རྨོག་རི་དགོན་པའི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-10-27 20:49:37     རྩོམ་པ་པོ།   རྨོག་རི་སངས་རྒྱས་རྒྱ་མཚོ།    ཀློག་ཐེངས།  

༄༅།།རྨོག་རི་དགོན་པའི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་ཆོས་དུང་དཀར་པོའི་རང་སྒྲ་ཞེས་བྱ་བ་བཞུགས་སོ།།

微信图片_20181027210523.jpg       
     འདིར་གང་བརྗོད་པར་བྱ་བ་ནི་མདོ་སྨད་ལྷོ་རྒྱུད་ཀྱི་དགོན་སྡེ་དག་གི་དབུས་ན་ངེས་དོན་གྲགས་པའི་སྒྲ་དབྱངས་ཕྱོགས་ཀྱི་མཁོར་ལོའི་རྒྱན་དུ་མཆོད་པའི་རྨོག་རི་དགོན་དགའ་ལྡན་བྱམས་འཕེལ་གླིང་གི་ལོ་རྒྱུས་ཅུང་ཟད་ཙམ་བརྗོད་པ་ལ།
     སྔོན་བོད་མིའུ་གདོང་དྲུག་གི་གྲས་ཀྱི་རུས་ཞིག་མདོ་སྨད་ཀྱི་ཕྱོགས་སུ་འཁྱར་བ་ལ་རོང་ཚ་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་ཟམ་ཚ་ཟེར་བ་ལ་རོང་འབྲོག་གཉིས་སུ་ཕྱེས་པའི་རོང་གི་ཁོངས་གཏོགས་ཀླུ་ཆུ་སྔོན་མོའི་ཉེ་འགྲམ་དུ་ཡོད་ལ།
   ཇི་སྐད་དུ།
གྲུབ་པའི་དབང་ཕྱུག་ངག་དབང་མཆོག་ལྡན་དང་།།
འཇམ་མགོན་གཉིས་པར་གྲགས་པའི་ནམ་མཁའ་བཟང་།།
མཁས་དབང་བློ་བཟང་དྲི་མེད་མཚན་ཅན་ཏེ།།
མཚུངས་མེད་བླ་མ་གསུམ་ལ་གསོལ་བ་འདེབས།།
ཞེས་བསྔགས་པ་ལྟར་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ། ཞྭ་སེར་ཅོ་པན་འཆང་བའི་གཙུག་རྒྱན། མདོ་སྔགས་ཡོངས་རྫོགས་ཀྱི་མངའ་བདག་དགའ་ལྡན་ཁྲི་ཐོག་ང་ལྔ་བ་༧ཁྲི་ཆེན་ངག་དབང་ནམ་མཁའ་བཟང་བོའི་སྐུ་འཕྲེང་གཉིས་པ། རྗེ་བློ་བཟང་འཇིགས་མེད་ནམ་མཁའ་རང་ལོ་བཅུ་གསུམ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་སྟེ་སྤྱི་ལོ༡༧༨༠ལོར་ཕྱག་བཏབ་པ་ཡིན་ལ།
    དེ་ཡང་ཀུན་མཁྱེན་སྐུ་འཕྲེང་གཉིས་པ་མ་ཧཱ་པཎྚི་ཏ་སྐྱབས་མཆོག་འཇིགས་མེད་དབང་བོ་འདན་ལུང་བརྒྱུད་དེ་རྐྱང་ཚའི་ཆབ་ཚན་དུ་ཕེབས་སྐབས། གནས་འདི་རུ་དགོན་ས་ཞིག་འདུག་ཅེས་ལོ་རི་བླ་མ་བློ་བཟང་བསྟན་འཛིན་ལ་བཀའ་གནང་བ་བཞིན། ཁོང་གིས་ཁྲི་ཆེན་སྤྲུལ་བའི་སྐུ་བློ་བཟང་འཇིགས་མེད་ནམ་མཁའ་