ས་དམར་དགོན་བཀྲ་ཤིས་ཆོས་འཁོར་གླིང་།

ཡོང་ཁུངས།   མདོ་ལྷོ་དྲ་བ།     སྤེལ་དུས།  2018-10-24 21:36:13         ཀློག་ཐེངས།  

ས་དམར་དགོན་བཀྲ་ཤིས་ཆོས་འཁོར་གླིང་ཕྱག་འདེབས་མཛད་པ་པོ་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་བཅོ་བརྒྱད་པ་ཁྲི་ཆེན་རབ་བརྟན་རྒྱ་མཚོའི་སྐུ་རབས་བཞི་བ་རྗེ་བསྐལ་བཟང་ཐུབ་བསྟན་རྒྱ་མཚོ་བ་ཡིན་ལ། དེ་ཡང་སྔོན་དབལ་མང་པཎྚི་ཏས་དགུང་ལོ་བཞི་བཅུ་བ་སྤྱི་ལོ༡༨༠༣ལ་བཏབ་པའི་ས་དམར་ཕུའི་དགོན་བཀྲ་ཤིས་ཆོས་ལྡན་གླིང་དང་། དགོན་ལི་བློ་བཟང་མཁས་མཆོག་གིས་ཤིང་བྱིསྤྱི་ལོ༡༨༠༤ལོར་ཕྱག་བཏབ་པའི་ས་དམར་མདོའི་དགོན་པ་དགའ་ལྡན་བསམ་འགྲུབ་གླིང་དང་མཐའ་ལུང་རི་ཁྲོད་གསུམ་པོ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལསྤྱི་ལོ༡༩༢༩ལ་ཀཱ་ཟི་ལེན་ཏེ་མཱ་ཀྲུང་དབྱིན་ཇག་ཚོགས་ཀྱིས་གཏོར་བསྲེགས་ཀྱིས་ཤུལ་ཙམ་དུ་བཏང། ནམ་ཞིག་ནས་དམར་གྱི་གཙོ་དཔོན་དཀོན་མཆོག་ཚེ་བརྟན། མགོ་དཀར་དཀོན་མཆོག་སྐྱབས། དགེ་འདུན་ཚེ་རིང་སོགས་སེར་སྐྱ་ཐུན་མོང་གིས་སྔོན་དབལ་མང་རིན་པོ་ཆེའི་ཞལ་ཆེམས་ལས་རབ་བརྟན་རྒྱ་མཚོ་སྐུ་ཕྲེང་གཉིས་པ་ལ་དགོན་པ་བཅོལ་གདམས་གནང་བ་ནས་ཁོང་སྐུ་ཕྲེང་གསུམ་ནས་རང་རེར་གང་ཅིའི་བཀའ་དྲིན་བསྐྱངས་དང་སྐྱོང་མུས་ཀྱིས། ད་རེས་དགོན་རི་ཁྲོད་བཅས་གསུམ་པོ་གཅིག་ཏུ་བྱས་པའི་མཆོད་གནས་དགོན་པ་བསྐྱར་འདེབས་གནང་དགོས་རྒྱུའི་གསོལ་བ་ཕུར་ཚུགས་སུ་བཏབ་པ་རྗེ་འདིས་ཞལ་གྱིས་བཞེས་ཏེ། ཁོང་དགུང་ལོ་ཉེར་གསུམ་པ་ལྕགས་ལུགསྤྱི་ལོ༡༩༣༡ལོར་རྗེ་ཉིད་ཀྱིས་བླ་ཁོ་སྐུ་རབས་གཉིས་པ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་གདན་དྲངས་ཏེ་དགོན་ས་འདི་ཐག་བཅད། རྗེ་རབ་བརྟན་པས་བསྟན་གསོལ་སྨོན་ཚིག་མཛད། ཕྱི་ཙམ་ན་རྣམ་གཉིས་ནས་དཀོན་པའི་མཚན་ཡང་བསྩལ། ཕྱིས་སྐྱབས་མགོན་སྐུ་ཕྲེང་བཞི་བའི་ཡོངས་འཛིན་རྡོ་སྦིས་ལྷ་རམས་པ་བསྟན་འཛིན་རྒྱ་མཚོའི་སྤྲུལ་སྐུ་བསྐལ་བཟང་དཔལ་འབྱོར་བཟང་བོ་གདན་དྲངས་ཐོག་རྣམ་གཉིས་ཀྱིས་བཀྲ་ཤིས་གསོ་སྦྱོང་དང་ལྟོ་འཕྱེའི་ཐིག་གནང་། དགོན་པའི་ཞལ་ཕྱོགས་ཡུལ་གཏན་འཁེལ། འདུ་ཁང་ཤིང་ཆ་མང་ཆེ་བ་ཀླུ་ཤོད་སྐྱིད་སྡེ་བས་ཕུལ། ས་གནོན་གྱི་ཕྱིར་ཐོག་མར་ཨུ་རྒྱན་ལྷ་ཁང་། དེ་ནས་འདུ་ཁང་། གྲྭ་ཤག བྱང་ཆུབ་མཆོད་རྟེན། ཐུགས་རྗེ་ཆེན་པོའི་ལྷ་ཁང་རིམ་པར་གྲུབ་པར་བསྟུན། རྗེ་རང་གི་ནང་ཆེན། དུས་འདི་ནས་རྗེའི་གསུང་བཀོད་ལྟར། ཕྱིས་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་དབུ་མཛད་ཐོབ་པ་ས་དམར་དགེ་འདུན་རྒྱ་མཚོ་ཚང་གདན་དྲངས་ཏེ། བདེ་གསང་འཇིགས་གསུམ། མགོན་ཆོས། ཆོས་སྤྱོད་ཕྱོགས་ཀྱི་འདོན་རྟ་དབྱངས། ཐིག་རྡུལ་ཚོན། ཀླུ་ཆོག་བཅས་པའི་ཆོ་ག་ཕྱག་ལེན་ཐམས་ཅད་བཀྲ་ཤིས་འཁྱིལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལྟར་དུ་ཚུགས། ཧོར་ཟླ་གསུམ་པ། དྲུག་པ། དགུ་བ་ལ་རིམ་བཞིན་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་དང་། བཞི་བའི་སྙུང་གནས། དུས་བཞིའི་རྔ་ཆིངས། སྐབས་བབས་གསར་རྒྱུགས་ཡང་ཡང་། དབྱར་དགག་གསོ་གསུམ། སྐྱབས་ཁྲིད་དང་སྡོམ་གསུམ་བསླབ་བྱ་སོགས་ཉམས་སུ་བསྟར། དགོན་པའི་རྟེན་གཙོར་ཐུབ་སྐུ་དང་། རྗེ་ཙོང་ཁ་པའི་སྐུ་མི་ཚད་ ལོངས། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་བཅས་བྱིན་ལྡན། བྱམས་ཆེན་ཁྲུ་བཅུ་དྲུག་བརྒལ་བ། གནས་བརྟན་བཅུ་དྲུག་དང་། ཙོང་ཁ་བརྒྱད་ཅུ་སོགས་ཀྱི་འདྲ་ཐང་གྲངས་མང་། རྗེ་ཡབ་སྲས་དང་ཀུན་མཁྱེན་ཡབ་སྲས་སོགས་ཀྱི་གསུང་འབུམ་དང་ཆོ་གའི་གླེགས་བམ་དུ་མ། གཞན་མཆོད་རྫས་ཡོ་བྱད། གན་ཛི་ར། ཆོས་འཁོར། རྒྱལ་མཚན་སོགས་རྟེན་དང་བརྟེན་པ་དངོས་ གཙང་བ་བཞུགས་པའི་སྐབས་ཤིག སླར་ཡང་སེར་སྐྱ་སྤྱི་ནས་ནན་ཞུས་ལྟརསྤྱི་ལོ༡༩༥༧ ལོར་རྗེ་ཉིད་དང་། ཡོངས་འཛིན་ཚང་རྣམ་གཉིས་ཀྱིས་ཐེབས་དངུལ་གཏོས་ཆེར་བསྩལ་ཐོག སྡེ་བྱིངས་ནས་ཞལ་འདེབས་དང་ཨར་ལས་བཅས་ཧུར་ཐག་བསྒྲུབས་ཏེ། ལོ་དེ་རང་དུ་འདུ་ཁང་བསྐྱར་བཞེངས་ཧ་ལམ་གྲུབ་པ་བྱུང་ཞིང་བཀའ་དྲིན་དང་ཐུགས་རྗེ་མཚུངས་པ་མེད་པ་རྗེ་རབ་བརྟན་རྒྱ་མཚོ་བས་སྒོ་ཀུན་ལ་སྐྱོང་ཁུར་གནང་།
རྗེ་འདིའི་སྐུ་ཐོག་དང་བོ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས
སྤྱི་ལོ༡༧༢༣ལ་ཀླུ་ཤོད་དུ་འཁྲུངས། ཕྱིས་རབ་ཏུ་བྱུང་བའི་མཚན་རབ་བརྟན་རྒྱ་མཚོར་བཏགས་པས་སྐུ་རབས་རྗེས་མ་དག་ལ་དེ་སྤྱི་མཚན་དུ་ཆགས། དགུང་ལོ་རེ་བརྒྱད་པར་གཤེགས་པ་སོགས་མདོ་སྨད་ཆོས་འབྱུང་དུ་བཀོད། དེའི་སྤྲུལ་སྐུ་དཀོན་མཆོག་ཆོས་ལྡན་ཆུ་བྱིསྤྱི་ལོ༡༧༩༢ལ་སྐུ་འཁྲུངས། བཀྲ་ཤིས་འཁྱིལ་དུ་བཀའ་པོཏ་ཡོངས་རྫོགས་ལ་སྦྱངས་ཤིང་། མཁས་བཙུན་གཉིས་འཛོམས་ཀྱི་ངང་དགུང་ལོ་ང་བརྒྱད་པ་ས་བྱརསྤྱི་ལོ༡༨༤༩གཤེགས། དེའི་སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་རྒྱ་མཚོསྤྱི་ལོ༡༨༥༢ལོར་ཆོས་དཔལ་ཞིང་བརྒྱ་མཆེད་ནས་འཁྲུངས། བཀྲ་ཤིས་འཁྱིལ་དུ་བཀའ་པོཏ་ལྔ་སྦྱངས་པ་མཐར་ཕྱིན། ཆོས་དཔལ་ཞིང་དགོན་པ་གསར་འདེབས་སོགས་འཁོར་ལོ་གསུམ་གྱི་མཛད་པ་རྒྱ་ཆེར་གནང་ངོས་ང་དྲུག་པ་མེ་ལུགསྤྱི་ལོ༡༩༠༧ལ་དགོངས་པ་རྫོགས། དེའི་སྤྲུལ་སྐུ་རྗེ་སྐལ་བཟང་ཐུབ་བསྟན་རྒྱ་མཚོ་མཆོག་སྔོན་འགྲོ་མགོན་འཕགས་པའི་དུས་ཚ་རིགས་དུ་མ་མདོ་སྨད་དུ་མངགས་པའི་རྒྱུད་རྨེ་རན་ཟུར་ཆག་ནས་རྨེ་རུ་རྫས་ཚ་ཞེས་པ་ཆོས་འཁོར་ཚོ་བ་བཅུ་གཉིས་ཀྱི་གྲས་དེར་རབ་བྱུང༡༥པའི་ས་བྱསྤྱི་ ལོ༡༩༠༩ལ་སྐུ་བལྟམས། དགུང་ལོ་བཞི་བ་སྐྱབས་མགོན་སྐུ་ཕྲེང་བཞི་བ་ཆེན་མོས་སྐུ་གོང་མའི་སྤྲུལ་སྐུར་ཐག་བཅད། ཕྱི་ལོར་སྐུ་གོང་མའི་ཁྲིར་བཀོད། ཁོང་བླ་ཁོ་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་གནང་། བཅུ་གཅིག་པར་ཚོགས་ཞུགས་མཛད་སྐབས་སུ་གང་བབས་ཀྱི་འཛིན་སྐྱོང་སྦྱངས་དང་བརྒལ་བརྟག