གཙོས་དགོན་དགའ་ལྡན་ཆོས་གླིང་།

ཡོང་ཁུངས།   མདོ་ལྷོ་དྲ་བ།     སྤེལ་དུས།  2018-10-24 21:26:58         ཀློག་ཐེངས།  

གཙོས་དགོན་དགའ་ལྡན་ཆོས་གླིང་གི་ལོ་རྒྱུས་རགས་བསྡུས་ཙམ་འགོད་པ་ལ། ཐོག་མར་ཡུལ་ཕྱོགས་འདི་ཉིད་ལ་གཙོས་ཞེས་འབོད་པའི་མིང་དེ་ཇི་ལྟར་ཐོགས་པའི་ཚུལ་ནི། མདོ་སྨད་ཆོས་འབྱུང་ལས། གཙོ་བོའི་མེས་གོང་མ་ཀླུ་རྒྱལ་བྱམས་དང་། ཙ་ཡུས་ཀྱི་གོང་མ་ཀླུ་རྒྱག་གཉིས་སྤུན། གཡུ་རྩ་དམག་དཔོན་གྱི་རྒྱུད་པ་གཙོ་བོ་ཆེ་ཆུང་དང་། གཙོ་བོ་ཕན་ཚུན་ཡང་ཟེར་ཞེས་གསུངས་པ་དང་། དཀའ་བཅུ་འཕྲིན་ལས་རབ་བརྟན་གྱི་རྟོགས་བརྗོད་པད་དཀར་ཆུན་པོ་ལས། མདོ་སྨད་ཕྱོགས་ཀྱི་གཙོ་བོ་ཕན་ཚུན་གཉིས། ཞེས་དང་། རྗེ་སྐལ་ལྡན་རྒྱ་མཚོས། མདོ་སྨད་ལྷོ་ཕྱོགས་གཙོ་བོའི་ཡུལ། ཞེས་གསུངས་པ་ལྟར་སྔོན་གཙོ་བོའི་མེས་གོང་མ་ཀླུ་རྒྱལ་བྱམས་སོགས་དཔོན་ཁག་གི་ལས་ཀྱི་བགྱི་བ་ཆེས་ཆེར་དར་བ་ན། དཔོན་པོ་ཁག་གིས་བཟུང་བའི་ཡུལ་འདིའི་ས་མིང་འབོད་བདེ་བའི་ཆེད་དུ། གཙོ་བོའི་མེས་གོང་མ་དང་གཙོ་བོའི་ཡུལ་ཞེས་པའི་ཚིག་ཟུར་གྱི་གཙོ་ཡིག་ལ་མེས་ཀྱི་ས་ཡིག་སྦྱར་ཏེ་གཙོས་ཀྱི་ཡུལ་ལམ་གཙོས་ཞེས་ཡོངས་སུ་གྲགས་སོ།། ཡུལ་འདིའི་རུ་སྡེ་ཆགས་ཚུལ་ནི། གཡུ་རྩ་དམག་དཔོན་གྱི་རྒྱུད་པ་ཀླུ་རྒྱལ་བྱམས་ཀྱིས་ཡུལ་བེའུ་སྨད་ཀྱི་སར་གཞི་བཟུང་སྟེ་རིམ་གྱིས་རུ་རྙིང་ཚོ་དྲུག་དང་། རྗེས་སུ་དབུས་ནས་འོང་བའི་དཔོན་ལྷ་འབུམ། སྟོད་སོག་ནས་འོང་བའི་དཔོན་བསྟན་འཛིན། སྨད་སོག་ནས་འོང་བའི་སྒོ་རྫོང་བེའུ་ཧུ་སོགས་དཔོན་ཁག་གིས་གཞི་བཟུང་སྟེ་རུ་གསར་ཚོ་བ་བཅུ་བཞི་དང་། དཔོན་སྐོར་ཚོ་བ་བཅས་ད་ལྟའི་ཚོ་བ་ཉེར་གཅིག་རིམ་གྱིས་ཆགས་སོ།། དེའང་གཙོས་དགོན་དགའ་ལྡན་ཆོས་གླིང་ནི་ད་ལྟའི་གཙོས་གྲོང་ཁྱེར་སྣ་སྦུག་ཞང་གི་ཁོངས་སུ་ཆགས་ལ། གཙོས་རྒྱ་མཁར་དགོན་ཞེས་ཀྱང་ཟེར། དགོན་པ་འདི་དུས་ནམ་ཞིག་ལ་བཏབ་པ་དང་སུ་ཞིག་གིས་བཏབ་པ་ལ་བཤད་ཚུལ་མི་གཅིག་པ་དུ་མ་སྣང་མོད། མདོ་སྨད་ཆོས་འབྱུང་ལྟར་ན་དགེ་བའི་བཤེས་གཉེན་ཆེན་མོ་འབེ་ཤེས་རབ་མཆོག་ལྡན་གྱིས་ཕྱག་འདེབས་མཛད་པ་ཡིན་ཏེ། ཆོས་འབྱུང་དེ་ཉིད་ལས། གཙོས་དགོན་དགའ་ལྡན་ཆོས་གླིང་ནི་འབེ་ཤེས་རབ་མཆོག་ལྡན་གྱིས་བཏབ། འདི་བ་རྒན་གྱའི་ཚ་ཁ་ནས་འཁྲུངས། རོང་བོ་བླ་མ་དམར་དམར་གྱི་སྐྱེ་བར་བཤད་པ་སྣང་ཡང་། དམ་པ་དེ་ཉིད་ཀྱི་སྐྱེས་རྒྱུད་རོང་བོ་མར་ནང་བྲག་དཀར་ཚང་སྐུ་ཕྲེང་ཡིན་པས་དཔྱད་བྱ་སྣང་། དབུས་སུ་ཐུགས་གཉེར་མཛད། དགེ་བཤེས་འགྲན་ཟླ་མེད་པས་རིགས་པའི་དབང་ཕྱུག་ཀྭ་རིང་བཀའ་བཅུས། འཆད་ན་ང་། རྩོད་ན་ང་། རྩོམ་ན་ང་། ཞེས་པའི་སྒོ་ཡིག་སྦྱར་བ་སུན་འབྱིན་མཁན་ཡང་འདི་བ་ཡིན། ལྷ་རམས་པའི་མཚན་བཏགས་ཐོབ། རྒད་པོ་ཨ་ར་ཅན་ཞིག་གིས་མདོ་སྨད་དུ་འབྱོན་པར་བསྐུལ། དེ་རྨ་ཆེན་ཡིན་ཞིང་དེང་སང་ཡང་གསོལ་ཁ་གཏོང་། ཡབ་གདན་འདྲེན་དུ་སོང་བ་ལ་གསེར་སྲང་གང་ཡོད་པ་ས་སྐྱའི་བདག་ཆེན་ལ་འབུལ་བཅུག ཁོང་གིས་ཞལ་གནང་བ་ཆོས་སྐྱོང་དུ་བསྟེན། དང་བོ་གཙོས་ལྷ་ཁང་ཤར་དུ་བཞུགས། དེ་དུས་ཁང་ས་ནས་རྙེད་པའི་ཐུབ་སྐུ་ད་ལྟ་དགོན་པའི་རྟེན་གཙོ་ཡིན། དཔོན་པོ་ལྷ་འབུམ་དབུས་ནས་འོངས། དེས་སྦྱིན་བདག་བྱས་ཏེ་རྒྱ་མཁར་དགོན་འདིར་ནང་སོའི་གཞིས་ཀ་ཡོད་པས་དེར་མགོན་ཁང་བཞེངས་ནས་རིམ་གྱིས་ཆགས་ཞེས་གསུངས། ཡང་བཤད་ཚུལ་གཞན་པ་ཞིག་ནི། རབ་བྱུང་བཅུ་བའི་ས་ལུག་ལོརསྤྱི་ལོ༡༦༡༩རོང་བོ་བླ་མ་དམར་དམར་དུ་གྲགས་པ་རྗེ་ཕུན་ཚོགས་དར་རྒྱས་པ་དེ་ཉིད། བེའུ་སྨད་ཀླུ་རྒྱལ་བྱམས་ཀྱི་རྒྱུད་པའི་དཔོན་པོས་གདན་དྲངས་ཤིང་སྦྱིན་བདག་ཀྱང་བྱས་ཏེ་རི་ཁྲོད་ཕྱག་འདེབས་མཛད། རབ་བྱུང་བཅུ་གཅིག་པའི་མེ་བྱི་ལོརསྤྱི་ལོ༡༦༣༦རྗེ་སྐལ་ལྡན་རྒྱ་མཚོ་ཡང་རི་ཁྲོད་འདིར་ཕེབས་ཏེ་སྒྲུབ་པ་མཛད། ངག་དབང་ཚུལ་ཁྲིམས་དང་རིན་ཆེན་བཟང་བོ་སོགས་ལ་ཟབ་ཆོས་ཀྱང་མང་དུ་བསྩལ། དེ་རྗེས་དཔོན་ལྷ་འབུམ་དང་སྒོ་རྫོང་བེའུ་ཧུ་རྣམ་གཉིས་སྦྱིན་བདག་བྱས་ཏེ་འབེ་ཤེས་རབ་མཆོག་ལྡན་གྱིས་རབ་བྱུང་བཅུ་གཅིག་པའི་ས་རྟ་ལོརསྤྱི་ལོ༡༦༧༨སྔོན་གྱི་རི་ཁྲོད་དེ་རྒྱ་ཆེར་བསྐྱེད་ཅིང་གྲྭ་རྒྱུན་མང་བོ་བསྡུས། འདུ་ཁང་དང་རྗེ་སྐལ་ལྡན་རྒྱ་མཚོའི་ཐུགས་དམ་གྱི་རྟེན་མི་ལ་རས་པའི་སྐུ་གསུང་འབྱོན་མར་གྲགས་པ་ནང་བཞུགས་ཀྱི་ལྷ་ཁང་བཅས་གསར་བཞེངས་གནང་ཞེས་ཀྱང་ཟེར་རོ།། རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་ལོརསྤྱི་ལོ༡༧༡༠ཀུན་མཁྱེན་ཆེན་པོ་རྗེ་འཇམ་དབྱངས་བཞད་པའི་སྡེ་འདིར་སྤྱན་དྲངས། བཀའ་ཆོས་གནང་སྐབས་ཕྱག་དཔེ་རླུང་གིས་ཁྱེར། འགྲེལ་བ་དོན་གསལ་དང་འགྲེལ་བ་བཞི་སྦྲགས་ཀྱི་ཤོག་བྱང་རེ་བོར་བ་འབད་པས་བཙལ་དུ་བཅུག སྔ་མ་རྙེད་སར་བཤད་གྲྭ་དང་ཕྱི་མ་རྙེད་སར་སྒྲུབ་གྲྭ་འཛུགས་དགོས་པའི་བཀའ་ལུང་གནང་བ་ལྟར། ཕྱིས་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ལོརསྤྱི་ལོ༡༧༤༩ཀུན་མཁྱེན་བླ་མའི་སློབ་མ་ཁྲི་ཆེན་རྣམ་བཞིའི་ནང་ཚན་ཁྲི་རིན་པོ་ཆེ་རྒྱལ་མཚན་སེང་གེ་གདན་དྲངས་ནས་དགོན་འདིར་གཞུང་བཀའ་པོཏ་ལྔའི་འཆད་ཉན་བཙུགས། བེ་རི་མཐུ་སྟོབས་རྒྱལ་མཚན་ཁྲི་བར་བསྐོས། བཅའ་ཡིག་བླང་དོར་ཀུན་གསལ་ཞེས་བྱ་བ་གནང་། དེ་ནས་བཟུང་སྡེ་འདི་བཞུགས་སའི་མཐིལ་གནང་སྟེ་བསྐྱངས་པས་གདན་སའི་བདག་པོར་གྱུར་ཏོ།། སྡེ་འདིའི་བདག་པོ་ཁྲི་ཆེན་སྐུ་ཕྲེང་རིམ་པར་བྱོན་ཚུལ་མདོར་བསྡུས་ནི། སྐུ་ཕྲེང་དང་པོ་དགའ་ལྡན་ཁྲི་ང་གསུམ་པ་རྒྱལ་མཚན་སེང་གེ་མཆོག་ནི་རབ་བྱུང་བཅུ་གཅིག་པའི་ས་རྟ་ལོརསྤྱི་ལོ༡༦༧༨ཆོས་འཁོར་ཞེས་པའི་སར་སྐུ་འཁྲུངས། དགུང་ལོ་ཉེར་བདུན་པ་ལ་དབུས་སུ་ཕེབས་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་སློང་གི་སྡོམ་པ་ཞུས། གང་གི་བཀའ་ལྟར་འབྲས་སྒོ་མང་ཆོས་གྲྭར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དྲུང་ནས་བརྩི་བཞག་གསན། ཁྲི་ངག་མཆོག་ལྡན་དང་ཀུན་མཁྱེན་བླ་མ་རྣམ་གཉིས་གཙུག་གི་རྒྱན་ཏུ་བསྟེན་ཏེ་གཞུང་བཀའ་པོཏ་ལྔ་ལ་སྦྱང་བ་ཕུལ་ཕྱིན་གནང་། སོ་དགུ་བ་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་རབ་འབྱམས་པའི་དམ་བཅའ་གནང་། མཁས་པའི་གྲགས་པ་ཆེས་ཆེར་