མཚན་སྒྲོགས་དགོན་དགེ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་གི་ལོ་རྒྱུས་ཉུང་ཙམ་བཀོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-01-13 23:28:52     རྩོམ་པ་པོ།   མཚན་སྒྲོགས་འཇམ་དབྱངས་ལེགས་བཤད།    ཀློག་ཐེངས།  

 

微信图片_20180113233840.jpg

               ༄༅།།མཚན་སྒྲོགས་དགོན་དགེ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་མངའ་ཁོངས་སུ་གནས་ལ་རྨ་ཆུ་རྫོང་མཁར་ནས་སྤྱི་ལེ་༦༢བར་གྱི་ལྷོ་ཕྱོགས་སུ་རྨ་ཆུའི་དགོན་བཅུ་གཉིས་ཀྱི་སའི་ལྟེ་བར་ཆགས་ཡོད། རྒྱབ་རི་གླང་ཆེན་ཐལ་དཀར་ཉལ་འདྲའི་སྟེང་དུ་རིན་པོ་ཆེ་འཁུར་བོས་བརྗིད་པ། མདུན་རི་ནོར་སྤུངས་ཀྱི་དབྱིབས་ལྟར་གམ་འབྲོག་རྒྱང་འབྲོག་གིས་མཚོན་པའི་སའི་དགེ་མཚན་ལྡན་པ། བཀའ་གདམས་གླེགས་བམ་ལས་ཇི་སྐད་བཤད་པའི་ཁྱད་ཆོས་མང་དུ་མཆིས་སོ།།

དགོན་པ་འདི་ཉིད་རབ་བྱུང་བཅུ་བཞི་བ་སྤྱི་ལོ་༡༨༡༣ལོར་མཚན་སྒྲོགས་སྐུ་ཕྲེང་གསུམ་པ་༧རྗེ་དཀོན་མཆོག་འཕྲིན་ལས་ཀྱིས་ཕྱག་འདེབས་མཛད་པ་ཡིན། པཎ་ཆེན་སྐུ་ཕྲེང་བདུན་པ་༧བློ་བཟང་བསྟན་པའི་ཉི་མ་མཆོག་གིས་དགོན་འདིར་མཚན་གསོལ་བ་དང་བསྟེན་པ་ལ་རིན་ཐང་དང་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་ཐཱ་འོག་གི་གསེར་སྐུ་ཞིག་ཀྱང་གནང་། འདིར་འགྲོ་བ་ཡོངས་ཀྱི་དེད་དཔོན་མཚན་སྒྲོགས་སྐུ་ཕྲེང་རིན་བྱོན་གྱི་མཛད་རྣམ་དག་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་མོད་ཕྲན་ལ་རྣམ་ཐར་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་དཔྱད་པའི་ཤེས་རབ་ཞན་པས་ཨོ་ཟོབ་ཀྱི་ལས་སུ་འགྲོ་བར་དོགས་ནས་བྲི་མི་སྤོབས་སོ།། ཐུགས་མོས་ཡོད་པ་དག་གིས་གདན་རབས་དེབ་ཐེར༼མི་དབང་ཕོ་ལྷ་བ་རྒྱལ་བློན་གྱི་རྟོགས་བརྗོད། ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར། མདོ་སྨད་ཆོས་འབྱུང་། ཨ་ལག་གླིང་རྒྱ་རིན་པོ་ཆེས་མཛད་པའི་དགོན་པའི་གདན་རབས། ཁྲི་ཆེན་དཀོན་མཆོག་ཤེས་རབ་སོགས་ཀྱིས་མཛད་པའི་རྣམ་ཐར་དང་གདན་རབས༽་སོགས་སུ་ཞིབ་ཏུ་གསལ་བས། དེར་གཟིགས་པར་འཚལ། 

