མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་གི་ངོ་སྤྲོད་མདོར་བསྡུས་བློ་གསལ་ལམ་སྟོན་སྒྲོན་མེ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-11-16 09:45:34     རྩོམ་པ་པོ།   ཡ་རུ་བསྟན་འཛིན་རྒྱ་མཚོ    ཀློག་ཐེངས།  

微信图片_20211116094750.jpg

དེ་ཡང་མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་ནི། མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤར་ལྷོའི་ཆར་གཏོགས། སྤྱིར་བོད་རྒྱལ་ཁམས་ཆེན་མོའི་མཐའི་ཡུལ་གྲུ་སྟེ་ཀ་ཇུ་དང་ཐོའུ་ཇུའི་བར་མཚམས། སྔོན་གྱི་ལྷ་བཙན་པོ་དག་གིས་རྒྱ་བོད་ཀྱི་ས་མཚམས་ཕྱེ་སྟེ་རྡོ་རིང་འགའ་དང་ཁད་ཉེ་བའི་ཡུལ་གྲུ།

ད་ལྟའི་སྲིད་འཛིན་ཁྱབ་ཁོངས་ལྟར་ན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་མཛོད་དགེ་སྟོད་མ་ཡུལ་ཚོའི་ལྟེ་བར་ཆགས་ཡོད། དགོན་པ་འདི་ནི་རབ་བྱུང་བཅུ་གསུམ་པའི་ས་རྟ་༼1798༽ལོར་དམེ་བོའི་དཔོན་དཀོན་མཆོག་རབ་བརྟན་གྱིས་དགོན་ས་གྲྭ་རྒྱུན་དང་བཅས་པ་བླ་བྲང་ཆེན་མོར་ཕུལ་བར་བརྟེན། འཇམ་དབྱངས་བླ་མ་རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཕྱག་འདེབས་མཛད། དེ་ནས་ཁོང་གི་ཐུགས་བསྐྱེད་ལ་བརྟེན་ནས་དབལ་མང་པཎྜི་ཏ་རྗེ་དཀོན་མཆོག་རྒྱལ་མཚན་པ་ཁྲིད་པར་བསྐོ་བཞག་གནང་སྟེ། དཔལ་ལྡན་སྨད་བརྒྱུད་ལུགས་ཀྱི་བདེ་གསང་འཇིགས་གསུམ་སྒྲུབ་མཆོད་ཀྱིས་མཚོན་པར་རྒྱུད་སྡེ་བཞིའི་བཅའ་ག་ཕྱག་ལེན་དང་འདོན་རྟ་དབྱངས། ཐིག་རྡུལ་ཚོན། འབུད་རྡུང་བཀྲོལ་གསུམ་སོགས་སྔོན་བྱོན་དམ་པ་གོང་མའི་ཕྱག་བཞེས་ཟམ་མ་ཆད་པར་བཙུགས་ཡོད། གཞན་འགྲེལ་བ་བསྐྱེད་རྫོགས་དང་། ལམ་རིམ་བློ་སྦྱོང་།འདུལ་བའི་བསླབ་བྱ་སོགས་ཀྱི་འཛིན་སྐྱོར་སྦྱོང་ལ་འཆད་ཉན་དམར་བ་གནང་རྒྱུ་ཡོད་པར་མ་ཟད། ཐུན་མོང་རིག་གནས་ཀྱི་སྐོར་ལའང་སྒྲ་སྨན་རྩིས་དང་། པར་བརྐོ་རྒྱུ་སོགས་མདོ་རྒྱུད་རིག་གནས་དང་བཅས་པར་ཐོས་བསམ་གནང་རྒྱུའི་ཕྱག་སྲོལ་གྲ་མ་ཉམས་ཤིང་གྲུ་མ་ཡལ་བ་ཡོད་དོ།།

   ཕྱི་རྟེན་བཞེངས་ཀྱི་སྐོར་ལ་འདུ་ཁང་དང་བྱམས་ཁང་། གུང་ཐང་མཆོད་རྟེན་མཐོང་བ་དོན་ལྡན། ཆོས་ཁྲི། མ་ཎི་འཁོར་ཁང་སོགས་ཡོད་ལ། གཞན་སྐྱབས་མགོན་བླ་བྲང་དང་གུང་ཐང་ནང་ཆེན་སོགས་ནང་ཁག་ཁ་ཤས་ཡོད།

