ཏེ་ཐུང་བྲག་དགོན་མཆོག་དགའ་གླིང་གི་ལོ་རྒྱུས་དཀར་ཆག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-15 17:25:12     རྩོམ་པ་པོ།   ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕ    ཀློག་ཐེངས།  

འཛམ་གླིང་གནས་ཆེན་ཀུན་གྱི་ཕུལ་གྱུར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་རི་བོ་རྩེ་ལྔ་དང་གཉིས་སུ་མེད་པའི་བྲག་དགོན་མཆོག་དགའ་གླིང་གི་ལོ་རྒྱུས་དཀར་ཆག་གསལ་བར་བརྗོད་པ་ཞེས་བྱ་བ་བཞུགས་སོ།།


ཨོཾ་བདེ་ལེགས་སུ་གྱུར་ཅིགམོས་པའི་དག་བྱེད་ཀླུང་བརྒྱར་མཚན་དཔེའི་གར་གྱི་རི་མོ་འགོག་མེད་པ།།འགྲོ་བའི་དབང་བོར་འཚམས་པའི་ཟབ་བརླིང་དབྱངས་ཀྱི་དཀྱིལ་འཁོར་རྒྱུན་ཆགས་པ།།མཁའ་ཁྱབ་འགྲོ་ལ་རྗེས་ཆགས་སྙིང་རྗེས་ཡོངས་གང་མཁྱེན་པའི་མཐའ་བྲལ་བ།།རྣམ་འདྲེན་དོན་ཀུན་གྲུབ་པས་སྲིད་འདིར་བཀྲ་ཤིས་སྣང་བ་མཆོག་སྩོལ་ཅིག།འོད་སྟོང་དཔལ་གྱིས་དགེ་མཚན་མངོན་པར་བྱིན་པའི་གསེར་གྱི་ལྷུན་པོ་བཞིན།།མཆོག་ཏུ་ཞི་བའི་ཉམས་ལྡན་ཟབ་རྒྱས་ཆོས་ཕུང་གླུར་ལེན་པུསྟི་ཀ།ཀུན་རྨོངས་འཁྲི་ཤིང་དྲུངས་འབྱིན་ཟླ་བ་འཛུམ་བྱེད་འོད་ཀྱི་སྤྲོ་བསྡུ་ཅན།།འཆང་བའི་གར་གྱིས་ཤེས་རབ་དཔལ་སྟེར་འཇམ་དཔལ་སྨྲ་བའི་ལྷ་དེས་སྐྱོངས།།ཀུན་གཟིགས་ཡེ་ཤེས་མེ་ལོང་སྤྲོས་པ་ཉེ་བར་ཞི་བའི་མཁའ་ཀློང་ལས།།མཉེས་གཤིན་སྙིང་རྗེས་ཉིར་བཉུལ་ལྷུན་གྲུབ་འཕྲིན་ལས་ཀུན་ཏུ་བཟང་བོའི་དཔྱིད།།ལྷོ་གླིང་འཛིན་མའི་ཐིག་ལེར་བདུད་སྡེ་རྣམ་པར་གནོན་པའི་ཆོ་འཕྲུལ་གྱིས།།བདེ་བར་ལེགས་བྱོན་སྟོབས་ཀྱིས་འཁོར་སྒྱུར་གནམ་སྐྱོང་ངྷརྨཱ་རཱ་ཛར་འདུད།།ཆེས་དཀར་སྣ་ཚོགས་ལས་ཀྱིས་བརྡར་བ་ཡིས།།མཆོག་ཏུ་དགའ་བའི་འོད་སྣང་སྟོང་འབྱེད་པའི།།གླིང་གི་ཉིན་བྱེད་མཛེས་པའི་རྒྱན་གཅིག་བུ།།མཆོག་གསུམ་རྟེན་དང་བརྟེན་པར་བཅས་ལ་བསྔགས།། ཇི་ལྟར་ལོ་འདབ་རྒྱས་པའི་པད་དཀར་ཚལ།།བསུང་ཞིམ་དྲི་བཞོན་ཕོ་ཉས་བསྐུལ་བའི་ཚེ།སྲེད་ལྡན་བུང་བས་མགྲིན་པའི་རྫ་རྔ་དགརྡུང་བཞིན་དགའ་བའི་ཟློས་གར་སྟོང་གིས་བྲེལ།།སྐལ་བཟང་དད་པའི་ས་བོན་གྲུང་པོ་ཅན།།ལེགས་བཤད་བདུད་རྩིའི་རྒྱུན་གྱིས་བྲན་པ་ན།།དགའ་དང་བརྩོན་པའི་མྱུ་གུས་གཡུར་ཟ་ཞིང་།།རྣམ་དཀར་འབྲས་བུ་རྫོགས་པ་དངོས་པོའི་གཤིས།།དེ་སླད་འདིར་ཡང་གནས་ཀྱི་ཕུལ།།འདིར་གནས་རྟེན་གྱི་དཀར་ཆག་འཕྲེང་།།དད་པའི་གསོས་སུ་སྤེལ་བ་ལ།།གཟུར་གནས་ཚོགས་རྣམས་དགྱེས་པར་རོལ།།ཁེངས་བའི་གདེངས་ཀ་ཆེར་མཐོ་ཞིང་།།ཕྱོགས་ལྷུང་ཚིག་གི་ཕུད་སྒྲ་ཅན།།རང་འདོད་སེམས་ཀྱི་རོ་སྨད་ནི།།ཤིན་ཏུ་རིང་རྣམས་ཅི་དགར་བྱོས།།

དེ་ཡང་འདི་སྐད་ཅེས་ཐོས་ཏེ།ཛམ་བུའི་ལྗོན་ཤིང་གི་རྒྱལ་མཚན་ཉེ་བར་མཛེས་པའི་གླིང་ཆེན་པོ་འདིར།དབུས་སུ་རྒྱ་གར་རྡོ་རྗེ་གདན།བསྐལ་བཟང་སངས་རྒྱས་སྟོང་བྱོན་ཞིང་འབྱོན་པའི་གནས།ཤར་དུ་རྒྱ་ནག་རི་བོ་རྩེ་ལྔ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས།ལྷོར་རི་བོ་གྲུ་འཛིན་སྤྱན་རས་གཟིགས་ཀྱི་གནས།ནུབ་ཏུ་ཨོ་རྒྱན་མཁའ་འགྲོའི་གསང་་་མཛོད།།བྱང་དུ་ཤམ་བྷ་ལ་མིའི་རིགས་འཛིན་གྱི་གནས་ཏེ་གནས་ཆེན་ལྔ་དང་།གཞན་ཡང་གནས་ཁྱད་པར་དུ་འཕགས་པ་གང་ཟག་གི་ཤེས་རྒྱུད་བྱིན་གྱིས་རློབས་ནུས་པ་མཐའ་ཡས་པ་ཞིག་ཡོད་པར་གྲགས་སོ།།དེ་དག་ལས་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་རི་བོ་རྩེ་ལྔ་དང་བྱིན་རླབས་མཚུངས་པར་ཚད་མར་གྱུར་པའི་སྐྱེས་བུ་དམ་པ་དག་གིས་ཡང་ཡང་གསུང་པའི།།

ཏེ་ཐུང་བྲག་དགོན་མཆོག་དགའ་གླིང་ཞེས་གྲགས་སྙན་གྱི་དབྱར་རྔ་ཕྱོགས་ཀྱི་ཐ་གྲུ་ཁྱབ་པར་སྒྲོགས་པ་འདི་ཉིད་ཀྱི་ལོ་རྒྱུས་དང་།གནས་འདིར་པན་གྲུབ་དང་། སྐྱེས་ཆེན་དམ་པ་ཇི་ལྟར་བྱོན་ཚུལ།སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཚུལ།དགེ་འདུན་གྱི་སྡེ་ཆགས་ཚུལ་བཅས་རགས་ཙམ་འགོད་པ་ལ།

དང་བོ་རྒྱ་ནག་གི་རྒྱལ་པོ་ཐང་ཝང་གི་སྐུ་རིང་ལ།རྒྱ་གར་ནས་པན་ཊི་ཏ་ལྔ་བརྒྱ་རི་བོ་རྩེ་ལྔར་གདན་དྲངས་སྐབས་ཐོག་མར་གནས་འདིར་ཕེབས་ཏེ་བཀྲ་ཤིས་གསོ་སྦྱོང་མཛད་དབྱར་ཞལ་བཞེས་གནང་སྟེ།གནས་བྱིན་གྱིས་བརླབས་པ་དང་བསྟན་པའི་དབུ་འཛུགས་པར་མཛད།དེའི་རྗེས་སུ་ས་སྐྱ་པན་ཊི་ཏ་ཀུན་དགའ་རྒྱལ་མཚན་དང་།འགྲོ་མགོན་ཆོས་རྒྱལ་འཕགས་པ་རྣམ་གཉིས་ཧོར་རྒྱལ་བོས་གདན་དྲངས་ཚེ་གནས་འདིར་ཕེབས་ནས་གནས་འདི་འགྲོ་བ་ཀུན་གྱི་བསོད་ནམས་ཞིང་དུ་གྱུར་པ་རི་བོ་རྩེ་ལྔའི་གནས་ལག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཞུགས་གནས་ཁྱད་པར་དུ་འཕགས་པ་ཡིན་ཞེས་གསུངས།མཆོག་དགའ་གླིང་ཞེས་པའི་ས་སྐྱའི་སྒྲུབ་སྡེ་ཞིག་ཕྱག་འདེབས་གནང་།འདིར་བཞུགས་རིང་ལ་སངས་རྒྱས་བྱང་སེམས་ལྷ་དང་མཁའ་འགྲོ་དུ་མའི་ཞལ་གཟིགས།དེའི་རྗེས་སུ་རྒྱ་ནག་ཏ་མིང་རྒྱལ་པོའི་སྐུ་རིང་ལ།ས་སྐྱའི་སྒྲུབ་ཆེན་བླ་ཆེན་ཆོས་ཀྱི་རྒྱལ་མཚན་དང་།དགེ་ལུགས་པ་རྗེ་ཀླུ་འབུམ་བསམ་གཏན་གཉིས་འདིར་བྱོན།