རྒྱས། དེ་ནས་ཟླ་བ་རྒྱལ་མཚན་པའི་གདན་ས་ཀོང་པོ་འབྲུ་ལའི་མཁན་ཁྲིར་ལོ་གསུམ་ལ་བཞུགས་རྗེས་རྒྱུད་སྟོད་དུ་སྔགས་ལ་སྦྱངས། ཞེ་དགུ་བ་ནས་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ལ་བཞུགས་ཤིང་། ང་གཉིས་པ་ནས་རྒྱུད་པའི་ཁྲི་བ་དང་དགའ་ལྡན་ཤར་རྩེའི་མཁན་པོ་ཟུང་འབྲེལ་མཛད། ང་ལྔ་བ་ནས་ལོ་བརྒྱད་ཀྱི་རིང་དགའ་ལྡན་གསེར་ཁྲིར་བཞུགས། རེ་གསུམ་པ་ནས་སེམས་དཔའ་ཆེན་པོ་གཞོན་ནུ་འོད་ཀྱི་གདན་ས་དགའ་ལྡན་མང་རིའི་མཁན་ཁྲིར་ལོ་བརྒྱད་ལ་བཞུགས། སྐབས་དེར་མདོ་སྨད་ཕྱོགས་ནས་མི་སྣ་བཏང་སྟེ་གདན་འདྲེན་ཞུས། རྒྱལ་དབང་བདུན་པ་མཆོག་ནས་ཉིད་ཀྱིས་བཞེས་པའི་དབུ་ཞྭ་སྣེ་རིང་དང་། གོས་བེར། མི་ཏྲ་དང་རྡོར་འཕྲེང་གི་དཀྱིལ་འཁོར་ཆ་ཚང་། ཐམ་ག་སོགས་མདོ་སྨད་དུ་ཆིབས་སྒྱུར་མཛད་དེ་ཐོག་མར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། བདེ་མཆོག་དང་འཇིགས་བྱེད་ཀྱི་དབང་སོགས་བཀའ་ཆོས་མང་དུ་གནང་། ཚོགས་སུ་དངུལ་ཊམ་རེའི་འགྱེད་བཏང་། ཕྱི་ལོ་ས་འབྲུག་ལོར་གཙོས་དགོན་པར་ས་བརྟག་བསླང་སོགས་མཛད་དེ་གཙོས་བླ་བྲང་དབང་ལྡན་ལྷུན་པོའི་གཞི་བཟུང་། སྟག་ཚང་ལྷ་མོའི་དགོན་དགའ་ལྡན་བཤད་སྒྲུབ་གླིང་ཕྱག་འདེབས་མཛད། རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ལོར སྤྱི་ལོ༡༧༤༩གོང་དུ་བཤད་ཟིན་ལྟར་སྡེ་འདིར་མཚན་ཉིད་བཙུགས་ཤིང་དཔལ་རི་བོ་དགེ་ལྡན་པའི་གྲུབ་མཐའ་གཞིར་བཞག་གི་བཅའ་ཡིག་གནང་སྟེ་འཆད་ཉན་སྤེལ་བ་སོགས་མཛད་འཕྲིན་ཤིན་ཏུ་རྒྱས། དགུང་ལོ་དོན་དགུ་བ་ལ་དག་ཞིང་གནང་། བཀའ་རྩོམ་པོཏ་གཅིག་བཞུགས། སྐུ་ཕྲེང་གཉིས་པ་བློ་བཟང་རྒྱལ་མཚན་སེང་གེ་ནི་རབ་བྱུང་བཅུ་གསུམ་པའི་མེ་གླང་ལོརསྤྱི་ལོ༡༧༥༧འབོ་རའི་ཁྲོམ་ཐོག་གི་སར་དྲུང་བ་ལྕགས་པོ་བྱམས་དང་། ཡུམ་ལྕགས་མོ་བྱམས་གཉིས་ཀྱི་སྲས་སུ་འཁྲུངས། རྔ་བ་ཆོས་སྐྱོང་རྒྱ་མཚོའི་དྲུང་ནས་གཙུག་ཕུད་བྲེག