རྐང་ཚ་དགོན་དགའ་ལྡན་བསམ་གྲུབ་གླིང་།

ཡོང་ཁུངས།   མདོ་ལྷོ་དྲ་བ།     སྤེལ་དུས།  2018-10-24 21:29:41         ཀློག་ཐེངས།  

རྐང་ཚའི་དགོན་དགའ་ལྡན་བསམ་གྲུབ་གླིང་ཕྱག་འདེབས་པ་བོ་ནི་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་གྱི་ལུང་བསྟན་ལྟར་རི་ཁྲོད་ཞིག་གིས་བཏབ། ཁོང་ནི་དྲུང་བ་རྒྱལ་ཚབ་པའི་སློབ་མ་ཡིན་པར་རྒྱལ་དབང་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་བརྒྱུད་ལས་གསུངས། ཡང་དགོན་པ་འདིར་ཀླུ་འཇིམ་གྱི་རྗེའི་སྐུ་བརྙན་བཀྲ་ཤིས་དོ་ཁ་མ་སོགས་རྟེན་འགངས་ཆེན་དུ་མ་གདན་འདྲེན་མཁན་དུ་མདོ་སྨད་ཆོས་འབྱུང་ནས་བཤད་པའི་ཏོག་ར་རྒྱ་བོ་ནི་དགའ་ལྡན་ཁྲི་ཆེན་ཉེར་བཞི་བ་ཆོས་རྗེ་བྱམས་པ་རྒྱ་མཚོའམ་ཁྲི་མངོན་དགའ་བ་བྱམས་པ་རྒྱ་མཚོའི་ཕྱག་མཛོད་ཡིན། ཁྲི་མངོན་དགའ་བ་ནི་རབ་བྱུང་བཅུ་བའི་ཤིང་ཕག་ནས་ལྕགས་སྦྲུལསྤྱི་ལོ༡༥༦༥-༡༥༨༡ལོར་ཁྲིར་བཞུགས་པ་དག་ལ་གཞིགས་ན།དགོན་པ་འདི་བཏབ་པའི་ལོ་ཚིགས་ནི་རབ་བྱུང་བཅུ་བའི་སྨད་དང་བཅུ་གཅིག་པའི་སྟོད་ཡིན་པར་མངོན། ཡུལ་འདིའི་དམངས་ཀྱི་ངག་རྒྱུན་དུ་རྨ་ཕ་རིའི་བྱ་ཁྱུང་དགོན་པ། རྨ་ཚུ་རིའི་རྐང་ ཚའི་དགོན་པ་ཞེས་པའི་ཁ་གཏམ་དེའང་དོན་དུ་ནི་དགོན་པ་སྔ་ཤོས་ཀྱི་གཏམ་དུ་ངེས་སྙམ།རྐང་ཚ་བ་ཡང་སྤྱིར་བོད་རུས་ཆེན་བཞིའི་ལྡོང་གི་རིགས་ལ་ཚ་ཆེན་བཅོ་བརྒྱད་གྱེས་པར་བཤད་པའི་རྒྱུད་དུ་ངེས་པ་ཞར་བྱུང་ངོ་།། དབོན་དཀའ་བཅུ་བ་བསོད་ནམས་ཀུན་དགའ་ལ་རྐྱང་ཤུལ་དཔོན་པོས་སྒར་འགོ་ཕུལ་བ་ལྟར་ན། དགོན་འདེབས་དུས་ཀྱི་སྦྱིན་བདག་དཔོན་དེ་ཉིད་ཡིན་ ནམ་སྙམ། དེ་ནས་བཟུང་དཔོན་རྒྱུད་རིམ་བྱོན་གྱིས་འཛིན་བདག་གནང་། ཕྱིས་ཀུན་མཁྱེན་སྐུ་ཕྲེང་གསུམ་པ། རབ་འབྱམས་པ་གྲགས་པ་རྒྱ་མཚོ་ཁྲི་ཟུར་བཞུགས་མཛད་པ་ནས་ཁྲི་བ་བླ་བྲང་གིས་གཏོང་། ཧོར་ཟླ་དང་དང་བོ་དང་གསུམ་པར་ཀུན་རིག་དང་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་མཆོད་རྡུལ་ཚོན་བཅས་ཉིན་བདུན་རེ་དང་ཟླ་བཞི་བར་སྙུང་གནས། དྲུག་པར་ཆོས་འཁོར་བསྐོར་བའི་དུས་ཆེན་དང་བསྟུན་མ་ཎི་རིལ་སྒྲུབ། ལོ་འཁོར་གཅིག་ལ་བཤད་སྒྲུབ་ ཆོས་སྤྱོད་ཀྱི་བྱ་བ་ཉིན་བརྒྱ་དང་ཞེ་ལྔ། གཞི་གསུམ་གྱི་ཕྱག་ལེན་བཅས་ཡར་ལྡན་དུ་གནས་པར་ཁྲི་བ། གནས་བརྟན། དགེ་བསྐོས། དབུ་མཛད། སྤྱི་བ་གཉིས། རྒན་པ་གསུམ་བཅས་ཀྱིས་དམ་ ཐོན་བྱེད། རྟེན་གཙོ་ཀླུ་འཇིམ་ལས་བཞེངས་པའི་སོག་རུས་ལ་བདེ་མཆོག་རང་བྱོན་ཅན། ཀླུ་ཡུལ་ནས་གདན་དྲངས་པར་གྲགས་པའི་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ། ཀུན་མཁྱེན་ འཁྲུངས་རབས་སོགས་རྒྱུ་སྣ་ཚོགས་ཀྱི་འབུར་སྐུ་རྒྱ་གར་ནག་ནས་གདན་དྲངས་པ་དུ་མ། ལམ་རིམ་བླ་བརྒྱུད་ཀྱི་ཞལ་ཐང་སོགས་ཐང་ཀ་མང་བོ། བྱམས་ཁང་དང་གདུགས་དཀར་ལྷ་ཁང་དུ་གཙོ་སྐུ་ཐོག་ཚད་ཅན་ལ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བ། བཀའ་འགྱུར་དངུལ་བྲིས་ཚར་གཅིག་དང་སྣག་པར་ཚར་གསུམ། བསྟན་འགྱུར་ཚར་གཅིག རྗེ་ཡབ་སྲས་དང་རྒྱལ་བ་པཎ་ཆེན། ཀུན་མཁྱེན་ཡབ་སྲས་ཀྱི་གསུང་འབུམ་སོགས་པོཏ་སུམ་སྟོང་བརྒལ། ཁོ་ཚེ་ཚང་དང་དགེ་ལེགས་ཚང་སོགས་ཀྱི་གདུང་རྟེན་གསེར་ཟངས་ལས་གྲུབ་པ་ཁ་ཤས་སོགས་ད་ལྟ་བསམས་ན་གྲངས་མི་ཟིན་པའི་ཚོད་དུ་གྱུར་བ་བཞུགས། སྡེ་འདི་ནས་ཕེབས་པ་ཀུན་མཁྱེན་བཞི་བའི་བླ་མར་བསྟེན་པ་མཛོད་དགེ་དགེ་ལེགས་རིན་པོ་ཆེ། སྣང་ལུག་སྨན་རྒན་དང། སྨན་པ་སྐྱ་ཤོས་སོགས་མཁས་ཆེན་འགའ་བྱོན། བླ་བྲང་དང་ཡོངས་འཛིན་ཚང་། བྲག་དགོན་པ་ཚང་། སྣང་ལུགས་ཚང་བཅས་ཀྱིས་གཟིམ་ཁང་རྒྱ་ཆེ་བ། སྔོན་མཱ་ཆི་ཚང་གི་གཡོ་ཁྲམ་གྱི་རྐྱེན་གྱིས་ཉམས་ཆག་ཆེན་པོ་ཐེངས་གཉིས་བྱུང་། ༡༩༥༨ལོར་བླ་མ་སྣང་ལུགས་ཚང་དང་རྭ་བསོད་ནམས་དབང་རྒྱལ་གྱི་སྤྲུལ་སྐུ། དགེ་འདུན་ཞལ་གྲངས་རེ་ལྔ་བཅས་བཞུགས།དགོན་འདི་ལ་གཏོགས་པའི་རྭ་ལུང་རི་ཁྲོད་གསང་སྔགས་ཆོས་འཕེལ་གླིང་ནི། སྐྱབས་མགོན་སྐུ་ཕྲེང་བཞི་བའི་གསུང་ཕེབས་ལྟར་དབལ་མང་སྐུ་ཕྲེང་གསུམ་པ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོས་རྒྱུ་སྦྱར་གྱིས་བཏབ། ཟླ་རེའི་ཡར་ངོ་མར་ངོའི་ཚེས་བཅུ། ཟླ་རེའི་གསོ་ སྦྱོང་། བདེ་མཆོག་ལྷ་ལྔའི་བདག་འཇུག་བཅས་ཀྱི་ཕྱག་སྲོལ་ཚུགས། རི་ཁྲོད་པ་ཁ་ཤས་བཞུགས་ཡོད་པ་འདྲ།།

བརྒྱུད་འགོད།