ཨ་ཞ་ཡར་སྤུངས་བཀྲ་ཤིས་ཆོས་འཁོར་གླིང་།

ཡོང་ཁུངས།   མདོ་ལྷོ་དྲ་བ།     སྤེལ་དུས།  2018-10-24 21:43:39         ཀློག་ཐེངས།  

ཨ་ཞ་ཡར་སྤུངས་བཀྲ་ཤིས་ཆོས་འཁོར་གླིང་ནི། ད་ལྟའི་ཐེ་བོ་རྫོང་ཨ་ཞ་ཤང་གི་ཁོངས་སུ་ཆགས། ཨ་ཞ་ཡར་སྤུངས་བཀྲ་ཤིས་ཆོས་འཁོར་གླིང་།ཡོངས་གྲགས་ལ་ཨ་ཞ་དགོན་དང་ཡར་སྤུངས་དགོན་ཡང་ཟེར། དགོན་པ་འདི་ནི་རྒྱབ་རི་གཉན་དགྲ་འདུལ་གྱི་བྲག་དཀར་བོ་མངོན་པ། མདུན་རི་ནོར་བདག་སོག་མོ་གུས་པའི་ཚུལ་གྱིས་གནས་པ། མཐའ་སྐོར་དུ་ཇ་ཤིང་དང་ཙན་དན། ཨ་གར། འབྲས་ལྡན་གྱི་ཤིང་སྣ་ཚོགས་པས་མཛེས་པར་བརྒྱན་པ་དང་། དབུས་སུ་སྲ་ཞིང་བརྟན་པའི་རང་བྱུང་བྲག་གི་སྟེང་དུ་ས་དཀར་བོ་འབྲས་ཡར་སྤུངས་པ་ལྟ་བུ་ཞིག་ཡོད་པའི་གནས་དེར་ཆགས་པས། ཡར་སྤུངས་དགོན་ཞེས་པའི་མཚན་དེ་ནས་ཐོགས།རབ་བྱུང་བཅུ་བཞི་བའི་བགྲང་བྱ་ཉེར་གསུམ་པ་ས་མོ་གླང་གི་ལོསྤྱི་ལོ1829ལོར་དགེ་སློང་ཚུལ་ཁྲིམས་ཤེས་རབ་ཀྱིས་གསར་དུ་བཏབ། ཚུལ་ཁྲིམས་ཤེས་རབ་ཁོང་ཉིད་སྡེ་འདིའི་ཁྲི་རབས་དང་པོར་བཞུགས། དགོན་འདི་གསར་དུ་བཏབ་པའི་མར་གྲྭ་བ་བཅུ་དྲུག་འདུས་པར་གནས་བརྟན་བཅུ་དྲུག་གི་གྲངས་དང་མཚུངས་པས།སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་ཡིན་གསུངས།དགོན་སྡེ་འདི་ནི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན། སྔོན་ཆོ་ག་ཆོས་སྤྱོད་ཀྱི་འདོན་རྟ་དབྱངས་དང་ཆོས་ཐོག་གི་ཕྱག་ལེན་རྣམས་ཅོ་ནེ་དགོན་ཆེན་གྱི་ཕྱག་སྲོལ་ལྟར་ཡིན་ལ། ཕྱིས་སུ་ཆོས་ཐོག་འགའ་རེའི་ཕྱག་ལེན་བླ་བྲང་གི་ཕྱག་སྲོལ་ལྟར་དུ་བསྒྱུར། ལོ་རེའི་ཧོར་ཟླ་དང་པོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་བཅུ་གསུམ། སྨོན་ལམ་ཆེན་མོའི་སྐབས་འདིར་འཆམ་དང་གོས་སྐུ། བྱམས་པ་གླིང་སྐོར་སོགས་ཀྱང་ཡོད། ཟླ་བཞི་བར་མ་ཎི་དང་སྨོན་ལམ་གཉིས་ཉིན་བཅུ་གཅིག ཟླ་དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་དང་གནས་བརྟན་ཕྱག་མཆོད་ཚུགས། ཟླ་དགུ་བར་བདག་འཇུག་ཉིན་བདུན། ཟླ་བཅུ་བར་ལྔ་མཆོད་ཉིན་གསུམ། དེ་མིན་ཡར་ངོ་མར་ངོའི་གསོ་སྦྱོང་དང་སྒོམ་ཁང་གི་དུས་གཏོར་ཆག་མེད་ཡིན་པ་སོགས་ནི་དགོན་སྡེ་འདིར་ཚུགས་པའི་ཆོས་སྤྱོད་ཀྱི་ཕྱག་སྲོལ་གཙོ་བོའི་རིམ་པ་ཡིན། ལས་སྣེ་ལ་བླ་མ་ཁྲི་བ། མཁན་པོ། དབུ་མཛད།དགེ་བསྐོས། དགེ་གཡོག ཚོགས་འདུ་བཅས་ཡོད།སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ། དགོན་འདིར་རྗེ་ཡབ་སྲས་གསུམ། བྱམས་པ། ཇོ་བོ། སྒྲོལ་མ། དུས་གསུམ་སངས་རྒྱས་སོགས་ཀྱི་སྨན་སྐུ་བསྡོམས་པས་བརྒྱ་དང་ཉི་ཤུ་ལྷགགོས་སྐུ་ཆེ་ཆུང་གཉིས། སངས་རྒྱས་སྟོང་སྐུའི་གྱན་ཐང་སུམ་བཅུ། ཡང་ཇོའི་སྐུ་ཆེ་བ་གཅིག ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་གདུགས་དཀར་གྱི་སྐུ་བདུན་ལོངས་པ་རེ། མི་ཚད་ལོངས་པའི་ཉེ་སྲས་བརྒྱད། སྒྲོལ་མའི་སྟོང་སྐུ། འཇིགས་བྱེད་ལྷ་བཅུ་གསུམ་མ། མགོན་ཆོས་གསུམ། རྣམ་སྲས། ལྕམ་སྲིང་། ཐ་འོག་ཆོས་རྒྱལ་གྱི་སྐུ་སོགས་བཞུགས། དེ་མིན་ཏིང་འཕགས་བསྐལ་གསུམ་དང་ཡུམ། ཉི་ཁྲི། གཟུངས་འདུས་སོགས་དཔེ་ཆ་སྣ་ཚོགས་དང་། དབྱེན་འདུམ་མཆོད་སོགས་བཞུགས་ཏེ། དགོན་འདིར་འདུ་ཁང་གཅིག་དང་། བྱམས་ཁང་སྒོམ་ཁང་སྟེ་ལྷ་ཁང་གཉིས་ཡོད། ང་བརྒྱད་ལོར་རང་དགོན་གྱི་དགོན་བདག་བླ་མའི་ནང་ཆེན་དང་ཁྲི་བའི་ནང་ཆེན་ཏེ་ནང་ཆེན་ཁག་གཉིས་ཡོད་ལ། དགོན་བདག་སྐུ་ཕྲེང་གསུམ་པ་བླ་མ་བསྐལ་བཟང་དམ་ཆོས་རྒྱ་མཚོ་ལགས་དང་། དགེ་འདུན་པ་བརྒྱ་ལྷག་བཅས་བཞུགས་ཡོད་པ་འདྲ།།


བརྒྱུད་འགོད།