ལ་ཞུས་ཏེ་ཁོང་གི་ཡོངས་འཛིན་སུམ་མཐིལ་རྡོ་རམས་པ་དཀོན་མཆོག་ལྷུན་གྲུབ་དང་ཟམ་ཚ་སྤྲུལ་བའི་སྐུ་རིན་པོ་ཆེ་རྣམ་གཉིས་ཀྱིས་ས་འདུལ་མཛད་ནས། འདན་ཐང་སྡེ་བའི་རི་ཁྲོད་པ་དང་རྨོག་རི་སྡེ་བའི་རི་ཁྲོད་པ་རྣམས་གཅིག་བསྲེས་ཀྱིས་དགོན་པ་འདེབས་པའི་བཀའ་བཀོད་ལོ་རི་བླ་མ་གཙོས་རི་ཁྲོད་སོ་སོ་ནས་གྲྭ་བ་གཉིས་རེ། སྡེ་བ་གཉིས་ལས་མི་སྐྱ་གཉིས་རེ་བཅས་སྡོམ་པས་བརྒྱད་ལ་འགན་ཁུར་གཙོ་བོ་ལེན་དུ་བཅུག་སྟེ་དེ་བརྒྱད་ལ་ངོ་རིང་པཎ་ཆེན་བརྒྱད་ཅེས་ངག་རྒྱུན་དུ་གྲགས། ཐོག་མར་འདུ་ཁང་ཆེན་མོ་དང་རྟ་མགྲིན་ལྷ་ཁང་། ཁྲི་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེའི་ནང་ཆེན་སོགས་རིམ་པར་བཞེངས་ཤིང་། མཚན་ཡང་རྨོག་རི་དགོན་དགའ་ལྡན་བྱམས་འཕེལ་གླིང་ཞེས་གསོལ། སྐུ་གསུང་ཐུགས་རྟེན་ལ་འདུ་ཁང་ཆེན་མོའི་ནང་དུ་ཙན་དན་གྱི་ཇོ་སྐུ་བྱིན་ཅན། རྗེ་རིན་པོ་ཆེའི་ལི་སྐུ་མི་ཚད་མ་སོགས་སྐུ་བརྙན་མང་པོ་དང་། ཁྲི་ཆེན་སྐུ་འཕྲེང་དང་པོའི་སྐུ་གདུང་མཆོད་རྟེན། བཀའ་འགྱུར་དང་བསྟན་འགྱུར།ལྷ་མོའི་སྐུ་ཐང་བྱིན་ཅན། རྟ་མགྲིན་ལྷ་ཁང་དུ་རྟ་མགྲིན་གསང་སྒྲུབ་ཀྱི་སྐུ་ཐོག་ཚད་མ། ཟམ་ཚ་གསེར་ཁྲིའི་བླ་བྲང་དུ་ལྷ་མོ་ཐོག་ཐུབ་མ་སོགས་རྟེན་གསུམ་བྱིན་རླབས་ཀྱི་མཚན་ཁ་འབར་བ་མང་བོ་སྐྱེས་འགྲོའི་བསོད་ནམས་ཀྱི་རྟེན་དུ་བཞུགས་ཡོད་དོ།
    
        དགོན་པའི་ཕྱག་ལེན་རྒྱུད་སྟོད་གྲྭ་ཚང་ཡིན་ལ། དེ་ཡང་ལོ་རི་བླ་མ་བློ་བཟང་བསྟན་འཛིན་ནི་ཁྲི་ཆེན་ངག་དབང་ནམ་མཁའ་བཟང་བོའི་ཉེ་གནས་དང་། ལྷ་སའི་ར་མོ་ཆེའི་རྒྱུད་སྟོད་ཀྱི་ཕྱག་བཞེས་ཕྲ་རགས་མཐའ་དག་ལ་མཁས་པར་བསླབས་ནས་བདེ་གསང་འཇིགས་གསུམ་གྱི་ཉམས་ལེན་ལ་རྟག་པར་གཞོལ་བ།བསྐྱེད་རྫོགས་རིམ་གཉིས་ཀྱི་རྟོགས་པ་མཐོན་པོར་བསླེབས་པ་ཁོང་གིས་དགོན་པ་འདི་ཡང་ལྷ་སའི་ར་མོ་ཆེའི་རྒྱུད་སྟོད་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་སྤེལ། ཟམ་ཚ་སྐུ་འཕྲེང་རིམ་བྱོན་གྱི་ཐུགས་ཀྱི་ཟེའུ་འབྲུ་བཞིན་བསྐྱངས་པ་ལ་བརྟེན་ནས་