དུ་རུ་ཆེན་པོ་དཔོན་ཀླུ་སྐྱབས་གཙོས་རྒྱ་བོད་ཧོར་གསུམ་གྱི་སྦྱིན་བདག་རྣམས་ཀྱིས་མཐུན་རྐྱེན་བྱུང་།བླ་ཆེན་རྣམ་གཉིས་ཀྱིས་ཞལ་བཀོད་མཛད་ནས།དབུས་རིའི་རྩེར་སངས་རྒྱས་བྱང་སེམས་དུ་མའི་འཕེལ་གདུང་རིང་བསྲེལ།ན་བཟའ།རྒྱ་གར་བོད་ཡུལ།རྒྱ་ནག་སོགས་ཀྱི་གནས་ཆེན་དུ་མའི་རྟེན་སྣ་བྱིན་ཅན་ལས་གྲུབ་པའི་རྒྱལ་ཚབ་བྱམས་པ་མགོན་པོའི་སྐུ་བརྙན་རང་བྱོན་ལྔ་ལྡན་གཙོ་འཁོར་གསུམ་ལྷ་ཁང་དང་བཅས་པ།

ལྷོ་རིའི་རྩེར་སངས་རྒྱས་འོད་སྲུངས་དང་ཤཱཀྱ་ཐུབ་པའི་རིང་བསྲེལ།གཞན་ཡང་སངས་རྒྱས་བྱང་སེམས།པན་ཊི་ཏ་དང་གྲུབ་པའི་དབང་ཕྱུག་དུ་མའི་འཕེལ་གདུང་རིང་བསྲེལ་ཕྱག་ཚ། ན་བཟའ།   སྒྲུབ་གནས་མང་བོའི་ས་སྣ་རྡོ་སྣ་ལས་གྲུབ་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་བརྙན་མཐོང་བ་དོན་ལྡན་འཁོར་མཆོག་ཟུང་བཅས།   ལོགས་བྲིས་ལ་གནས་བརྟན་བཅུ་དྲུག་ཡོད་པའི་ལྷ་ཁང་།

ནུབ་ངོས་སུ་ཕྱི་ནང་གི་ས་དགྲ་འདུལ་ཕྱིར་དུ་དམིགས་ནས་རྟེན་བྱིན་ཅན་དུ་མ་ལས་གྲུབ་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་བོའི་སྐུ་གཙོ་འཁོར་གསུམ་པའི་ལྷ་ཁང་།

  བྱང་རིའི་རྩེར་རྒྱ་ནག་རི་བོ་གྲུ་འཛིན་གྱི་རྟེན་སྣ་དང་། གཞན་ཡང་སངས་རྒྱས་བྱང་སེམས་དུ་མའི་འཕེལ་གདུང་རིང་བསྲེལ་བྱིན་ཅན་དུ་མ་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་རི་བོ་གྲུ་འཛིན་གྱི་སྤྱན་རས་གཟིགས་དང་སྐུ་ཉམས་མཚུངས་པ།འདི་ཉིད་བཞེངས་སྐབས་སུ་རི་བོ་གྲུ་འཛིན་གྱི་ཕྱོགས་ནས་ནེ་ཙོ་དཀར་པོ་ཡིད་དུ་འོང་བ་ཞིག་མངོན་སུམ་དུ་རྟེན་དེ་ལ་ཐིམ་པ་ཀུན་གྱིས་མཐོང་བས་རྟེན་བྱིན་ཅན་གཙོ་འཁོར་ལྔའི་ལྷ་ཁང་།

ཤར་ངོས་སུ་རི་བོ་རྩེ་ལྔའི་ས་སྣ་རྟེན་སྣ་གཞན་འཕེལ་གདུང་རིང་བསྲེལ་ན་བཟའ་དབུ་སྐྲ་སོགས་བྱིན་ལྡན་དུ་མ་ལས་གྲུབ་པའི་འཇམ་དབྱངས་སྨྲ་བའི་སེང་གེའི་སྐུ་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་བ་གཙོ་འཁོར་གསུམ་པ།    ལོགས་བྲིས་སུ་རི་བོ་རྩེ་ལྔའི་གནས་ཀྱི་བཀོད་པ་ཡོད་པའི་ལྷ་ཁང་བཅས་ལྷ་ཁང་གསར་དུ་བཞེངས། དེའི་རྗེས་སུ་གྲུབ་དབང་ཀླུ་འབུམ་བསམ་བསམ་གཏན་སེང་གེ་རིན་པོ་ཆེ་ཉིད་གནས་འདིར་བདེ་མཆོག་གྲུབ་ལུག་ཏུ་སྒྲུབ་པ་རྩེ་གཅིག་མཛད་སྐབས།ལྷ་དང་མཁའ་འགྲོ་དུ་མའི་ཞལ་གཟིགས་ཤིང་ལུང་བསྟན་པ་ལྟར།སྔར་གྱི་ས་སྐྱའི་མཆོག་དགའ་གླིང་དེ་ཉིད་གནས་སྤོར་ཏེ་དགེ་འདུན་བཅུ་ཕྲག་གསུམ་ལྷག་འདུས་པར་རི་དེའི་མདུན་ངོས་སུ་ལྷ་ཁང་འདུ་ཁང་བླ་བྲང་གྲྭ་ཁང་སོགས་གསར་དུ་བཞེངས་ནས།དབེན་གནས་བྲག་དགོན་རི་ཁྲོད་ཅེས་གསོལ།

