ཆོས་སྡེ་ཆེན་པོ་རྒྱལ་མོ་དགོན་དགེ་ལྡན་དར་རྒྱས་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་དཔག་བསམ་འབྲས་བཟང་།

ཡོང་ཁུངས།   嘉东综合医学殿堂     སྤེལ་དུས།  2018-10-14 19:56:50     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

微信图片_20181014195154.jpg

དེ་ཡང་ཆོས་ཀྱི་སྡེ་ཆེན་པོ་རྒྱལ་མོ་དགོན་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་མདོ་ལྷོའི་ཁུལ་དུ་ཆགས་ཡོད།༡༩༢༥ལོར་མ་པི་ཧྥང་གི་དམག་གིས་རྒྱལ་མོའི་སྒྲུབ་སྡེ་ཀུན་གྱི་མ་དགོན་རྒྱལ་མོ་བསམ་འགྲུབ་གླིང་༼འདི་བཀའ་འགྱུར་བ་དགེ་ལེགས་ངྷརྨས་རབ་བྱུང་བཅུ་བའི་ནང་ཕྱག་བཏབས་ལ་གྲྭ་བ་ཉིས་སྟོང་འཛོམས་པ་སོགས་གྲྭ་ཚང་ཤིན་ཏུ་རྒྱས་པར་ཡོད་པ་མདོ་སྨད་ཆོས་འབྱུང་ལས་གསུངས་སོ།།༽མེར་བསྲེགས་པས་ཤུལ་མེད་དུ་བཏང་།དེའི་རྗེས་སུ་ཨ་ཁུ་རྒྱ་མཚོ་དང་ཐང་ཚ་སྒྲོལ་མ་སོགས་དགོན་སྡེའི་མི་སྣ་ཀུན་གྱིས་རྒྱལ་མོའི་བསམ་འགྲུབ་གླིང་སོགས་དགོན་སྒྲུབ་སྡེ་ཀུན་ཕྱོགས་གཅིག་ཏུ་བསྡུ་བ་དང་ཆོས་འགོ་གྲོང་འགོ་བླ་བྲང་ལ་འབུལ་རྒྱུ།དགོན་བདག་ཨ་ལགས་མཁན་པོ་ཚང་ཞུ་རྒྱུ་བཅས་གྲོས་འཆམས་ནས་དངོས་རྫས་གྱ་ནོམ་པ་འཕུལ་ཏེ་གསོལ་བ་ཡང་ཡང་བཏབ་མཐར་ཁོང་གིས་ཀྱང་ཀུན་མཁྱེན་རིན་པོ་ཆེའི་བཀའ་གསུངས་བཞིན་དང་ལེན་བྱས།

   དེ་ནས་རབ་འབྱམས་རྒྱལ་བ་ཀུན་གྱི་གསང་གསུམ་གཅིག་ཏུ་བསྡུས་པའི་ཕུང་བོ།ལུང་རྟོག་ཡོན་ཏན་བྱེ་བའི་གཏེར་མཛོད།རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག ཐུབ་དབང་བསྟན་པའི་བདག་པོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་༸རྗེ་བཙུན་སྐལ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོས་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ལུག་གི་ལོ་༡༩༣༡ལོར་ཕྱག་འདེབས་མཛད། 

    མགོན་པོ་སྣང་བ་མཐའ་ཡས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་གིས་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་སྐུ་ལི་མ་ཞིག་རྟེན་སྐལ་དུ་གནང།སྲུང་མ་དཔལ་ལྡན་དམག་ཟོར་རྒྱལ་མོ་ཡིན་པས་རྒྱལ་མོ་དགོན་ཞེས་མིང་བཏགས་པ་ཡིན་ཞེས་བྲག་དགོན་པའི་ཆོས་འབྱུང་དུ་གསལ།༼ བཤད་ཚུལ་གཞན་ཞིག་ཀྱང་ཡོད།༽ ཀུན་མཁྱེན་ལྔ་བ་མཆོག་གིས་མཁན་པོ་ཚང་ལ་བཀའ་གནང་བ་བཞིན།མཁན་པོ་ཚང་གིས་ཀྱང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོ་ག་ཕྱག་ལེན་ལྟར་གྲྭ་ཚང་གཉིས་ཀྱི་དུས་བཞིའི་ཆོས་ཐོག་འགྲོ་ཚུལ་དང་།བཀའ་པོད་ལྔའི་འཆད་ཉན་བཤད་སྒྲུབ།ཟུར་བཀོལ་ཐལ་ཕྲེང་།རྒྱུག་རྩི་བཞག རྒྱུ་སྡེའི་སྒྲུབ་གྲྭ འདོན་རྟ་དབྱངས་ཐིག་རྡུལ་མཚོན་གར་ཕྱག་རྒྱ་སོགས་འཚུགས་པ་དང་།ད་དུང་སྒྲིག་ལམ་དང་ཕྱག་ལེན་བླ་བྲང་བཀྲ་ཤིས་འཁྱིལ་ལྟར་བྱས།

   དེ་བཞིན་མཁན་རིན་པོ་ཆེ་གཙོས་བླ་མ་དང་ཞལ་ངོ་། བློ་དཀར་སེམས་ཤེས་སོགས་ཀྱིས་ཞུ་ངོར་ཀུན་མཁྱེན་ལྔ་བ་ཆེན་པོས་བཅའ་ཡིག་ཆེན་མོ་ལྗགས་རྩོམ་མཛད་པ་སོགས་བཀའ་དྲིན་གྱིས་བསྐྱངས་པའོ།།འདུ་ཁང་ཆེ་ཆུང་དང་བཙན་ཁང་ཆེ་ཆུང་དེ་དག་གི་ནང་བཞུགས་སྐུ་གསུང་ཐུགས་བརྟེན་རྟེན་དང་བརྟེན་པ་ལེགས་པར་གྲུབ་ཡོད།དགོན་པའི་ཕྱིའི་བཀོད་པ་བ་དན་རླུང་གིས་སྐྱོད་པའི་དབྱིབས་སུ་ཆགས་ཡོད་པར་གསུང་།ཨ་ཁུ་ཀརྨས་བླ་བྲང་གི་སྐུ་ཚབ་དང་དགོན་པར་བདག་གཉེར་དོ་དམ་གང་ལེགས་མཛད།ཁྲི་བ་དང་ཞལ་ངོ་དགེ་རྒན་བླ་བྲང་ནས་ཕེབས་པས་འཆད་ཉན་དབྱར་མཚོ་ལྟར་རྒྱས་པ་ཡོད་ཅེས་དགོན་པའི་རྒན་རབས་དག་གིས་གསུང་།།སྤྱི་ལོ་༡༩༣༥ལོར་དུར་ཁྲོད་ཡིད་དགའ་ཆོས་འཛིན་གྱི་དུར་སྒོ་ཕྱེ།འདིའི་ས་དབྱིབས་དགའ་ལྡན་ཡིད་དགའ་ཆོས་འཛིན་དང་མཚུངས་པས་མིང་དེ་ལྟར་བཏགས་པའོ།།

   སྤྱི་ལོ་༡༩༣༦ལོར་ལྷ་རྩེ་ནོར་བུ་དབང་རྒྱལ་གསར་བསྟོད་མཛད་པས་བཀྲ་ཤིས་པའི་ངོ་མཚར་གྱི་རྟགས་ཤིན་ཏུ་མང་བོ་་བྱུང་།   སྤྱི་ལོ་༡༩༥༨ལོར་རིག་གསར་སྐབས་ལྷ་ཁང་རྟེན་གསུམ་ཤུལ་མེད་དུ་བཏང་།སྤྱི་ལོ་༡༩༨༡ལོར་ཡང་དར་བསྟན་པའི་སྒོ་ཕྱེ་བ་ནས་བཟུང་སེར་སྐྱ་རྣམས་ཀྱི་ངལ་བ་ལ་རྟེན་ནས་དགོན་འདི་ཉིད་བསྐྱར་བཞེངས་བྱས་པ་དང་།གྲྭ་ཚང་གི་འཆད་ཉན་སྔར་བཞིན་འཚུགས་ཐུབ་པ་བྱུང་།

   སྤྱི་ལོ་༡༩༨༢ལོར་དགོན་བདག་མཁན་པོ་གཙོས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་༸རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་མཆོག་དགོན་འདིར་སྤྱན་དྲངས་ནས་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ།མ་ཎི་ཚེ་ལྷ་རྣམ་གསུམ་སོགས་ལུང་དང་བཀའ་སློབ་གནང་།སེར་སྐྱ་སྟོང་ཕྲག་མང་བོ་ལ་མཇལ་ཁ་སོགས་སྐོམ་པའི་མི་ལ་ཆར་བའི་དངོས་གྲུབ་ཏུ་གྱུར།ཀླུ་དབང་རྒྱལ་བོའི་སྐུ་ཐང་གཅིག་དང་ན་བཟའ་སོགས་རྟེན་སྐལ་དུ་གནང་བ་མ་ཟད་དགོན་པའི་ཆགས་དབྱིབས་ལ་ཐུགས་བཀོད་རྒྱ་ཆེར་གནང་བ་སོགས་བཀའ་དྲིན་གྱིས་ཁྱབ་པར་བྱས་སོ།།

   སྤྱི་ལོ་༡༩༨༤ལོར་ཁྲི་ཆེན་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་དགོན་པར་སྤྱན་དྲངས་་ཏེ་དབང་ལུང་མན་ངག་དང་བཀའ་སློབ་སོགས་བསྩལ།སྐྱེས་རབས་སོ་བཞིའི་སྐུ་ཐང་དང་།འབུམ་ན་བཟའ་སོགས་རྟེན་སྐལ་གནང་སྟེ་སེར་སྐྱ་ཀུན་དགའ་བར་བྱས་སོ།།༡༩༨༦ལོར་མདོ་སྨད་བསྟན་པའི་མངའ་བདག་ཀུན་མཁྱེན་དྲུག་པ་ཆེན་པོ་༸རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་ཞབས་སོར་བཀོད་དེ་གྲྭ་ཚང་གཉིས་ཀྱི་འཆད་ཉན་བཤད་སྒྲུབ་དང་ཆོ་ག་ཕྱག་ལེན་སོགས་ལ་དག་ཐེར་མཛད།རྗེ་རིན་པོ་ཆེའི་སྐུ་ཞིག་དང་ན་བཟའ་བཅས་རྟེན་སྐལ་དུ་གནང་བའོ།།

  གཞན་ཡང་བདག་ཅག་གི་དཔལ་ལྡན་བླ་མ་བསྟན་པ་མཚུངས་མེད་འགྲོ་བའི་མགོན་པོ་༸རྗེ་ཁྲི་ཆེན་ངག་དབང་བློ་གྲོས་བརྟན་པ་མཆོག་གིས་སྲིད་ན་དཀོན་པའི་ལྷ་མོའི་རྟེན་མཁར་བཞེངས་པ་དང་།༡༩༨༢ལོ་ནས་དགོན་པའི་ཁྲི་ལ་བཞུགས་ཏེ་ལམ་རིམ་ཆེན་མོའི་ལུང་སོགས་བློ་སྦྱོང་དང་།བཀའ་པོད་ལྔའི་འཆད་ཁྲིད་བཅས་གནང་།ཁོང་གི་ཕྱག་དཔེ་དང་ན་བཟང་ཆ་ཚང་ད་ལྟ་བྱང་ཆུབ་མཆོད་རྟེན་དུ་བཞུགས།སྤྱི་ལོ་༡༩༩༠ལོ་ནས་བཟུང་རང་དགོན་པའི་མགོན་དགེ་བའི་བཤེས་གཉེན་ཆེན་པོ་སྒོ་མང་ལྷ་རམས་པ་དགེན་འཇམ་དབྱངས་རྒྱ་མཚོ་དང་དགེན་ཤེས་རབ་རྒྱ་མཚོ།དགེན་དཀོན་མཆོ་རྒྱ་མཚོ་གསུམ་གྱིས་དཔེ་ཁྲིད་དང་ལུང་རྒྱུན་དཔག་ཏུ་མེད་པ་བསྩལ།

