསོལ་ཡོད། གཡས་གཡོན་གཉིས་ཀྱི་ལྡེབས་རིས་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐྱེས་རབས་རྣམ་ཐར་ཡིན། ལྷ་ཁང་འདིའི་ཐོག་ཁར་སངས་རྒྱས་ཀྱི་སྐུ་བརྙན་ཁྲི་བཞུགས།

          གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                  དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།