འདུ་ཁང་གི་རྟེན་གཙོ་བོར་སངས་རྒྱས་འོད་སྲུངས་དང་ཤཱཀྱ་ཐུབ་པའི་རང་བསྲེལ་གྱིས་ཐོག་དྲངས་སངས་རྒྱས་བྱང་སེམས་དུ་མའི་རིང་བསྲེལ།རྒྱ་གར་པན་ཊི་ཏ་དང་གྲུབ་ཆེན་དུ་མ།ས་ཆེན་ཀུན་དགའ་སྙིང་བོ།པན་ཊི་ཏ་ཀུན་དགའ་རྒྱལ་མཚན།འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡབ་སྲས།མར་གཙང་བླ་ཆེན་དགོངས་པ་རབ་གསལ།མར་བ་ལོ་ཙྰ་བ།རྗེ་མི་ལ་རས་པ།རས་ཆུང་རྡོ་རྗེ་གྲགས་པ།མཉམ་མེད་ཇོ་བོ་ཆེན་པོ་དང་།འབྲོམ་སྟོན་པ།རྗེ་རིན་པོ་ཆེ་འཇམ་དབྱངས་གཙང་བ་བདུན་བརྒྱད་རྣམས་ཀྱི་ཕྱག་ཚ།ན་བཟའ།དབུ་ལོ།གཞན་ཡང་རྟེན་སྣ་བྱིན་ཅན་མང་བོ་དང་གནས་ཆེན་མཐའ་དག་གི་ས་སྣ་བཅས་ཕྱོགས་གཅིག་ཏུ་བསྒྲིགས་ནས་གཟུངས་གཞུག་དང་རྒུ་རྒྱུར་བསྲེ་བ་ཅི་རིགས་སུ་བྱས་ཏེ་སྨན་འདམ་ལས་གྲུབ་པའི་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་གསུམ་གྱི་སྐུ་བྱིན་རླབས་ཅན་དང་།སྟེང་དུ་འཇིགས་བྱེད་དཔའ་གཅིག་དང་འཇམ་མགོན་གཞོན་ནུར་གྱུར་པ།གཡས་སུ་དཔལ་མགོན་ཕྱག་དྲུག་པའི་སྐུ་ནང་རྟེན་དཔལ་ལྡན་ཤ་ཝ་རི་དབང་ཕྱུག་གི་ཕྱག་ཚ་མགོན་པོ་ཕྱག་དྲུག་པའི་སྐུ་དང་།མཁས་གྲུབ་ཁྱུང་པོ་རྣམ་འབྱོར་གྱི་ཕྱག་ཚ། མགོན་དཀར་གྱི་སྐུ་གཉིས་བཞུགས་པ། ཡུམ་ལྷ་མོ་ཕྱག་བཞི་དང་བཅས་པ།གཡོན་དུ་དམ་ཅན་ཆོས་རྒྱལ་གྱི་སྐུ་དེའི་ནང་རྟེན་དུ་རྗེ་རིན་པོ་ཆེས་རབ་གནས་མཛད་པའི་ཆོས་རྒྱལ་སྐུ་བཞུགས་ཤིང་ཡུམ་ཙ་མུཌཊྰདང་བཅས་པ།གསུང་རྟེན་གསེར་ལས་གྲུབ་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ།མདོ་སྡེ་པད་མ་དཀར་བོ།མ་ཎི་བཀའ་འབུམ་རྣམས་བཞུགས།རྟེན་དེ་རྣམས་རབ་གནས་ཀྱི་སྐབས་སུ་ནམ་མཁའ་འཇའ་འོད་ཀྱིས་གང་ཞིང་མེ་ཏོག་གི་ཆར་བབས་པ་དང་།ཡེ་ཤེས་པ་མངོན་སུམ་དུ་ཞུགས་པས་འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་དམ་པར་གྱུར།གནས་འདིར་འོངས་པའི་དགེ་འདུན་པ་རྣམས་ཀྱང་གཞི་གསུམ་གྱི་ཕྱག་ལེན་དང་རྒྱུན་འདོན་དུ་སྐྱབས་འགྲོ་ལྟུང་བཤགས།དགའ་ལྡན་ལྷ་བརྒྱ་མ་འཇིགས་བྱེད་དཔའ་ཅིག་གི་སྒྲུབ་ཐབས་སོགས་བཙུགས་ཏེ་རྒྱལ་བསྟན་རིན་པོ་ཆེ་ཡུན་རིང་དུ་གནས་པར་མཛད།ཡང་དམ་པ་དེ་ཉིད་དགུང་ལོ་བདུན་ཅུ་བཞེས་པའི་ཚེ་ཡུལ་དེའི་སྦྱིན་བདག་རྣམས་ཀྱི་ནད་ཡམས་འཐབ་རྩོད་སད་སེར་བཙའ་ཐན་སོགས་མི་འདོད་པའི་ཉེར་འཚེ་ཞི་བའི་ཕྱིར་དུ་རི་ཁྲོད་ཀྱི་ནུབ་ངོས་ཀྱི་རི་རྩར་སྐུལ་བྱེད་མའི་སྙིང་བོ་བྱེ་བ།འོད་ཟེར་ཅན་མའི་སྙིང་བོ་བྱེ་བ།སངས་རྒྱས་སྤྱན་མའི་སྙིང་བོ་བྱེ་བ་རེ་བཅས་ནང་རྟེན་དུ་ཡོད་པ། རྟེན་བྱིན་ཅན་དུ་མ་བསྲེས་པའི་སྨན་འདམ་ལས་གྲུབ་པའི་ལྷ་མོ་སྐུལ་བྱེད་མ་ཞལ་ཕྱག་ཡོངས་རྫོགས་གཙོ་འཁོར་ལྔ།ལོགས་བྲིས་ལ་ཡུམ་ཆེན་མོ།རྣམ་རྒྱལ་མ།གདུགས་དཀར།སྒྲོལ་མ་དཀར་ལྗང་གཉིས་འཁོར་སྒྲོལ་ཉེར་གཅིག་བཅས་བཞེངས་ཏེ་འགྲོ་བ་ཀུན་གྱི་སྡུག་བསྔལ་རྒྱུ་བཅས་དག་ནས།ཐར་བའི་ས་བོན་ཐེབས་པ་དང།བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བའི་སྨོན་ལམ་གྱིས་ཁ་བསྒྱུར་ནན་ཏན་མཛད།ཡིག་དྲུག་དུང་ཕྱུར་གཅིག་དང་།གཟུངས་རིང་ཁྲི་ཕྲག་མང་བོ་གསུངས་ནས་བྱིན་གྱིས་བརླབས་པའི་སྨན་འདམ་ལས་གྲུབ་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་སྣང་རྟེན།ནང་རྟེན་དུ་རྟེན་ཁྱད་པར་དུ་འཕགས་པ་དུ་མས་གཏམས་པ་མཐོང་བ་ཙམ་གྱིས་ངན་འགྲོའི་སྡུག་བསྔལ་སེལ་ཞིང་ཐར་བ་དང་ཐམས་ཅད་མཁྱེན་པའི་ས་བོན་འཇོག་པ་གཙོ་འཁོར་ལྔའི་ལྷ་ཁང་།གཡོན་དུ་རིགས་རྒྱུད་སྤེལ་བའི་སྤྱན་རས་གཟིགས་གཙོ་འཁོར་ལྔའི་ལྷ་ཁང་བཅས་བཞེངས་པ་སོགས་ཆོས་སྲིད་ཟུང་གི་སྒོ་ནས་རི་ཁྲོད་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་ནས།དགུང་ལོ་བདུན་བཅུ་རྩ་ལྔར་སླར་ཕེབས་པའི་ཧོར་ཟླ་གཉིས་པའི་ཚེས་གཅིག་ནས་འཁོར་ལོ་བདེ་མཆོག་གི་སྒྲུབ་མཆོད་མཛད་ནས་ཆོས་བརྒྱད་ཀྱི་སྔ་དྲོའི་ཆ་ལ་ཞི་བར་མནལ་བའི་ཚུལ་བསྟན་སྐབས་དཔོན་སློབ་སྦྱིན་བདག་རྣམས་ནས་དགོངས་རྫོགས་རྒྱ་ཆེར་བསྒྲུབས།སྐུ་གདུང་མཆོད་རྟེན་བཞེངས།སྐྱབས་མགོན་དེ་ཉིད་ཀྱི་ཡང་སྲིད་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་རིན་པོ་ཆེ་ནས་འདིར་ཞབས་པད་བཀོད་དོ།།ཉིད་ནས་ལམ་རིམ་གཉིས་ཀྱི་ཉམས་བཞེས་མཐར་ཕྱིན་ཅིང་།བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་གཟུགས་སྐུའི་བཀོད་པ་བསྡུས་ཚེ་བཞེངས་པའི་སྐུ་གདུང་མཆོད་རྟེན་བྱིན་ལྡན།ཡང་དམ་པ་དེ་ཉིད་ཀྱི་སྤྲུལ་སྐུ་བསྟན་འཛིན་གྲགས་པ་རིན་པོ་ཆེ་སྐུ་རིང་ལ།།

