མཱ་ཐིས་དགོན་པའི་ལོ་རྒྱུས་མདོར་བསྡུས།

    སྤེལ་དུས།  2015-12-11 21:55:50     རྩོམ་པ་པོ།   སུའུ་ནན་བཀྲ་བཟང་།    ཀློག་ཐེངས།  

                   717799405204436420.jpg

ཡོངས་གྲགས་སུ་མཱ་ཐིས་དགོན་པ་ཞེས་པ་འདི་ནི་བྲག་བརྐོས་ལྷ་སྐུ་དང་མཆོད་རྟེན་སོགས་བརྒྱ་ཕྲག་ཁ་ཤས་ཡོད་སའི་གནས་ཤིག་ལ་ཟེར། དེ་ལ་སྒྲོལ་མའི་བྲག་ཕུག་དང་སངས་རྒྱས་སྟོང་སྐུའི་བྲག་ཕུག གྲུབ་ཆེན་བརྒྱད་ཅུའི་གནས། དགོན་གོང་འོག་བར་གསུམ། བྲག་དགུ་ཕུག་འབྲུག་མིག་བྲག་ཕུག་དང་འབྲུག་རི། ཆུ་གནམ་འབབ། པདྨའི་རི་གོང་འོག ཡ་མ་ཐར་ཁུང་ཇོ་མོ་ཀླད་སོགས་ཡང་ད་ལྟ་མཱ་ཐིས་དགོན་པའི་བྲག་ཕུག་གི་ཁོངས་གཏོགས་ཡིན། སྔོན་གྱི་དུས་འདིར་རྒྱ་བོད་ཡུ་གུར་མི་ཉག་སོགས་ཀྱི་དབང་བསྒྱུར་བར་བཤད་ལ་ལོ་ཚིགས་དང་རྒྱལ་རབས་བསྟན་པ་དར་བའི་གནས་ཚུལ་སོགས་ལོ་རྒྱུས་ཡིག་ཚང་གསལ་དག་མོ་ཞིག་ད་བར་དུ་མ་རྙེད་དོ།།
བོད་ཀྱི་ལོ་རྒྱུས་གཞིར་བཞག་ན་དུས་རབས་བརྒྱད་པར་བཙན་པོ་ཁྲི་སྲུང་སྡེ་བཙན་གྱི་དུས་སུ་བསམ་ཡས་སྲུང་མ་གདན་དྲངས་པའི་གནས་ཡིན་པར་བཤད་ལ་སྐྱེན་པོ་མི་དགུ་སོགས་ས་འདིར་བསྡད་པའི་བོད་བཀའ་མ་ལོག་གི་ཁོངས་གཏོགས་ཡིན། བྷན་ད་ཧོར་གྱི་སྒོམ་གྲྭ་དང་དཀོར་བདག་པེ་ཧར་རམ་གནས་ཆུང་རྒྱལ་བོའི་བླ་རི་ཡང་གནས་འདི་ན་ཡོད།
ཕྱིས་སུ་མི་ཉག་དང་ས་སྐྱ་བའི་གནས་འདིར་བདག་དབང་བྱས་པ་མངོན་ཡོད་ལ་མི་ཉག་རྒྱལ་བོའི་མཆོད་སྡོང་བྲག་ཕུག་དང་རྗེས་དྲན་མཆོད་རྟེན་ས་སྐྱ་བའི་གདུང་བཞུགས་མཆོད་རྟེན་སོགས་ཡོད་པ་དང་མདོ་སྨད་ཆོས་འབྱུང་ན་འང་མི་ཉག་རྒྱལ་བོའི་མཆོད་སྡོང་ཅེས་ཚིག་ཟུར་ལ་དངོས་སུ་ཐོན་ཡོད།
 གོང་ས་རྒྱལ་བ་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གནས་འདིར་བཅིབས་ཁ་བསྒྱུར་མྱོང་བ་དང་ཁྱུང་ཚ་དགེ་བཤེས་རབ་བརྟན་གྱིས་བཤད་གྲྭ་དགའ་ལྡན་དམ་ཆོས་གླིང་ཕྱག་འདེབས་གནང་ཞིང་།རྒྱ་བོད་སོག་གསུམ་གྱི་སྒོམ་སྒྲུབ་པ་འགའ་ཤས་ཀྱིས་རྒྱུད་གྲྭ་རྨད་བྱུང་རྒྱལ་བའི་གླིང་གསར་འཛུགས་དང་ཕྱིས་སུ་སྟོང་སྐོར་ཚང་དང་ཐང་རིང་རྒྱལ་བ་ཚང་སོགས་ཀྱི་ཡོན་སྦྱར་ནས་རྒྱུད་པ་གྲྭ་ཚང་ཇེ་རྒྱས་ཇེ་ལེགས་སུ་བཏང་བར་བཤད།ཁྱུང་ཚ་དགེ་བཤེས་རབ་བརྟན་གྱི་སྐྱེས་ཕྲེང་བྱམས་བརྩེའི་བདག་ཉིད་ངག་དབང་དབང་རྒྱལ་དགོན་ལུང་མཁན་རབས་ཉེར་དགུ་བར་བཞུགས་པ་དང་སྡེ་འདིའི་བླ་མ་ཡང་མཛད།
