དེའུ་མགོའི་དགོན་དགའ་ལྡན་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-19 23:25:16     རྩོམ་པ་པོ།   ཨ་འབོ་ཡོན་ཏན་རྒྱ་མཚོ    ཀློག་ཐེངས།  

༄༅།།དེའུ་མགོའི་དགོན་དགའ་ལྡན་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།

微信图片_20190419232447.jpg


     ཨ་ལ་དེའུ་མགོའི་དགོན་དགའ་ལྡན་དར་རྒྱས་གླིང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཨ་ལ་ཡུལ་ཚོ་རུ་ཆགས་ཡོད་ལ། 

  དེ་ཡང་སྤྱི་ལོ་༡༧༡༡དང་༡༧༡༢་ལོ་སྔ་ཕྱིར་ཅོ་ནེ་ཨ་སྨོན་བློ་བཟང་སྨོན་ལམ་གྱིས་དེའུ་མགོའི་དགོན་པའི་གཞི་མར་གྱུར་བ་ཨ་ལ་སྲིབ་ཏུ་འགོང་བ་ནང་བཀྲ་ཤིས་དགེ་འཕེལ་གླིང་དང་ཉིན་ངོས་སུ་སྒར་རྙིང་བྱམས་པ་གླིང་གཉིས་སྔ་གཞུག་ཏུ་བཏབ་པ་ཐོག་མར་ཅོ་ནེ་དཔོན་པོའི་མངའ་ཁོངས་སུ་གཏོགས། སྤྱི་ལོ་༡༧༥༡་ལོར་ཅོ་ནེ་དཔོན་པོ་དམག་ཟོར་མགོན་པོ་ཡབ་སྲས་ཀྱིས་གོང་སྨྲས་དགོན་པ་གཉིས་ཀ་ལྷ་མོ་གསེར་ཁྲི་སྐུ་ཕྲེང་དང་བོ་དགའ་ལྡན་ཁྲི་རབས་ང་གསུམ་པ་ཁྲི་ཆེན་རྒྱལ་མཚན་སེང་གེ་ལ་ཕུལ་ཞིང་དེ་ནས་བཟུང་དགོན་བདག་ལྷ་མོ་གསེར་ཁྲི་དང་དགོན་པ་སྟག་ཚང་ལྷ་མོ་གསེར་ཁྲི་དགོན་པའི་དགོན་ལག་ཏུ་གྱུར། སྤྱི་ལོ་༡༨༢༩་ལོར་ལྷ་མོ་གསེར་ཁྲི་སྐུ་ཕྲེང་གཉིས་པའི་ཐུགས་བཀོད་ལྟར་བཀྲ་ཡཱ་བླ་མ་འཇམ་དབྱངས་དོན་གྲུབ་ཀྱིས་གོང་སྨྲས་དགོན་པ་གཉིས་ཀ་གཅིག་སྒྲིལ་བགྱིས་ཏེ་དེའུ་མགོའི་དགོན་བཏབ། སྤྱི་ལོ་༡༩༥༦་ལོར་ཨ་ལ་སྦོག་ཚའི་སྒར་ཡང་ལྷ་མོ་གསེར་ཁྲི་སྐུ་ཕྲེང་ལྔ་བ་རིན་པོ་ཆེས་དགོན་པ་འདིར་གཅིག་བསྲེས་བྱས་པས་སྔ་གཞུག་ཏུ་དགོན་རི་ཁྲོད་བཞི་ཙམ་གཅིག་ཏུ་བསྡུས་པའི་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན། 