གོང་མ་ཁང་ཤི་རྒྱལ་བོས།ཀུན་གཟིགས་ལྔ་བ་ཆེན་པོ་རྒྱ་ནག་ཕོ་བྲང་དུ་གདན་དྲངས་སྐབས།སྤྲུལ་བའི་སྐུ་བསྟན་འཛིན་གྲགས་པ་དང་།དུ་རུ་དཔོན་ཀླུ་སྐྱབས་སོགས་ཐམས་ཅད་ནས་གསོལ་བ་བཏབ་པ་བཞིན།རི་ཁྲོད་འདིར་ཕེབས།རྟེན་རྣམས་ལ་རབ་གནས་དང་།གནས་འདི་འཁོར་ལོ་བདེ་མཆོག་གི་གྲུབ་གནས་དང་།རིག་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་ཡིན།མ་འོངས་པ་ན་བྱམས་མགོན་རང་བྱུང་འབྱུང་།ཞེས་ལུང་བསྟན།

རྒྱལ་དབང་རིན་པོ་ཆེ་ཉིད་ལ་ཀླུའི་རྒྱལ་བོས་ཕུལ་བའི་རྒྱ་ཇ་སྡོང་བོ་གཉིས་ངོ་མཚར་བའི་རྟེན་དུ་གནང་བ་ད་ལྟའི་བར་དུ་ཡོད་པའི་ཇ་སྡོང་འདི་གཉིས་ཡིན་ཞེས་གྲགས།ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རོང་བོའི་སྐལ་ལྡན་རྒྱ་མཚོ་དེར་ཕེབས་ནས་བདག་གནས་འབྲེལ་འཇོག་ཕྱིར་འོང་བ་ཡིན་གསུངས་སྐུ་མཚམས་ལ་ཡུན་རིང་བཞུགས།འདི་སྤྱན་རས་གཟིགས་ཀྱི་བཞུགས་གནས་བྱིན་རླབས་ཤིན་ཏུ་ཆེ་བ་ཞིགའདི་ན་དཔལ་མགོན་དངོས་སུ་བཞུགས་པའི་སྒྲུབ་ཕུག་ཡོང་གསུངས་ནས་དཔལ་མགོན་སྒྲུབ་ཕུག་ངོས་འཛིན་པར་མཛད། དེའི་རྗེས་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱལ་མཚོ་ཕེབས་ནས་རི་ཁྲོད་ཀྱི་ལྷ་ཁང་འདུ་ཁང་སྐུ་གསུང་ཐུགས་རྟེན་བཅས་ལ་རབ་གནས་རྒྱས་པར་གནང་།དེ་སྐབས་རྟེན་དམ་ཚིག་པ་ལ་ཡེ་ཤེས་པ་དངོས་སུ་ཐིམ་པ་དང་།ཆོས་སྐྱོང་རྣམས་ལ་དགོན་ནས་དགེ་འདུན་གྱི་སྡེ་དང་བཅས་པ་བསྲུང་བར་བཀའ་བསྒོ་བ་དང་འཕྲིན་བཅོལ་ནན་ཏན་མཛད་།ཉིད་ནས་ལུང་བསྟན་པ་ལྟར།བྲ་སྒོམ་ཆོས་ཀྱི་རྡོ་རྗེ།ཕུར་སྒོམ་ཉི་མ་རང་ཤར།ཨ་ཁྱུང་བླ་མ་གླང་དཀར་བ།སུམ་པ་སློབ་དཔོན།རྗེ་སྒོམ་ཞིས་པ།གྲུབ་དབང་ལྡན་མ་སྐུ་ཞབས་རྣམས་ཀྱང་རིམས་པར་ཕེབས།སྐུ་མཚམས་ལ་བཞུགས་ཡི་དམ་དུ་མའི་དཀྱིལ་འཁོར་སྒྲུབ་མཆོད་སོགས་ཐུགས་དམ་ལ་རྟག་འགྲུས་མཛད།

དེ་ནས་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའམ་མཚན་གཞན་ངག་དབང་ཆོས་གྲགས་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད།དཔོན་ཀླུ་སྐྱབས་ཀྱི་མཆོད་གནས་མཛད་ཅིང་། ཏེ་ཐུང་གདོན་ཐོས་བསམ་དར་རྒྱས་གླིང་གི་ཁྲི་བ་མཛད་སྐབས།རི་ཁྲོད་འདིར་ཕེབས་ནས་ཀུན་བཟང་ལྷ་ཁང་གི་གཡས་སུ་གཟིམ་གུར་ཕུབ་ནས་ལོ་རེ་བཞིན་དགུན་ར་བ་ནས་ས་ག་ཟླ་བའི་བར་བདེ་མཆོག་སོགས་ཡི་དམ་མང་བོའི་བསྙེན་བསྒྲུབ་མཛད།ལོ་དང་བོར་བཅད་རྒྱ་གྲོལ་སྐབས་རི་ཁྲོད་ཀྱི་བླ་མ་དགེ་འདུན་མང་བོར་བདེ་གསང་འཇིགས་གསུམ་སོགས་ཀྱི་དབང་དང་བཀའ་ཆོས་མང་བོ་བསྩལ་སྐབས་ཞལ་ནས།བྱང་ཤམ་བྷ་ལར་དུས་ཀྱི་འཁོར་ལོའི་བསྟན་པ་དར་སྐབས་བྱང་རིའི་རྒྱབ་ཀྱི་བདེ་མཆོག་རང་བྱུང་ལྔ་ལྡན་ཡབ་ཡུམ་དང་བཅས་པ་འབྱུང་།རི་ཁྲོད་འདིར་དགེ་འདུན་བཅུ་ཕྲག་མང་བོ་འདུས་འཁོར་ལོ་བདེ་མཆོག་གི་བསྟན་པ་དར་བར་འགྱུར་ཅེས་ལུང་བསྟན།བྱམས་པ་ལྷ་ཁང་གི་མདུན་གྱི་བྲག་སྟེང་དེར་བྱམས་མགོན་གྱི་སྐུ་རང་བྱོན་འབྱུང་བར་ཡང་གསུངས།གནས་འདི་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་ཡིན་པའི་སྟབས་ངེད་ཀྱང་ལོ་རེ་བཞིན་འདིར་མཚམས་དང་བསྟེན་བསྒྲུབ་རེ་བྱེད་རྩིས་ཡིན་ཞེས་ཡང་ཡང་གསུངས།དགོན་ཆོས་ལྷ་མོ་རྣམ་སྲས་དམ་ཅན་གུར་མགོན་སོགས་ཀྱིས་རྟེན་རྣམས་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྟེན་ཁྱད་པར་ཅན་ཡིན་གསུངས་ནས་རྒྱུན་གཏོར་དང་།བཅོ་ལྔ་ཉེར་དགུ་རྣམས་ལ་དུས་གཏོར་འཆགས་མེད་ཀྱི་ཕྱག་ལེན་གསར་འཛུག་མཛད་པ་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་བསྐྱངས།