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བཞག་ཐམས་ཅད་ཡར་ཟླའི་དཔལ་ལ་འགྲན་པར་བྱས། ཀིརྟི་སྐུ་འཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཀྱི་སྐུ་རིང་ནས་བཟུང་ཁྲི་བ་སྟག་ཚང་ལྷ་མོའི་ཕྱོགས་ནས་མངགས། ཟམ་ཚ་གསེར་ཁྲི་སྐུ་འཕྲེང་དྲུག་པ་སྐལ་བཟང་ལུང་རིགས་རྒྱ་མཚོའི་སྐུ་རིང་ལ་བླ་བྲང་བཀྲ་ཤིས་འཁྱིལ་ནས་རྗེ་བཙུན་གྲགས་པ་རྒྱ་མཚོ་གདན་དྲངས་ནས་བདེ་གསང་འཇིགས་གསུམ་སོགས་ཀྱི་དབང་བསྐུར་བ་དང་། མཁའ་སྤྱོད་རིའི་ངོས་སུ་དབེན་གནས་བཀྲ་ཤིས་དགེ་འཕེལ་རི་ཁྲོད་དང་། དགོན་པའི་འགྲམ་དུ་གོས་དཀར་ལྕང་ལོའི་སྡེ་སྟེ་ཟམ་ཚའི་སྔགས་མང་གྲྭ་ཚང་ཕྱག་བཏབ། ལྷ་མོའི་བཙན་ཁང་དང་ཙིའུ་དམར་པོའི་བཙན་ཁང་གཉིས་གསར་དུ་བཞེངས་པ་སོགས་བཀའ་དྲིན་ཆེན་པོས་ལེགས་པར་བསྐྱངས།

           དེའི་རྗེས་ཙམ་སྟེ་སྤྱི་ལོ་༡༩༥༨ལོར་བསྟན་འགྲོ་སྤྱིའི་གོ་ཆགས་ལྟར་ཡོད་ཚད་བཅོམ།སྤྱི་ལོ༡༩༨༠ལོའི་རྗེས་སུ་རིམ་གྱིས་བསྐྱར་གསོ་མཛད་པའི་འགོ་བརྩམས་ཏེ་ལྷ་སྡེ་གཉིས་གཙོས་ཡུལ་མི་རྣམས་ཀྱིས་ཚོགས་ཆེན་འདུ་ཁང་དང་ཟམ་ཚ་སྤྲུལ་བའི་སྐུ་རིན་པོ་ཆེའི་ནང་ཆེན་སོགས་སྔར་ཡོད་ཇི་ལྟ་བ་བཞིན་དུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཁྱད་པར་དུ་ཟམ་ཚ་གསེར་ཁྲི་སྐུ་ཕྲེང་བདུན་པ་༧རྗེ་བློ་བཟང་དཀོན་མཆོག་ནམ་མཁའ་རྒྱལ་མཚན་མཆོག་མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ་བ་ནས་བཟུང་དགོན་པ་འདིའི་ཆོས་སྲིད་ལུགས་གཉིས་ཀྱི་བཀོད་ཁྱབ་མཐའ་དག་ལེགས་པར་བསྩལ་ཞིང་། ཁོང་རིན་པོ་ཆེ་དགུང་ལོ་བཅོ་ལྔ་བཞེས་པ་མེ་བྱི་སྟེ་སྤྱི་ལོ་ ༡༩༩༦ ལོའི་ཟླ་༩ ཚེས་༥ཉིན་རང་དགོན་དུ་ཞབས་ཟུང་བཀྲ་ཤིས་ཀྱི་རི་མོ་ཐོག་མར་བཀོད་དེ་ཟམ་ཚ་རོང་འབྲོག་དང་ཚོ་བ་བཅུ་གཉིས་སོགས་ཀྱི་བུ་སློབ་སེར་སྐྱ་ཡོངས་ལ་ཚེ་དབང་དང་འཇམ་དཔལ་མཚན་བརྗོད་སོགས་དབང་ལུང་དུ་མ་གནང་། མེ་ཕག་སྟེ་སྤྱི་ལོ་༢༠༠༧ ལོའི་ཟླ་༥ཚེས་༣ཉིན་རྩ་བའི་བླ་མའི་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོ་རྗེ་འཇམ་དབྱངས་རྒྱ་མཚོ་དགོན་ནང་དུ་གདན་དྲངས་ནས་གསང་སྔགས་ལ་འཇུག་པའི་སྒོ་བདེ་གསང་འཇུག་གསུམ་གྱི་དབང་དང་། ཀུན་རིག་གི་དབང་། ཚེ་དབང་སོགས་དབང་ལུང་དུ་མ་རྩ་བའི་བླ་མ་དང་གྲྭ་ཚང་ལྷ་སྡེ་བཅས་ལ་དཀྱུས་གཅིག་ཏུ་ཐོབ། ལོ་དེའི་ཟླ་༦ ཚེས་༤ཉིན་རྩ་བའི་བླ་མའི་བཀའ་གསུངས་བཞིན་གྲྭ་གཞོན་རྣམས་ལ་ཆེད་དམིགས་ཀྱིས་ཟབ་སྦྱོང་འཛིན་གྲྭ་གསར་བཙུགས་མཛད་དེ། མཚན་ལ་ཡང་རྨོག་རི་དགོན་རིག་གནས་སློབ་གསོའི་ཟབ་སྦྱོང་འཛིན་གྲྭ་ཞེས་དྲིན་ཅན་རྩ་བའི་བླ་མ་མཆོག་ནས་མཚན་དངོས་སུ་གནང་། དགེ་རྒན་དང་ཁྲིད་བྱ་བསླབ་ཡུན་སོགས་ཆ་ཚང་ཁོང་རིན་པོ་ཆེ་ནས་ཐུགས་བཀོད་གནང་། ས་གླང་སྟེ་སྤྱི་ལོ་༢༠༠༩ ལོའི་ཟླ་༤བའི་ནང་རྩ་བའི་བླ་མས་ཁོང་གི་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོའི་ཞབས་བརྟན་དུ་རྗེ་ཚེ་འཛིན་མ་སྟོང་སྐུའི་ལྷ་ཁང་མཐོང་བ་དོན་ལྡན་བཞེང་འགོ་བརྩམས།ཐོག་མའི་ས་ལ་བརྟགས་པ་ནས་བར་གྱི་གཟུངས་གཞུག་འབུལ་བ་མཐའ་མར་ལེགས་གྲུབ་ཀྱི་རབ་གནས་མཛད་པ་སོགས་སྔ་རྗེས་ཀྱི་བྱ་བ་ཀུན་རྩ་བའི་བླ་མ་དང་ཡོངས་འཛིན་རྡོ་རྗེ་འཆང་རྣམ་གཉིས་ཀྱིས་དངོས་སུ་མཛད། ཆུ་འབྲུག་སྟེ་སྤྱི་ལོ་༢༠༡༢ལོའི་ཟླ་༩བའི་ཚེས་༢༢ཉིན་ལེགས་པར་འགྲུབ། དགོན་པའི་བཅའ་ཡིག་ལག་དེབ་དང་བཅས་པ་རྩ་བའི་བླ་མ་མཆོག་ནས་གསར་རྩོམ་མཛད་པ་སོགས་ལུགས་གཉིས་ཀྱི་ཐུགས་འགན་ཆ་ཚང་མགོན་པོ་མཆོག་ནས་བཞེས། མེ་སྤྲེལ་ཏེ་སྤྱི་ལོ་༢༠༡༦ལོ་ནས་བཟུང་རྩ་བའི་བླ་མའི་བཀའ་དགོངས་བཞིན་འདུ་ཁང་ཆེན་མོ་བསྐྱར་བཞེང་གི་འགོ་བརྩམས་ཏེ། རྨོག་རི། འདན་ཐང་། རྒྱ་རབ། དགེ་སྟེང་བཅས་སྡེ་བ་བཞིས་ལོ་གསུམ་གྱི་རིང་འབད་པ་བྱས་མཐར་ས་ཁྱི་སྟེ་སྤྱི་ལོ༢༠༡༨ལོའི་ཟླ་༧ཚེས་༡༣ཉིན་ཁོང་གི་ཡོངས་འཛིན་རྡོ་རྗེ་འཆང་༧རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་གིས་རྩ་བའི་བླ་མའི་ཐུགས་འདོད་ལྟར་འདུ་ཁང་དང་བྱམས་སྐུ་ལ་རབ་གནས་མཛད་ཅིང་དགོན་གྲོང་ཐུན་མོང་ལ་ཚེ་དབང་བསྐུར། ལོ་དེའི་ཟླ་༩བའི་ཚེས་༢༢ཉིན་འདུ་ཁང