དགོན་པ་འདི་ཉིད་སྨད་རྒྱུད་གྲྭ་ཚང་དང་། དུས་འཁོར་གྲྭ་ཚང་། མཚན་ཉིད་གྲྭ་ཚང་སྟེ་གྲྭ་ཚང་གསུམ་གྱིས་གྲུབ་ཡོད་ལ། དགོན་པའི་ཚོགས་ཀྱི་སྤྱི་ཆིངས་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། བདུན་པའི་རིག་སྒྲ། དགའ་ལྡན་ལྔ་མཆོད། སྟག་ཕུའི་སྒྲོལ་མ། རྟ་མགྲིན་ཡང་གསང་། ལྟུང་བཤགས་སྟོང་མཆོད། སྨན་མཆོག་ཆེན་མོ། ལོ་རྙིང་དགྲ་སྐུལ་སོགས་ཉམས་བཞེས་སུ་བཞུགས་ཡོད། གཞན་ད་དུང་འདུ་ཁང་ཆེམ་མོ་གསུམ། མགོན་ཁང་། དམ་ཅན་བཙན་ཁང་། བག་ཙེའི་བཙན་ཁང་། མཚན་སྒྲོགས་བླ་བྲང་། སྒོ་མང་བླ་བྲང་། ཐུགས་རྗེ་ཆེན་པོའི་ལྷ་ཁང་། རྟ་མགྲིན་ལྷ་ཁང་། དཔེ་མཛོད་ཁང་། སྨན་ཁང་སྟེ་ལྷ་ཁང་དང་གྲྭ་ཤག་འཁོར་ཁང་སོགས་གྲངས་ཀྱིས་མི་ལང་བ་ཞིག་སེམས་ཅན་གྱི་དད་པའི་གསོས་སུ་བཞུགས་པ་ལགས་སོ།།

སྨད་རྒྱུད་གྲྭ་ཚང་ལ། བདེ་གསང་འཇིགས་གསུམ། རབ་གནས་ཆེན་མོ། ཐུགས་རྗེ་ཆེན་པོ། ཕྱག་རྡོར་འཁོར་ཆེན་སོགས་ཀྱི་ཐིག་རྡུལ་ཚོན་གྱི་ཆོ་ག་ཆ་ལག་ཡོངས་རྫོགས་དང་། གཞན་དགུ་གནམ་གྱི་རྔ་ཆིང་སོགས་ཕྱགས་བཞེས་སུ་གནང་བཞིན་པ་དང་། དུས་འཁོར་གྲྭ་ཚང་ལ། དུས་འཁོར་སྒྲུབ་མཆོད། དུས་འཁོར་སྡོམ་ཆེན། ཀུན་རིག་རྣམ་པར་སྣང་མཛད། རྣམ་སྣང་མངོན་བྱང་། མི་འཁྲུགས་པ་ལྷ་དགུ་སྟེ་སྒྲུབ་མཆོད་ལྔའི་གར་ཐིག་དབྱངས་སོགས་ཀྱི་ཆོ་ག་ཡོངས་སུ་རྫོགས་པ་དང་། དགུ་གནམ་གྱི་རྔ་ཆིང་། སེང་གདོང་གཙོ་འཁོར་གསུམ་གྱི་གཏོར་སྒྲུབ་བསྒྲལ་འཆམ་དང་བཅས་ཉམས་བཞེས་གནང་བཞིན་པ་ལགས།

མཚན་ཉིད་གྲྭ་ཚང་ལ་འཛིན་གྲྭ་དགུ་ཡོད་དེ། བསྡུས་ཆུང་བསྡུས་ཆེན།  རྟགས་རིགས། གཞུང་གསར། སྐབས་དང་བོ་དང་བཞི་བ། དབུ་མ། མཛོད། བཀའ་རམས་པའོ།། ལོ་གསུམ་གྱི་རྗེས་སུ་འཛིན་གྲྭ་སྤོར་འཇོག་བགྱིད་ཀྱིན་ཡོད། དུས་བཞིའི་ཆོས་ཐོག་དང་། ཕར་ཕྱིན་དམ་བཅའ། གསར་རྩོད་གསུམ་དང་གཞུང་རྒྱུགས།  རིག་སྒྲའི་ཚོགས་གླེང་། སྨོན་ལམ་གྱི་དམ་བཅའ་སོགས་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་ཡོད། བཀྲ་ཤིས་ཀྱི་འཁྱིལ་གྱི་དགེ་བཤེས་དང་དགོན་པ་རང་གི་དགེ་རྒན་དུ་མས་དགོན་འདིའི་གྲྭ་མང་ལ་དབང་བཀའ་ཆོས་དང་འཕྲོས་པ་དོགས་སེལ་སོགས་འདོད་མོས་ལྟར་བརྩེ་བས་སྐྱོང་མུས་སུ་མཆིས་སོ།།