སྟོང་སྐོར་མདོ་རྒྱུད་རྒྱ་མཚོ་གནས་འདིར་ཕེབས་ནས་སྐུ་མཚམས་གནང་། ལྷ་ཁང་འདུ་ཁང་བཅས་ལ་རབ་གནས་མཛད། ཀུན་མཁྱེན་འཇམ་དབྱངས་བཞད་པ་འཇིགས་མེད་དབང་བོ་འདིར་བྱོན་ནས་འཇམ་དབྱངས་ལྷ་ཁང་གི་གཟིམ་གཤག་བསྒྲུབས་ནས་འཇམ་དབྱངས་སྨྲ་སེང་གི་བསྒྲུབ་པ་ཡུན་རིང་མཛད།འཇམ་དབྱངས་སྨྲ་སེང་འདི་དང་རི་བོ་རྩེ་ལྔར་བཞུགས་པའི་སྨྲ་སེང་གཉིས་ལ་བྱིན་རླབས་དམན་མཆོག་མེད།རི་བོ་གྲུ་འཛིན་གྱི་སེམས་ཉིད་ངལ་གསོའི་སྐུ་དང་།འདིར་བཞུགས་པའི་སེམས་ཉིད་ངལ་གསོ་གཉིས་ཞལ་མཐོང་བ་ཙམ་གྱིས་ངན་འགྲོའི་སྐྱེ་སྒོ་ཁེགས་པ་དང་ཐར་བའི་ས་བོན་བསྐྲུན་པའི་རྟེན་ཁྱད་པར་དུ་འཕགས་པ་ཡིན་ཞེས་བསྔགས་བརྗོད་མཛད།བདེ་མཆོག་གི་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པའི་བདེ་མཆོག་སྒྲུབ་ཕུགདཔལ་མགོན་སྒྲུབ་ཕུགརྗེས་སོར་བྱམས་མགོན་རང་བྱུང་འབྱུང་བའི་བྲག་རྣམས་ཀྱང་ངོས་འཛིན་མཛད།

བྲག་དགོན་སྤྲུལ་སྐུ་བསྟན་འཛིན་རིན་ཆེན་དང་།གླེན་གྱ་ཧུ་ཐོག་ཐུ་ངག་དབང་བསྟན་འཛིན་གཉིས་ཀྱི་གསུང་བཀོད་ལྟར་དད་ལྡན་མང་བོས་དྭགས་པོ་མཐུ་སྟོབས་རྒྱ་མཚོ་རི་ཁྲོད་དུ་གདན་དྲངས།ཚོགས་དབུས་སུ་བཞུགས་ནས་བླ་མ་དགེ་འདུན་གྱི་སྡེ་དང་བཅས་པ་ལ་ཟབ་རྒྱས་ཀྱི་ཆོས་མང་དུ་གསུངས།སྐུ་གསུང་ཐུགས་རྟེན་རྣམས་ལ་རབ་གནས་བསྐྱར།དེ་རྗེས་པྲ་སྡེའི་མཁན་པོ།སྟག་ལུང་མཁན་པོ།ཨ་ཁྱུང་བློ་བཟང་མཆོག་གྲུབ་ཉི་མ།བ་ཟ་གྲུབ་ཆེན་སོགས་སྐྱེས་ཆེན་དམ་པ་དུ་མ་ཡང་གནས་མཇལ་དུ་ཕེབས་ནས་རབ་གནས་མཛད།དེ་རྗེས་བདག་གི་འདྲེན་མཆོག་དམ་པ་མཁས་དང་གྲུབ་པའི་དབང་ཕྱུག་རྗེ་གསེར་ཁང་བ་རིན་པོ་ཆེ་ཕེབས་ནས།དཔལ་འཁོར་ལོ་བདེ་མཆོག་གི་བསྙེན་བསྒྲུབ་དང་།དགེ་འདུན་རྣམས་ལ་བཀའ་ཆོས་ལྷ་ཁང་འདུ་ཁང་དང་བཅས་པ་ལ་རབ་གནས་མཛད།དེ་རྗེས་ཧོར་གྲུབ་ཆེན་དང་།གསེར་ཏོག་ནོ་མོན་ཧན།མཚན་སྒྲོགས་རིན་པོ་ཆེ་སོགས་ཀྱང་གནས་མཇལ་དུ་ཕེབས།དེ་རྗེས་སེམས་ཉིད་མཁན་པོ་སྐུ་མཚམས་ལ་བཞུགས་ཤིང་དད་ལྡན་རྣམས་ལ་བཀའ་ཆོས་དང་།སྐུ་གསུང་ཐུགས་རྟེན་ཐམས་ཅད་ལ་རབ་གནས་མཛད།མདོར་ན་གནས་མཆོག་འདིར་བཞུགས་པའི་རྟེན་རྣམས་བྱིན་རྟེན་ཁྱད་པར་ཅན་དུ་མས་དཀྲིགས་པ་དང།རིམ་གཉིས་ཀྱི་ལམ་ལ་ནང་བྱན་ཆུད་པའི་གྲུབ་པའི་དབང་ཕྱུག་དུ་མས་ཡེ་ཤེས་པ་དངོས་སུ་བསྟིམ་པའི་རབ་གནས་དང་ལྡན་པ་དང་།བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གྲགས་སྙན་གྱི་བ་དན་གཡོ་བ་དག་དང་།སྦས་པའི་བརྟུལ་ཞུགས་འཆང་བའི་རྣལ་འབྱོར་བ་ས་ལམ་གྱི་རྟོགས་པ་བརྙེས་པ་དུ་མ་སྔ་ཕྱིར་བྱོན་ནས་བྱིན་གྱིས་བརླབས་པ་སོགས་བསྔགས་འོས་ཀྱི་ཡོད་ཏན་དཔག་པར་དཀའ་བ་དང་ལྡན་པ་ཡིན་ནོ།།