་ཆེན་མོ་ལེགས་པར་འགྲུབ།འདུ་ཁང་ཆེན་མོའི་ཕྱི་ནང་གི་རྟེན་དང་བརྟེན་པར་བཅས་པའི་བཀོད་པ་དང་འགྲོ་སོང་ཐམས་ཅད་རྩ་བའི་བླ་མ་ཉིད་ནས་ཐུགས་འགན་བཞེས།ཉེ་བའི་ལོ་འདི་དག་གི་རིང་ལ་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དཀོན་མཆོག་བཟོད་པ་མཆོག་གིས་ཁྲི་བ་དང་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་ཁུར་ཏེ། སེར་སྐྱ་ཀུན་ལ་མདོ་སྔགས་རིག་གནས་ཀྱི་ཁྲིད་དང་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་རྒྱུན་མར་གནང་བའི་བཀའ་དྲིན་ལ་བསྟེན་ནས་ས་ཕྱོགས་འདིར་བཟང་ཕྱོགས་ཀྱི་མིག་དཔེ་རུ་གྱུར་ཡོད།
              དགོན་པའི་ལོ་གཅིག་རིང་གི་ཆོས་ཐོག་གི་རིམ་པ་ལ། ཟླ་དང་པོའི་ཚེས་གཅིག་ཉིན་ལྷ་མོའི་ཚེས་གཏོར་དང་ཚེ་བདུན་ནས་བཅུ་དྲུག་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ། ཟླ་གཉིས་པའི་ཚེས་བདུན་ནས་བཅུ་བཞི་བར་དཔལ་འཁོར་ལོ་སྡོམ་པའི་བདག་འཇུག   ཟླ་གསུམ་པའི་ཚེས་བདུན་ནས་བཅུ་བཞི་བར་བསྐང་གསོ་ཆེན་མོ་དང་འགྲེལ་བ་བཞི་སྦྲག   ཟླ་བཞི་བའི་ཚེས་དྲུག་ནས་བཅུ་གསུམ་བར་མ་ཎི་རིལ་སྒྲུབ་དང་བཅུ་བཞི་བཅོ་ལྔ་གཉིས་ལ་བསྙུང་གནས། ཟླ་ལྔ་བའི་ཚེས་བདུན་ནས་བཅུ་བཞི་བར་དཔལ་གསང་བ་འདུས་པའི་བདག་འཇུག  ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་ཟླ་བདུན་པའི་ཚེས་ཉེར་དགུ་བར་གྱི་དབྱར་གནས་སྐབས་སུ་གསང་འདུས་རྩ་རྒྱུད་དབྱངས་དང་བཅས་པ།རྡོ་གཟུགས་མ་ཎི།གནས་བཅུའི་ཕྱག་མཆོད། ལམ་རིམ་དང་སེམས་བསྐྱེད་མཆོད་པ།བདེ་གསང་འཇིགས་གསུམ་དང་ཞི་རྒྱས་དབང་དྲག་གི་ཐུགས་རྒྱུགས།  བསྐང་གསོ་ཆེན་མོ་སོགས་ཡོད།  ཟླ་བརྒྱད་པའི་ཚེས་མགོར་ཉིན་གཉིས་ལ་དབྱར་སྟོན། ཟླ་བརྒྱད་པའི་ཚེས་ཉེར་གཉིས་ནས་ཉེར་དགུ་བར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་མོའི་བདག་འཇུག  ཟླ་དགུ་བའི་ཚེས་ཉེར་གཉིས་ནས་ཉེར་དགུ་བར་མགོན་ཆོས་གཉིས་ཀྱི་བསྐང་གསོ་དང་འགྲེལ་བ་བཞི་སྦྲག   ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་ལྔ་མཆོད་ཆེན་མོ།  ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ནས་ཉེར་དགུ་བར་མགོན་ཆོས་གཉིས་ཀྱི་བསྐང་གསོ་དང་བསྒྲལ་ཆོག་ཆེན་མོ། ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ནས་ཉེར་དགུ་བར་མགོན་ཆེན་ལྔའི་བསྐང་གསོ་དང་བགེགས་གཏོར་བཅས་ཡོད་པ་མ་ཟད། ཟླ་བ་ཕྱེད་ཕྱེད་ཀྱི་གསོ་སྦྱོང་དང་། ཟླ་རེར་རྒྱུད་གཞུང་གསུམ་རེ། གཞན་ཡང་ཟླ་བ་རེ་རེའི་ཚེས་གཅིག་དང་། དྲུག བཅོ་ལྔ་བཅས་ལ་རིམ་བཞིན་ལྷ་མོ་དང་ཙིའུ་དམར། དཔའ་རྩལ་བཅས་ཀྱི་ལྷ་ཚེས་ཡོད། ལོ་ཧྲིལ་བོའི་རྒྱུན་འཚོགས་ལ་འཇིགས་བྱེད་དཔའ་བོ་གཅིག་པ་དང་དྲུག་ཅུ་བ་བཅས་སོ།། འཛིན་གྲྭའི་རིམ་པ་ལ་ལམ་རིམ་འཛིན་གྲྭ་དང་བསྐྱེད་རིམ་འཛིན་གྲྭ། རྫོགས་རིམ་འཛིན་གྲྭ་བཅས་ཡོད་ལ། ལམ་རིམ་འཛིན་གྲྭས་དགོན་པའི་འདོན་ཆ་ཡོངས་རྫོགས་དང་ཀུན་མཁྱེན་འཇམ་དཔལ་ཞལ་ལུང་འཚོགས་རྒྱུགས་འབུལ་དགོས། བསྐྱེད་རིམ་འཛིན་གྲྭས་དཔལ་གསང་བ་འདུས་པའི་བསྐྱེད་རིམ་དང་། རྫོགས་རིམ་འཛིན་གྲྭས་དཔལ་གསང་བ་འདུས་པའི་རྫོགས་རིམ་འཚོགས་རྒྱུགས་སུ་འབུལ་དགོས། ཞིབ་པར་བཅའ་ཡིག་ཟུར་དེབ་སོགས་ལས་ཤེས་པར་བྱའོ།།དགོན་འདིར་བཞུགས་པའི་དགེ་འདུན་གྱི་ཞལ་གྲངས་བརྒྱ་དང་ཉི་ཤུ་ཙམ་ཡོད། ད་ལྟ་ཕུན་ཚོགས་དགེ་ལེགས་མ་ལུས་པའི་བྱེད་པོ་དྲིན་ཅན་རྩ་བའི་བླ་མ་༧རྗེ་བློ་བཟང་དཀོན་མཆོག་ནམ་མཁའ་རྒྱལ་མཚན་མཆོག་གི་བཀའ་དྲིན་ལ་བསྟེན་ནས། ཆོས་འཆད་ཉན། བསླབ་པ་སློབ་གཉེར། གར་ཐིག་དབྱངས་གསུམ། འབུད་རྡུང་དཀྲོལ་གསུམ་སོགས་ཉམས་པ་སོར་ཆུད་དང་།གནས་པ་གོང་འཕེལ་ལ་བརྩོན་བཞིན་པའི་སྒང་ལགས་སོ།།

ལུང་ཆོས་སྡེ་སྣོད་གསུམ་གྱི་གྲུ་ཆར་གྱིས།།
སྡེ་འདིའི་དཔལ་གྱི་དུམ་བུ་རབ་བརླན་ནས།།
བསླབ་གསུམ་རྣམ་པར་དག་པའི་དྲི་བཟང་གིས།
བྱང་ཕྱོགས་ནོར་འཛིན་ཡོངས་སུ་ཁྱབ་གྱུར་ཅིག།

        རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།

    གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།