དེ་རྗེས་སྡེ་འདིར་རྗེ་ཐུའུ་བཀྭན་པའི་གཙོ་སྐྱོང་གནང་བར་མ་ཟད་དགོན་ལུང་མཁན་རབས་སུམ་ཅུ་བ་ཨ་ཆེན་མཁན་པོ་སྐུ་ཕྲེང་གསུམ་པ་ངག་དབང་དགེ་ལེགས་རྒྱ་མཚོ་མཆོག་སྡེ་འདིར་རྗེ་ཐུའུ་བཀྭན་པས་ཐུགས་བཀོད་བཞིན་ཕེབས་ནས་སྐུ་རབས་རིམ་བྱོན་ལ་ཆོས་སྲིད་ཀྱི་བྱ་བ་ད་ལྟའི་བར་དུ་བསྐྱངས་པ་མ་ཟད་དཔལ་ལྡན་ངྷི་ཚ་དགོན་པའི་རིག་ལྔ་སྨྲ་བ་མཱ་ཐིས་ཟི་གྲགས་པ་རྒྱ་མཚོའི་འཁྲུང་ཡུལ་འདིར་ཡིན་པ་དང་།གཞན་ཡང་སུམ་པ་ཡེ་ཤེས་དཔལ་འབྱོར་དང་སྐྱབས་རྗེ་ཨ་རོལ་ཚང་གྲུབ་དབང་ཕུར་མོ་སོགས་སྐྱེ་ཆེན་དམ་པ་དག་གི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་སོ།།
ནང་རྟེན་གཙོ་བོ་སྒྲོལ་མ་རང་བྱོན་དང་འབྲོམ་སྟོན་པའི་སྐྱེ་རྒྱུད་ཆོས་རྒྱལ་བློ་གྲོས་འཕེལ་གྱིས་ཀླུ་བདུད་འདུལ་བའི་ཤེས་རབ་ཀྱི་རལ་གྲི། སྒྲོལ་མའི་སྒྲུབ་ཆུ་སོགས་རྟེན་ཁྱད་པར་ཅན་མང་ངོ་།བཤད་རྒྱུན་ལ་གེ་སེར་རྒྱལ་བོའི་བཅིབས་པ་རྐྱང་རྒོད་ཀྱི་རྨིག་རྗེས་བྲག་ངོས་སུ་ཡོད་པའི་རྒྱ་སྐད་དུ་མཱ་ཐིས་ཟི་སེར་བར་བཤད་མོད་གང་ལྟར་བྲག་ངོས་སུ་རྟའི་རྨིག་རྗེས་ཡོད་པ་མངོན་གསལ་རེད།ས་སྐྱའི་ལོ་རྒྱུས་ནང་འཇམ་མགོན་ས་པཎ་གྱི་དུས་སུ་མཚལ་དམར་པོའི་སྟེང་དུ་གསལ་བྱེད་མ་ཡིག་ཡོད་པའི་ཐེལ་རྙེད་པའི་མ་ཐེལ་དང་དམར་ཐེལ་སོགས་སུ་འབོད་པར་བཤད་ཀྱང་བདག་གིས་ལོ་རྒྱུས་ཡིག་ཆ་དངོས་སུ་མ་མཐོང་།
མདོ་སྨད་ཆོས་འབྱུང་ལྕགས་དཔར་དུ་མཱ་ཐིས་ཞེས་བཀོད་ཡོད་པས་འདིར་ཡང་དེ་ལུགས་སུ་མཱ་ཐིས་ཞེས་བྲིས་པ་ཡིན། བྲག་ངོས་བཀའ་གདམས་མཆོད་རྟེན་གྱི་བཟོ་བཀོད་ལ་དཔག་ན་ལོ་ངོ་སྟོང་གཉིས་ཀྱི་སྔོན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་འཛམ་བུ་གླིང་གི་ས་ཆར་སངས་རྒྱས་ཀྱི་རང་བསྲེལ་བཞུགས་པའི་མཆོད་རྟེན་བྱེ་བ་བཞེངས་པ་ལ་ཁོངས་བཅོལ་ན་ཧ་ཅིང་འོས་སྙམ།