སྨྲས་པ།རྒྱལ་དང་རྒྱལ་སྲས་རྣམས་ཀྱི་སྣང་བརྙན་དང་།།གསུང་རྟེན་དབྱངས་གསལ་གཟུགས་སུ་བཞེངས་པ་སོགས།མཐོང་བ་ཡིས་ཀྱང་སྡུག་བསྔལ་རྒྱུ་བཅས་ལས།།སྐྱོབས་ཤིང་གཏན་བདེའི་དཔལ་ལ་སྦྱོར་བ་ནི།།རླབས་ཆེན་འགྲོ་བ་སྒྲོལ་བའི་ཐུགས་བསྐྱེད་འབྲས།།ཚོགས་གཉིས་ཀླུ་དབང་ལྟོ་བར་སྨིན་པ་ལས།སྤང་རྟོགས་ལྷུན་རྫོགས་གསེར་གྱི་གར་བུ་རུ།།གྲུབ་པའི་མཐུ་ཡིན་བྱིས་པས་ཡུལ་ལས་འདས།། མང་མང་སྐྱེ་བའི་འཕྲེང་བ་བརྒྱུད་བརྒྱུད་ནས།།འཇིགས་འཇིགས་གཤིན་རྗེའི་ཁྲིམས་ར་འགྲིམ་འགྲིམ་ནས།།ཡང་ཡང་བཟོད་དཀའི་སྡུག་བསྔལ་མྱང་མྱང་ནས།།དཀའ་དཀའ་ལན་ཅིག་དལ་བ་ཤེས་ཤེས་སམ།།གློག་འོད་འགྱུར་བའི་ཡུན་ཙམ་དལ་བའི་དུས་།།བདག་ལ་རྗེས་སུ་བརྩེ་བའི་གྲོགས་པོ་དགཞིང་གི་མཐུ་ལ་བརྟེན་པའི་དགེ་ཚོགས་ལ་།།འབད་ནས་དལ་པ་དོན་དང་ལྡན་པར་མཛོད།།འདིར་འབད་ལེགས་བའི་ཆ་ཤས་ཟླ་གཞོན་གྱི།།བསིལ་འོད་འཐུང་བའི་ཀུན་ད་ལྟར་དཀར་བ།།ཀུན་ཏུ་བཟང་བོའི་སྨོན་བས་རབ་བསྒྱུར་བས།།ནམ་མཁའ་སྲིད་དུ་ཟད་པར་མ་གྱུར་ཅིགགནས་འདིའི་མཆོག་གསུམ་རྟེན་གྱི་དཀྱིར་འཁོར་ལ།།སུ་ཞིག་དད་པས་གུས་མཆོག་ལྷུར་ལེན་དང་།།བཟང་ངན་འབྲེལ་བ་ཐོགས་པ་མ་ལུས་པ།།དེ་དག་འཕྲལ་ཡུན་བདེ་བའི་དཔལ་ཐོབ་ཤོག།ལྗོངས་འདིར་ནད་ཡམས་འཁྲུགས་རྩོད་ཞི་བ་དང་།།ཀུན་ཀྱང་ཕན་ཚུན་དགའ་བའི་དཔལ་གྱིས་འཚོ།།ཆོས་ལྡན་རེ་བ་མཐའ་དག་ལྷུག་གྲུབ་སྟེ།།བཀྲ་ཤིས་དགེ་མཚན་མཆོག་ཏུ་རྒྱས་གྱུར་ཅིག།

ཅེས་འཛམ་གླིང་གནས་ཆེན་ཀུན་གྱི་ཕུལ་གྱུར།རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་རི་བོ་རྩེ་ལྔ་དང་གཉིས་སུ་མེད་པའི་བྲག་དགོན་མཆོག་དགའ་གླིང་གི་ལོ་རྒྱུས་དཀར་ཆག་གསལ་བར་བརྗོད་པ་འདི་ནི།དད་བརྩོན་འགྱུར་པ་མེད་ཅིང་བློ་གྲོས་མཁའ་ལྟར་ཡངས་པའི་མེར་རྒེན་ཆོས་རྗེ་འཇམ་དབྱངས་བསྟན་འཕེལ་ནས་དཀར་ཆག་སྔ་མ་ཞིག་ཡོད་པ་བསྡུས་ཤིང་དཔར་དུ་མ་འཁོད་བས་བྲིས་ནོར་རྒྱུན་འབྱམས་སུ་སོང་འདུག་པས།ཁ་ཚང་ཞིང་གསལ་བར་བརྗོད་པ་ཞིག་བྲིས་ན།ཁོ་བོས་དཔར་དུ་བཞེངས་རྒྱུ་ཡིན་ཞེས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་ཤིང་བཟའ་སྐྱེས་མིང་འཛིན་པ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་་དཔལ་བཟང་བོས་ལོ་རྒྱུས་རིང་བ་ཞིག་ཡོད་པ་གཞི་བྱས་ཏེ་གུས་ཆེན་པོས་སྦྱར་བ་ཛ་ཡན་ཏུ།།

རྭ་རྒྱའི་བཟོད་པ་བཟང་བོས་མཚམས་སྦྱོར་བྱས་ཤིང་ཡི་གེ་གཏག

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།