  ཡུལ་ཕྱོགས་འདི་ནས་འཁྲུངས་པའི་མཁས་གྲུབ་སྐྱེས་བུ་དག་ནི། ཨ་ལ་འབར་ཚའི་བླ་མ་ན་རིམ་དང་དེ་ལས་མཆེད་པའི་ཨ་ལ་ཡ་རུའི་བསེ་དགེ་ཚང་ལ་གཡའ་མ་མེ་འབུད་དང་ཉི་མ་རྟ་ཞོན་སོགས་གྲུབ་ཐོབ་འགའ་རེ་བྱོན་པར་མདོ་སྨད་ཆོས་འབྱུང་དུ་གསུངས། ཨ་ལ་འབར་ཚར་སྐུ་འཁྲུངས་ཤིང་སྟག་ཚང་ལྷ་མོ་གསེར་ཁྲི་དགོན་པའི་བསྟན་པ་ཡང་དར་གྱི་བསྟན་པའི་སྲོག་ཤིང་གཅིག་པུར་གྱུར་བ་དགེ་བའི་བཤེས་གཉེན་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཨ་ལ་མ་ཁར་ལྷ་བྲིས་ཀྱི་རྩེར་སོན་པའི་གྲུབ་རིགས་ལྷ་རྒན་ཚེ་རིང་བཀྲ་ཤིས་དང་དེའི་བུ་མ་ཁའི་དགེ་སློང་། བླ་བྲང་དུས་འཁོར་ཁྲི་རབས་བརྒྱད་པ་ངག་དབང་དོན་གྲུབ། ཨ་ལ་སྐྱི་ཚར་མཆོད་རྟེན་ངོ་འདེབས་མཁན་རྗེ་སྒྲུབ་ཁང་བའི་དངོས་སློབ་སྐལ་བ་རབ་འབྱམས་པ་བློ་བཟང་གྲུབ་རྒྱན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དང་རྒྱུད་པ་གཉིས་ཀྱི་ཁྲི་མཐར་ཕྱིན་རྗེས་ཚོགས་ཆེན་ཁྲི་རབས་སོ་བདུན་པར་བཞུགས་པ་ཕུན་ཚོགས་སེང་གེ བླ་བྲང་དུས་འཁོར་གྲྭ་ཚང་དང་ཨ་མཆོག་རྒྱུད་པ། བསེ་ཆང་སྒར། དཔལ་ཤུལ་བཅས་ཀྱི་ཁྲིར་བཞུགས་པ་བསོད་ནམས་རྒྱ་མཚོ། དམེ་ཤུལ་ཐང་སར་དགོན་གནས་སུ་ཐོག་མར་རི་ཁྲོད་འདེབས་མཁན་ཨ་ལ་འབོ་རའི་མགོ་བ་ཚང་གི་དཔོན་སློབ་ཀུན་དགའ་སེང་གེ འབོ་རའི་མགོ་བ་བླ་མ་སྐྱབས་ཀྱི་སྲས་བླ་བྲང་བཀྲ་ཤིས་འཁྱིལ་སྨན་པ་གྲྭ་ཚང་གི་ཁྲི་རབས་བཅོ་ལྔ་བ་རྡོ་རམས་པ་ངག་དབང་དར་རྒྱས་སོགས་སྐྱེས་བུ་དམ་པ་མང་ཙམ་འཁྲུངས། ཨ་ཁུ་ལྷ་མོའི་ཚུལ་ཁྲིམས་ཚང་ཡང་ཨ་ལ་ཡུལ་ཚོའི་ཁོངས་གཏོགས་སྒྱིས་ཚང་ནགས་རུར་སྐུ་འཁྲུངས་ཤིང་དགོན་པ་འདིར་ཆོས་འཁོར་མང་དུ་བསྐོར་བར་མཛད།

      རྟེན་འགངས་ཆེ་བ་ལ་མགོན་པོའི་གཏོར་སྒྲུབ་ཀྱི་སྐབས་བདུད་རྩི་ལན་མང་དུ་བབས་པའི་མགོན་པོ་ཕྱག་དྲུག་པའི་ལི་མ། གསེར་དངུལ་གྱིས་བྲིས་པའི་མདོ་སྡེ་བསྐལ་བཟང་དང་བརྒྱད་སྟོང་བ། ཨ་ཁུ་ལྷ་མོའི་ཚུལ་ཁྲིམས་རིན་པོ་ཆེའི་སྐུའི་དམར་གདུང་མེད་བརླག་བཏང་ཤུལ་དུ་བཞེངས་པའི་མཆོད་རྟེན་ལ་མྱངས་ན་བྲོ་བ་མངར་མོ་ཅན་གྱི་བདུད་རྩི་ཉིན་མང་བོར་བབས་པའི་བྱིན་རླབས་ཅན། སྨྲྀ་ཏིའི་ཕྱག་ཚཱ་སོགས་བཞུགས།

    བསྟན་པ་ཡང་དར་གྱི་སྐབས་སུ་ཡང་དགོན་བདག་གསེར་ཁྲི་ལྔ་བ་ཆེན་མོ་དང་སྔར་གྱི་གྲྭ་བ་རྒན་པ་རྣམས་ཀྱི་བཀའ་དྲིན་ལས་སྔར་གྱི་ཆོ་ག་ཕྱག་ལེན་ཐིག་རྡུལ་ཚོན་འཆམ་དང་བཅས་པ་ལེགས་པར་སླར་གསོ་བྱུང་ཞིང་།དགོན་པའི་ཆོས་ཐོག་ལ་ཀུན་རིག་དང་བདེ་གསང་འཇིགས་གསུམ་གྱི་བདག་འཇུག མགོན་ཆོས་ལྔའི་བསྐང་གསོ། དབྱར་དགག་གསོ་གསུམ། ཆོས་མཚམས་གང་ཡིན་ལ་ཡིག་གཟུགས་དང་སུམ་རྟགས་སྙན་ངག་སོགས་རིག་གནས་དང་། སྐྱབས་ཁྲིད་དང་ལམ་རིམ་ཆུང་འབྲིང་། བསྐྱེད་རྫོགས་སོགས་ཆོས་ཕྱོགས་ལ་སློབ་གཉེར་གང་མཚམས་བཅས་ཆོས་སྤྱོད་ཀྱི་བགྱི་བ་ཡར་ལྡན་གྱི་སྐབས་སོ།།

      ཨ་འབོ་ཡོན་ཏན་རྒྱ་མཚོས་༢༠༡༩/༣/༡༣ལ་བྲིས།

   རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།