དོན་དངོས་སུ་ཐོག་མར་བཀོད་པ་རྣམ་པར་མཛེས་པའི་བྲག་བརྐོས་ལྷ་སྐུ་མང་བོ་བཞུགས་སའི་ཁ་ཆེའི་ཡུལ་དུ་མཉམ་མེད་ཤཀྱཱའི་རྒྱལ་བོའི་བཀའ་སྡེ་སྣོད་གསུམ་གྱི་བསྟན་པ་རྒྱ་ཆེར་དར་བའི་སྐབས་སུ་འདིར་ཡང་རྒྱལ་བའི་བཀའ་རིན་པོ་ཆེས་དུས་ཀྱི་མིན་པ་སེལ་ནས་སེམས་ཅན་སྐྱེ་འགྲོ་ཡོངས་ཀྱི་རྒྱུད་ཀྱི་སྒྲིབ་པ་མཐའ་དག་བསལ་ཞིང་རིམ་གྱིས་རྫོགས་ལྡན་གྱི་བསྐལ་བ་ཤར་བར་མངོན་ལ་དེ་ནས་རིམ་བཞིན་རྒྱ་རྒྱུད་ནང་བསྟན་དང་སོག་པོའི་དུས་སུ་ས་སྐྱ་བ་གོང་ས་རྒྱལ་བ་གསུམ་པའི་དུས་སུ་དགེ་ལུགས་པའི་ཆོས་སྡེ་ཆེ་ཤོས་ཤིག་ཡིན།
རྒྱ་ནག་གི་ཡིག་ཚང་ལྟར་བྱས་ན་ཆིན་སྔོན་མ་ཏུན་ཅིན་རྒྱལ་ཁབ་བཅུ་དྲུག་གི་སྐབས་སུ་前秦东晋十六国ལང་སྔོན་མའི་རྒྱལ་བོ་ཀྲང་ཐེན་ཞི་前凉王张天锡དུས་ཏུན་ཧོང་རྫོང་ནས་ཡིན་པའི་ཀོ་ཡུའུ་郭瑀ཟེར་བའི་དགེ་བསྙེན་མཁས་པ་དེས་བྲག་ཕུག་བརྐོས་པར་བཤད་པ་དང་། ཡང་པེ་བེའི་རྒྱལ་རབས་བྱང་མའི་北魏སྐབས་སུ་བྲག་ཕུག་མཆོད་རྟེན་བརྐོས་པ་དང་ཡོན་རྒྱལ་རབས་元代སྐབས་སུ་ལྷ་སྐུ་དང་ལྡེབས་རིས་བྲིས་བར་བཤད་ཚུལ་གཉིས་ཡོད།
དེ་ལ་འདིར་བཀའ་གདམས་བུ་ཆོས་ལས་ཆོས་རྒྱལ་བློ་གྲོས་འཕེལ་གྱིས་གནས་འདིར་ཀླུ་བདུད་འདུལ་བར་གསུངས་ལ་རྒྱལ་བོ་ལྕགས་འབར་གྱི་སྲས་ཡིན་པར་བཤད་པས་ཀོ་ཡུའུ་ཟེར་བ་ཆོས་རྒྱལ་བློ་གྲོས་འཕེལ་ཡིན་མིན་དང་ཡང་ན་ཀྲང་ཐེན་ཞི་ཟེར་བ་རྒྱལ་བོ་ལྕགས་འབར་ཡིན་མིན་སོགས་ཀྱི་ཐད་ལ་ཞུབ་འཇུག་དང་ལོ་རྒྱུས་རྒྱུ་ཆ་འཚོལ་གནས་སུ་ཡོད། ཆན་ལང་རྒྱལ་བོའི་前凉王མངའ་ཁོངས་ནི་ཅོའུ་ཆོན་རྫོང་酒泉郡བོའུ་བེའི་རྫོང武威郡ཀྲང་ཡེ་རྫོང་张掖郡ཏུན་ཧོང་རྫོང་敦煌郡སོགས་རྫོང་བཞི་ཡིན་པར་བཤད་དོ།།
དེ་ལྟར་མདོ་ལ་རི་བོའི་བྱང་རྒྱུད་དུ་ལོ་ངོ་སྟོང་ཕྲག་གི་སྔོན་རོལ་ནས་དུས་གསུམ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་དར་བར་སྨྲ་མི་དགོས་ལ་དེང་གི་དུས་འདིར་ཡང་རང་བྱུང་ལྷུན་གྲུབ་ཀྱི་མཆོད་རྟེན་དང་བྲག་ཕུག་གི་བཀོད་པ་མཐའ་ཡས་པ་འདྲེན་བྱེད་མིག་གི་དགའ་སྟོན་ལ་ཀེར་གྱིས་བཞེངས་ཡོད་ལ་ང་འདྲ་བའི་བཙུན་པ་སྐྱོག་ལོག་འགའ་ཞིག་གིས་རང་ཡུལ་དྲོན་པོ་རྒྱབ་ཏུ་གཡུག་ནས་གནས་འདིར་ཇ་མིན་ཆུ་མིན་གྱི་བཏུང་བ་དང་བོད་མིན་རྒྱ་མིན་གྱི་སྐད་ཆ་ལབ་ནས་ལོ་ངོ་བཅུ་ཕྲག་གཉིས་ལ་ཨུ་ཚུགས་ཀྱིས་ཁ་བ་རི་བོའི་སྒོ་མོ་དམ་དུ་སྲུང་ཡོད་དོ།། 

 

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
        རྩོམ་འདིའི་སྦྲེལ་ཐག 
http://www.tb1025.cn

བརྒྱུད་འགོད།