   སྤྱི་ལོ་༡༩༩༡ལོར་ཁྲི་ཆེན་གུང་ཐང་རིན་པོ་ཆེ་ལྷར་ཡང་རང་དགོན་དུ་ཕེབས་ནས་ཉིན་བརྒྱད་ཀྱི་རིང་ལ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་།གསང་འདུས་མི་བསྐྱོད་པ།བདེ་མཆོག འཇིགས་བྱེད་དཔའ་བོ་གཅིག་པ།ཕྱག་རྡོར་འཁོར་ཆེན།རྟ་མགྲིན།ཀུན་རིག་གི་དབང་དང་།རིགས་གསུམ་སྤྱི་སྒྲུབ་དང་།མགོན་པོ་ཕྱག་དྲུག་པ།ཆོས་རྒྱལ།ལྷ་མོ་དམག་ཟོར་རྒྱལ་མོ།བག་ཙེ་སོགས་ཀྱི་རྗེས་གནང་བསྩལ་ནས་ཕྱོགས་འདིའི་འགྲོ་བ་ཡོངས་ཀྱི་རྒྱུད་ལ་བག་ཆགས་ཁྱད་པར་ཅན་བཞག་ཅིང་། དད་ལྡན་གྱི་སྐྱེ་བོ་ཚད་མེད་པ་གསང་ཆེན་རྡོ་རྗེ་ཐེག་པའི་སྒོར་བཅུག་ནས་དབང་བཞི་རྣམ་པར་དག་པས་སྐུ་བཞིའི་ས་བོན་ཐེབས་ངེས་སུ་མཛད་དོ།།

  སྤྱི་ལོ་༢༠༠༢ལོར་མདོ་སྨད་བསྟན་པའི་བདག་པོ་ཀུན་མཁྱེན་རིན་པོ་ཆེ་ལྷར་ཡང་ཕེབས་ཏེ་འཆད་ཉན་བཤད་སྒྲུབ་དང་འགྲིག་ལམ་ཕྲ་རགས་ཀུན་ལ་དག་ཐེར་མཛད་ནས་རྒྱུགས་བླངས་ཏེ་ཐུགས་དགྱེས་དགྱེས་གནང་།སྤྱི་ལོ་༢༠༠༦ལོར་༸རྗེ་གྲགས་པ་རྒྱ་མཚོས་འགྲེལ་བ་བཞི་བསྒྲགས་ཀྱི་ལུང་དང་ཚེ་དབང་ལུང་མན་ངག་གི་རྒྱུད་བཅས་ཉིན་བརྒྱད་ལ་གནང་།སྤྱི་ལོ་༢༠༡༠ལོར་ཁྲི་ཆེན་གུང་ཐང་རིན་པོ་ཆེའི་ཡོངས་འཛིན་མདོ་སྔགས་ཡོངས་ཀྱི་བདག་པོ་༸རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་མཆོག་ཕེབས་ནས་ལམ་རིམ་ཆེན་མོའི་ཞལ་ལུང་གནང་།

   སྤྱི་ལོ་༢༠༡༤ལོར་སླར་ཡང་ཕེབས་ནས་རྒྱལ་དབང་ལྔ་བའི་ལམ་རིམ་འཇམ་དཔལ་ཞལ་ལུང་གི་ཁྲིད།་རྟ་མགྲིན་དང་།དཔལ་གསང་བ་འདུས་པའི་བཀའ་དབང་གནང་བ་དང་འཆད་ཉན་བཤད་སྒྲུབ་ཀྱི་ཕྱོགས་ལ་རྩི་བཞག་དང་ཟུར་བཀོད་སོགས་རྒྱུགས་བླངས་ནས་ཐུགས་རྒྱས་བཞིན་བྱ་དགའ་དམངས་སྒོར་གསུམ་ཁྲི་གནང་།སྤྱི་ལོ་༢༠༡༦ལོར་ཡང་བསྐྱར་ཕེབས་ཏེ་སེམས་ཅན་ཀུན་ལ་སེམས་བསྐྱེད་མཆོད་པ་གནང་བ་དང་།༢༠༡༧ལོར་པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་༸རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་ཕེབས་ནས་ལུང་དང་བཀའ་སློབ་མང་དུ་བསྩལ་བ་ལགས་སོ།།

   དེ་ལྟ་བུའི་སྐྱེས་བུ་དམ་པ་རྣམས་གྱིས་ས་བཀབ་པ་ལྟ་བུ་འདི་དག་གི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་དགོན་པ་འདི་ད་ལྟའི་བར་དུ་ཆོས་སྲིད་འབྱོར་གསུམ་དབྱར་མཚོ་བཞིན་རྒྱས་པ་མཁན་རིན་པོ་ཆེའི་བཀའ་དྲིན་ཉག་གཅིག་གོ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།


བརྒྱུད་འགོད།