ནང་རྟེན་གྱི་སྐོར་ལ་ཀུན་མཁྱེན་གཉིས་པས་གནང་བའི་ཙན་དན་ལས་གྲུབ་པའི་ཇོ་བོ་ལོ་ཀེ་ཤྭ་ར་དང་མ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་དུ་རྒྱུད་གྲྭ་གསར་འཛུགས་གནང་སྐབས་རྗེ་མཁས་གྲུབ་བསྟན་འཛིན་པས་བཞེངས་པའི་ཡི་དམ་ཆོས་སྲུང་དུ་མའི་ཞལ་ཐང་བྱིན་ཅན།  ཤཱ་རི་བུའི་ཕྱག་ངར་བྱིན་ལྡན། འབྲུག་པ་ཀུན་ལེགས་ཀྱི་དབུ་ཐོད་ཨ་ཡིག་རང་བྱོན། བསྟན་པའི་སྒྲོན་མེས་ཨརྒའི་བཅགས་པའི་སྟོན་པའི་སྐུ་པར་དང་ཕྱག་ཕྲེང་བྱིན་ལྡན། དབལ་མང་པཎྜི་ཏས་འགྲེལ་བ་ཚར་བཅོ་ལྔ་གནང་བྱེད་ཀྱི་ཕྱག་དཔེ་དང་ཕྱག་འཁོར་བྱིན་ལྡན་སོགས་མང་བོ་བཞུགས་སོ།།

     དགོན་པ་འདིར་ལོ་ཧྲིལ་བོར་ཆོས་ཐོག་དང་དུས་མཆོད་གལ་ཆེན་སོགས་ནི། ཆོ་འཕྲུལ་སྨོན་ལམ་དང་གདུང་མཆོད། རབ་གནས་ཆེན་མོ་དང་མ་ཎི་རིལ་སྒྲུབ། དབྱར་གནས་དང་གཏོར་ཆེན། གཏོར་སྒྲུབ་དང་ལྔ་མཆོད་ཆེན་མོ། གཞན་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་དང་དུས་ཚིགས་བཞིའི་ཆོས་ཐོག ཡར་ངོའི་དུས་བཟང་དང་མར་ངོའི་བསྐང་གསོལ་སོགས་ཆད་མེད་དུ་འཚོགས་བཞིན་ཡོད་པ་བསྟན་པ་ཡུན་རིང་དུ་གནས་པ་དང་འགྲོ་བར་བདེ་སྐྱིད་འབྱུང་བའི་ཆེད་དུ་ཡིན་པ་སྨྲས་མ་དགོས་སོ།།

     གཞན་དགོན་སྡེ་འདི་ལ་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་མང་བོ་བྱོན་མྱོང་ཞིང་། སྡེ་འདིའི་བསྟན་པའི་བདག་པོ་གུང་ཐང་སྐུ་ཕྲེང་རིམ་བྱོན་གྱིས་མཚོན་པར་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན། དབལ་མང་སྐུ་ཕྲེང་རིམ་བྱོན། གཞན་མཛོད་དགེ་རི་ཁྲོད་དབང་བོ་རྗེ་མཁས་གྲུབ་བསྟན་འཛིན་ཚང་། གླིང་དཀོན་མཆོག་དགྱེས་པའི་བློ་གྲོས། རྗེ་ཤེས་རབ་རྒྱ་མཚོ་ཚང་།  མཛོད་དགེ་དཀོན་མཆོག་དགེ་ལེགས་ཚང་། རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཚང་། ཡོངས་འཛིན་བསྐལ་བཟང་དཔལ་འབྱོར་ཚང་། ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་རྒྱ་མཚོ་སོགས་བྱོན་ནས་དབང་ལུང་རྗེས་གསུམ་དང་ཁྲིད་བཤད་མན་ངག་སོགས་ཀྱི་བཀའ་ཆོས་རིན་ཐང་དང་བྲལ་བ་གནང་ངོ་།།

