ཕག་མོ་སྡེ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ །     སྤེལ་དུས།  2018-09-10 22:36:57     རྩོམ་པ་པོ།   བྲག་དགོན་པ་བསྟན་པ་དར་རྒྱས།    ཀློག་ཐེངས།  

        ལང་གྲུའུ་མཁར་ནས་ལྷོ་ཕྱོགས་ལེ་བར་སུམ་ཅུ་ན་ཧེ་མོ་དུང་དུ་གྲགས་པ་ཕག་མོ་སྡེ། སྡེ་བཞིའི་གྲངས་སུ་མི་འདྲེན།         སྔར་ས་འདིར་བཤན་པ་གྲང་ཐུ་ཟེར་བ་ཞིག་ཡོད་པའི་ལག་ནས་བུ་མོ་ལོ་བརྒྱད་ལོན་པ་ཞིག་གིས་གློ་སྙིང་ལན་དུ་མར་ཉོས། ཉིན་གཅིག་བཤན་པ་རིན་བསྙོགས་པར་རྗེས་འདེད་ཀྱིས་སོང་། བུ་མོ་ལྔས་ཚོགས་སྐོར་བ་མཐོང་། བཤན་པས་རིན་མ་ཐོབ་པའི་ཡུས་ཀྱིས་གཙོ་མོའི་སྐུ་ལ་འཆང་བས་བར་སྣང་ལ་འཕགས། སྐུ་ལུས་འགྲོ་བའི་ཞིང་དུ་བཞག་པ་ལ་ཕྱིས་སུ་སྨན་འདམ་སྲབ་མོས་གཡོགས། གཞན་བཞི་ནམ་མཁར་འཕུར། བཤན་པ་དད་པ་ཐོབ།ད་ལྟ་ཡང་བཤན་པ་རྣམས་ཀྱིས་མཆོད་པའི་སྲོལ་འདུག་སྔར་དུས་བཟང་རྣམས་སུ་གསང་གནས་ནས་བདུད་རྩི་དམར་པོ་དངོས་སུ་འབབ་པ་ཧོར་རྒྱལ་ཞིག་གི་བཙུན་མོས་འདི་འདྲ་བུད་མེད་ཀྱི་རྐང་འདྲེན་ཞེས་མངལ་སྒོ་གསེར་གྱིས་བཅད་པས་བཀྲ་མི་ཤིས་པ་བྱུང་། མན་ལུང་གུ་རུས་སྔར་འདོམ་གང་ལྷག་ཙམ་དང་། དེང་དུས་མཐོ་གང་ཙམ་གྱིས་ཞབས་ས་ལ་མ་རེག་པ་བཤད། བྱེ་མའི་རི་བྲག་དམར་པོའི་བྲག་ཕུག་ཏུ་བཞུགས་པའི་སྒོར་ལྷ་ཁང་བཞེངས། རིའི་ནང་དུ་སྐོར་ལམ་བཏོད་པ་འགྲོ་ཐུབ་ཙམ་ཡོད། འདིའི་སྟེང་དུ་སྔར་གྱི་གློ་སྙིང་ཡོད་པ་གནས་མཇལ་བ་རྣམས་རྟེན་དུ་ཞུས་པས་ཚར་སྐད་དང་། དེང་སང་བྲག་ཕུག་གིས་དམར་རྟེན་དུ་ཞུ་མཁན་མང་ཞིང་ནད་གདོན་ལ་ཕན་པ་མྱོང་གྲུབ་ཏུ་སྣང་། གཡས་སུ་སྟོན་པའི་སྨན་སྐུ་མི་ཚད་ཙམ་གྱི་ནང་དུ་བཤན་སྐུ་དུ་མ། ལོགས་བྲིས་ལ་ཆོ་འཕྲུལ་གྱི་བཀོད་པ། ལྷ་ཁང་མེ་སྐྱོན་གྱིས་འཇིག་པར་ཕག་མོའི་སྐུ་ལ་གནོད་པ་མ་བྱུང་། འདི་རྒྱ་ཡུལ་གྱི་རྡོ་རྗེ་ཕག་མོ་ཕྱིན་ཅན་བཞིའི་ནང་ཚན་ཡིན་ལ། གཞན་གསུམ་གྲོད་ལང་། ཤུའུ་གྲུ།ཤན་ཏུན་གསུམ་ན་ཡོད་པར་གྲགས། མན་ལུང་པས་ཕག་མོའི་བྱང་ངོས་ན་བྱམས་པ་གློ་ཉལ་དུ་གྲགས་པ་དབུ་གཙུག་ནས་ཞབས་མཐིལ་བར་ཉིན་ལམ་ཕྱེད་ཡོད་པ། རྒྱང་ནས་བལྟས་ན་གསལ་བོར་མཐོང་ནུས་པ་ཞིག་འདུག་གསུངས། ས་ངར་ངར་དུ་གྲགས་པ་ཐུ་ཤན་ཐོའི་ཟེར་བའི་རི་རྒྱུད་ལ་ངོས་འཛིན། ཞལ་ཤར་དང་དབུ་ལྷོར་བསྟན་པའི་རྣམ་པ་གསལ། བཤང་གཅི་འདོར་བ་སོགས་འོས་མིན་བྱས་པས་མི་ཤིས་པ་འབྱུང་ཞིང་དད་གུས་བྱས་ན་ཚེ་བསོད་འཕེལ་བའི་འབྲས་བུ་མཐོང་ཆོས་སུ་འབྱུང་། ཡང་ལམ་ཡིག་འདིའི་ནུབ་ན་སྤྲུལ་པ་སྡེཡོད་པར་བཤད་ཀྱང་བྱང་ཤར་དུ་ཡོད་སྣང་།

བརྒྱུད་འགོད།