ཚིག་དོན་རྩོད་གསུམ་གྱི་རྒྱུགས་དང་ཚོགས་ལངས། ཆོས་གྲྭར་ཆག་མེད་བཅས་ཀྱིས་འཕགས་བོད་གཞུང་བརྒྱའི་དགོངས་དོན་ལ་གཞན་དྲིང་མི་འཇོག་པའི་མཁས་གྲགས་རྒྱས། སྐབས་གང་འགྲིག་ལ་དབང་ལུང་མན་ངག་རྒྱ་ཆེར་གསན། ཕར་ཕྱིན་དམ་བཅའ་གྲུབ་པ་ནས་ཕྱི་ཁྲི་ནང་ཁྲི་བརྒྱད་ལ་བཞུགས་ཏེ། མདོ་སྔགས་ཀྱི་འཆད་ཉན་བཤད་སྒྲུབ་གང་ཚུགས་ཡོད་པ་ཉམས་མེད་ཡར་རྒྱས་སུ་བསྐྱངས། དགུང་ལོ་ཉེར་བདུན་པ་ཤིང་ཕགསྤྱི་ལོ༡༩༣༥ལོར་དམར་དམག་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་སྐབས། དཀའ་ངལ་དུ་མ་ཁྱད་གསོད་གནང་སྟེ། རྩམ་མར་དང་གླ་རྩི། ཝ་ལྤགས། རྟ་དྲེལ་ཁ་ཤས་བཅས་ལམ་རྒྱགས་ཕུལ་བར་ལེགས་པོའི་དར་དང་ཡི་གེ་ཐམ་ལྡན་བཅས་བསྩལ། རྒྱལ་ཁབ་དབུ་བརྙེས་ཏང་དང་རྒྱལ་ཁབ་ཀྱི་དྲིན་གཟོའི་གཟིགས་པ་བླ་ལྷག་ཏུ་ཐོབ། དགུང་ལོ་སོ་བདུན་པརསྤྱི་ལོ ༡༩༤༥དབུས་གཙང་སོགས་སུ་ཕེབས་ཏེ་དད་གཤིན་གྱི་རྫས་རྣམས་བླ་མེད་བྱང་ཆུབ་འཐོབ་པའི་རྒྱུར་བསྔོས། མདོ་ཁམས་ཀྱི་རྟེན་རྣམས་ལ་མཇལ་ཕྱག་དང་དངོས་འབྲེལ་ཞུས། སྤྱིར་ཕྱག་རྫས་གང་བྱུང་། རྟེན་གསུམ་བཞེངས་པ། ཟམ་དང་ལམ་གསོ། སློབ་གྲྭ་དང་མང་ཚོགས་ལ་གང་ཕན་དུ་བསྩལ་བ། ན་བཟའ་དང་བཞེས་པ་ངན་ངོན་གྱིས་ཆོག་ཤེས་པ་མཛད་པ་ལས་འཛིན་ཆགས་གཏན་མི་གནང་བ་ཇོ་བོ་བཀའ་གདམས་པ་ཡབ་སྲས་ཀྱི་རྣམ་ཐར་བདག་གིར་བཞེས་པའི་ངང་སྐྱབས་མགོན་སྐུ་ཕྲེང་གསུམ་གྱི་བཀའ་གང་ཕེབས་སྒྲུབ་སྟེ། དགུང་གྲངས་གྱ་གཉིས་ལ་ཕེབས་པ་གདན་སའི་ཀྱེེ་རྡོར་གྲྭ་ཚང་གི་ཁྲི་བ་གནང་མུས། འདུ་ཁང་ཆེན་པོ་བསྐྱར་བསྐྲུན་གྱི་རྟེན་གསུམ་གསར་བཞེང་ལ་ལྗགས་བཀོད་ཀྱིས་ཁྱབ་པར་མཛད། དུས་མཚུངས་བོད་ཀྱི་རིག་གནས་སོར་ཆུད་དང་གོང་སྤེལ་གྱི་ཕྱིར་ཐུགས་ནུས་རྩལ་སྤྲུགས་སུ་ལྷུན་ཆགས་པ་མཛད་དོ།།

བརྒྱུད་འགོད།