     ཡིན་ནའང་ང་བརྒྱད་དང་རིག་གནས་གསར་བརྗེའི་སྐབས་ལ་ནང་གི་འཆད་ཉན་དང་ཕྱིའི་རྟེན་བཞེངས་སོགས་རྗེས་ཤུལ་མེད་པར་བྱས་ནའང་། ཡང་དར་བསྟན་པའི་མངའ་བདག་ཁྲི་གུང་ཐང་བ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་གི་ཐུགས་བསྐྱེད་ཟབ་མོའི་མཐུ་ལ་བརྟེན་ནས་ང་བརྒྱད་སྔོན་གྱི་གྲྭ་རྒན་བླ་རྒན་རྣམས་དང་། སྒོས་སུ་ཡ་རུ་ཆོས་འཕེལ་བླ་མ་དབུ་མཛད་དང་ཨ་མཆོག་བརྩོན་འགྲུས་བྱིངས་འདྲེན་དུ་བཞུགས་ནས་དགོན་པ་རང་གི་འདོན་རྟ་དབྱངས། ཆོ་ག་ཕྱག་ལེན། ཐིག་རྡུལ་ཚོན། འབུད་བདུང་དཀྲོལ་གསུམ། མེ་རི་བཅའ་བཟོ་ལ་སོགས་པ་སྔོན་བྱོན་སྐྱེས་བུ་དམ་པས་ཚུགས་ཡོད་པ་ཇི་ལྟ་བ་སླར་གསོ་གནང་ཡོད་པར་མ་ཟད། ཁོང་གི་མཆོག་སྤྲུལ་རིན་པོ་ཆེ་གུང་ཐང་བདུན་པ་ཚང་གིས་ཀྱང་ཡུལ་དུས་དང་མཐུན་པའི་སྒོ་ནས་ནང་བསྟན་རིག་གནས་འཛིན་གྲྭ་གསར་བཙུགས་གནང་། ཁོང་རྣམ་གཉིས་ཀྱི་སྐུ་ཕྲེང་སྔ་རྗེས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་ཚང་དང་། ཡོངས་འཛིན་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་། དགེ་བའི་བཤེས་གཉེན་ཨ་ཁུ་བཛྲ་ཚུལ་ཁྲིམས་ཚང་། གངས་ལྗོངས་རིག་བཅུ་སྨྲ་བ་དགེ་རྒན་རྒན་གྱའི་དཀོན་མཆོག་རྒྱ་མཚོ་ཚང་། རྩིས་རམས་པ་རྒན་བློ་བཟང་བསྟན་འཛིན་སོགས་གདན་དྲངས་ནས་མདོ་སྔགས་རིག་གནས་དང་བཅས་པའི་དབང་ལུང་བཀའ་ཆོས་ཀྱི་གདམས་པ་ཟབ་མོ་གནང་དང་གནང་མུས་སུ་ཡོད་པས། ད་ལྟ་སྡེ་འདི་ན་རྒྱུན་བཞུགས་ཀྱི་གྲྭ་བཙུན་བརྒྱ་དང་བདུན་ཅུ་ལྷག་བཞུགས་འདུག་པ། ངེད་ལྷ་སྡེ་དམེ་བོ་ཚོ་བ་དྲུག་གིས་མཚོན་པར་དད་ལྡན་འགྲོ་བ་ཡོངས་ཀྱི་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དང་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་དམ་པ་ཤ་སྟག་ལགས་སོ། །

ཞེས་པ་འདི་ནི་མཛོད་དགེ་དགོན་གསར་དགའ་ལྡན་རབ་རྒྱས་གླིང་གི་རིགས་སྨྲ་བའི་གྲལ་མཐའ་ཡ་རུ་བསྟན་འཛིན་རྒྱ་མཚོ་འབོད་པས་གཞན་གྱིས་སྐུལ་མ་བྱས་པ་ལྟར་ཁུངས་ལྡན་གྱི་ཡིག་ཆ་ཁག་ལ་གཞིར་བཟུང་ནས་རྩོམ་སྒྲིག་བྱས་པ་ཡིན་ནའང་། ནོར་འཁྲུལ་ཡོད་ན་བདག་ལ་དགོངས་འཆར་སྩོལ་བར་ཞུ།

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།