དེ་ཡང་འདིར་གསོ་རིག་གཞན་ཕན་ཁང་ནི་མཚན་སྒྲོགས་མཁན་པོ་སྐུ་ཕྲེང་དྲུག་པ་༸རྗེ་བསྟན་འཛིན་འཇམ་དབྱངས་རྒྱ་མཚོ་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་༧རྗེ་དགེ་འདུན་རྒྱ་མཚོ་ཚང་སོགས་ཀྱི་ཐུགས་བཞེད་ལྟར་རབ་བྱུང་བཅུ་བདུན་པའི་ལྕགས་སྤྲུལ་ལོར་བཙུགས། རྒྱུགས་ཀྱི་གཙོ་བོ་རྒྱུད་བཞི་ཡིན།  ཕབ་སྦྱངས་ཀྱི་རིལ་བུ་ལ་རིན་ཆེན་དངུལ་ཆུ་བཙོ་ཐལ་དང་། བཙོ་ཀྲུ་ཟླ་ཤེལ། གཡུ་རྙིང་ཉེ་ལྔ། རྟ་མགྲིན་རིལ་ལུ་སོགས་སྨན་སྣ་བདུན་ཅུ་ལྷག་སྨན་པ་རང་གིས་ཕབ་སྟེ་སེམས་ཅན་ནད་ཀྱི་སྡུག་བསྔལ་ལས་གྲོལ་བའི་དུས་ལགས་སོ།།

དགོན་པ་འདི་ལ་ལོ་ངོ་༢༠༤རིང་གི་ལོ་རྒྱུས་ལྡན་ལ་ད་ལྟ་གྲྭ་གྲངས་༥༠༠སྣེ་ཟིན་ཙམ་ཞིག་བཞུགས་ཡོད། མདོ་སྔགས་གཉིས་ཀྱི་འཆད་ཉན་རྒྱས་ཤིང་། གྲྭ་ས་དང་བླ་བྲང་བཀྲ་ཤིས་འཁྱིལ། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ། ཨ་མཆོག་མཚན་ཉིད་དགོན། རྔ་བའི་སྒོ་མང་དགོན། ཐོ་ལས་དགོན་སོགས་སུ་དགོན་འདི་གའི་སློབ་གཉེར་བ་དུ་མས་ཁྱབ་ཡོད་ལ། རྨ་ཆུ་རྫོང་ཁོངས་ཀྱི་ཚོ་བ་སྨད་མ་གཙོས་རྨ་ཁུག་རྟ་ར་དང་། དབལ་བན་རོ། མཛོད་དགེ་ཉིན་མ། ནུར་མ་གོང་འགབ། མཚེ་རུ་མ་སོགས་ཀྱི་གྲྭ་རྒྱུན་ཡོད། དགོན་མགོ་ཨ་མདོ་བཀྲ་ཤིས་འཁྱིལ་ལ་གཏུགས་ཏེ་དགོན་པ་བཀྲ་ཤིས་འཁྱིལ་གྱི་ཕྱག་ལེན་ལྟར་ཉམས་བཞེས་དང། དགོན་པ་དེ་གའི་དགེ་བའི་བཤེས་གཉེན་དུ་མ་འདིར་ཁྲི་བ་དང་དགེ་རྒན་དུ་ཕེབས་པས་བཀའ་དྲིན་གཞལ་མཐའ་དཀའོ།།

དགོན་པའི་ལྷ་སྡེ་གཙོ་བོ་ཁྲོ་ཁོ་ཤོག་དྲུག་གི་ཡ་གྱལ་དབལ་ཤུལ་ཁྲོ་ཁོ་སྨད་མ་ཞེས་པ་དེ་ཡིན་ལ། སྡེ་འདི་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། བོད་ཆེན་པོའི་ཡུལ་ཁམས། མདོ་སྨད་རྟ་ཡི་ཆོལ་ཁ། རྩི་ཤིང་སྣ་ཚོགས་སྐྱེས་པའི་ཡུལ་མཆོག  རྟ་ནོར་ལུག་གསུམ་བག་ཡངས་སུ་རྒྱུ་བ། དགེ་བཅུའི་ལས་ལ་གཞོལ་ཞིག་གཞུང་དྲང་གི་མི་གཤིས་མངའ་བ། ཀུན་མཁྱེན་ཡབ་སྲས་ལ་མི་ཕྱེད་དད་པའི་རྩ་བ་བརྟན་པའི་ལྷ་སྡེ་འདི་ནི་ད་ལྟ་རི་ཆེན་ལྔ་རུ་བགོས་ཡོད་ལ། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་འཚོ་བའི་གཡང་སྡེ་ཞིག་གོ།

微信图片_20180113233900.jpg

ཅེས་མཚན་སྒྲོགས་དགོན་གྱི་ལོ་རྒྱུས་ཉུང་ཙམ་བཀོད་པ་འདི་ནི་དགོན་འདིའི་གྲལ་མཐའ་བ་འཇམ་དབྱངས་ལེགས་བཤད་ཀྱིས་༢༠༡༧  ༡༡  ༢༨ ལ་བྲིས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

 དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།