བློ་བཟང་ཐོས་བསམ་ཟེར་བས་ཀློག་ཕུལ། ལྷ་མོ་ཉིན་གྱི་དཔོན་སློབ་མཁས་གྲུབ་རྒྱ་མཚོ་ལས་དགེ་ཚུལ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་དགེ་སློང་གི་སྡོམ་པ་བཞེས། དངུལ་སྲང་ཁྲི་ཕྲག་བརྒལ་བས་འདུ་ཁང་བཞེངས། ཆུ་སྟག་ལོར་དབུས་སུ་རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཇལ། འབྲས་སྒོ་མང་ཆོས་གྲྭར་ཞུགས། ཉིན་རེར་ཤོག་བུ་བཅུ་གསུམ་རེ་ཆག་མེད་ཀྱིས་ཕར་ཕྱིན་སྐབས་དང་བོ། གསུམ་པ། བཞི་བ། དྲང་ངེས་རྣམ་འབྱེད་ཆེན་མོ། ལེགས་བཤད་གསེར་འཕྲེང་། སྟོན་ཐུན་སྐལ་བཟང་མིག་འབྱེད་རྣམས་བཟུང་། སྒོ་མང་དཔོན་སློབ་ཧོར་སྐལ་བཟང་དངོས་གྲུབ། པཎྚི་ཏ་བསོད་ནམས་བཀྲ་ཤིས་གཉིས་ལ་དཔེ་ཁྲིད་དང་དོགས་གཅོད་ཞུས་ཏེ་གཞུང་ལུགས་རྒྱ་མཚོར་སྦྱངས། ཆུ་སྤྲེལ་མདོ་སྨད་དུ་ཆིབས་བསྒྱུར་མཛད་སྐབས་རྒྱལ་དབང་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོས་དགའ་ལྡན་བསྟན་པའི་གསལ་བྱེད་ཨེརྟི་ནི་པཎྚི་ཏའི་ཆོ་ལོ་དང་། ཐམ་ག སྐུ་གསུང་ཐུགས་རྟེན་སོགས་བསྩལ། གདན་སར་བྱོན་ཏེ་ཚོགས་མང་ལ་ལམ་རིམ་ཆེན་མོའི་བཤད་ལུང་དང་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སོགས་གནང་། སྨད་དུ་སྔ་ཕྱིར་ལན་གཉིས་དང་སླར་ཡང་དབུས་གཙང་དུ་ལན་གཅིག་བྱོན། ལྷ་མོ་ཉིན་གྱི་དགོན་པ་དགའ་ལྡན་བཤད་སྒྲུབ་གླིང་དང་། བྱམས་མེ་དགོན་དགའ་ལྡན་རྣམ་རྒྱལ་གླིང་། སོག་ཚང་དགོན་བཀྲ་ཤིས་ཐེག་ཆེན་གླིང་རྣམས་སུ་རྒྱུད་ཀྱི་འཆད་ཉན་བཙུགས། གདན་སར་འདུ་ཁང་ཆེན་མོ་དང་རྟ་མགྲིན་ལྷ་ཁང་། དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་། འཇམ་དབྱངས་དཀར་པོའི་ལྷ་ཁང་སོགས་དང་ནང་ཆེན་རྒྱ་ཆེར་བཏང་ཞིང་ཚོམས་ཆེན་དུ་མགོན་པོ་འོད་མི་འགྱུར་གྱི་སྐུ་ནོར་བུ་རཏྣ་གཟུངས་གཞུག་ཏུ་བཞུགས་པ་སུམ་ཐོག་གི་ཚད་ཅན། པར་ཁང་ཆེན་མོར་ཡང་པར་ཤིང་མང་བོ་བཅས་རྟེན་དང་བརྟེན་པ་གང་མང་བཞེངས། དགུང་ལོ་གྱ་དགུ་བ་ལ་ཇག་དམག་གི་གནོད་འཚེ་བྱུང་སྟེ་སྡེ་འདིའི་འདུ་ཁང་དང་ལྷ་ཁང་རེ་མ་གཏོགས་སྐུ་གསུང་ཐུགས་རྟེན་མཐའ་དག་མེར་བསྲེགས། ཆག་འཇིག་ཆེན་པོ་བྱུང་། དེ་ནས་ཡང་རིམ་གྱིས་ལོ་གསུམ་གྱི་རིང་ལ་གསེར་ཁང་ཆེན་མོ་ཉིས་ཐོག་ཅན། རྟ་མགྲིན་ལྷ་ཁང་། དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་། མགོན་ཁང་ཆེན་མོ། ནང་ཆེན་མགོན་ཁང་། ཚོམས་ཆེན། གཟིམས་ཁང་ཉི་འོད་འཁྱིལ་བ་སོགས་སླར་ཡང་བཞེངས། འཆད་ཉན་ཕྱོགས་ལ་བསྡུས་གྲྭ་རྟགས་རིགས་ལོ་བཞི་དང་། གཞུང་གསར་ནས་ལོ་དྲུག་ལ་སྦྱང་དགོས་པའི་འགྲིག་ལམ་བཙུགས་པ་དང་། དཔྱིད་ཆོས་སྐབས་ཀྱི་འཛིན་གྲྭ་གཏུགས་ཀྱི་སྲོལ། རིགས་གྲྭའི་ཚོགས་ལངས། དམ་བཅའི་རྒྱུགས། བརྩི་བཞག་གི་རྒྱུགས། རྣམ་འགྲེལ་དུས་བཟང་། ཕར་ཕྱིན་སྟོན་མོ། སྨོན་ལམ་རབ་འབྱམས་པའི་དམ་བཅའ་སོགས་དང་། གར་འཆམ། སྨོན་ལམ་གསེར་སྦྲེངས་སོགས་ཀྱི་ཕྱག་སྲོལ་རྒྱས་པར་བཙུགས་ཏེ། སྡེ་འདིའི་བཀའ་པོཏ་ལྔའི་འཆད་ཉན་སོགས་ད་དོ་དམ་རྟིང་བསྐུལ་གནད་སྨིན་གནང་། དགུང་ལོ་གོ་གསུམ་པ་ས་བྱ་ལོར་དགོངས་པ་དག་ཞིང་དུ་གཏད། རྗེ་འདིའི་བཀའ་རྩོམ་ལ་གཙོས་དགའ་ལྡན་ཆོས་གླིང་གི་བཅའ་ཡིག་དང་མདོ་སྔགས་རིག་གནས་ཕྱོགས་ཀྱི་གསུང་སོགས་བསྡོམས་པས་པོཏ་བརྒྱད་བཞུགས། སྐུ་ཕྲེང་གསུམ་པ་བློ་བཟང་འཇམ་དཔལ་བསྟན་འཛིན་སེང་གེ་ནི་རབ་བྱུང་བཅུ་བཞི་བའི་ཤིང་སྟག་ལོརསྤྱི་ལོ༡༨༥༤ཁོ་ཚེ་ནས་ཀིརྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས་རྒྱ་མཚོའི་སྐུ་མཆེད་དུ་འཁྲུངས། ཀུན་མཁྱེན་འཇིགས་མེད་རྒྱ་མཚོ་ལ་ཞུས་པས་མཚན་བློ་བཟང་བསྟན་འཛིན་དུ་གསོལ། གཙང་སྦྲ་དགོས་ཚུལ་སོགས་ཀྱི་གསུང་གནང་། གདན་སར་བཀོད་དེ་བསེ་མཆོག་སྤྲུལ་བློ་བཟང་བཀྲ་ཤིས་རབ་རྒྱས་ལས་རབ་བྱུང་དང་དགེ་ཚུལ་ཞུས། སྔ་ཕྱིར་རོང་བོ་དགོན་ཆེན་དང་དབུས་ཀྱི་འབྲས་སྒོ་མང་གི་ཆོས་གྲྭར་ཞུགས་ཏེ་གསན་སྦྱོང་རྒྱ་ཆེར་མཛད། རྒྱལ་དབང་མཆོག་གིས་གཟེངས་བསྟོད་ཀྱི་ཆོ་ལོ་གནང་། གདན་སར་ཇོ་ཁང་ཆེན་མོ་སོགས་རྟེན་བརྟེན་པ་མང་བོ་བཞེངས། ཁྲི་དཔལ་ལྡན་གྲགས་པ་ལས་བསྙེན་རྫོགས་ཞུས། དགུང་ལོ་ཉེར་གསུམ་པ་ལ་གཟུགས་སྐུའི་བཀོད་པ་བསྡུས། བཀའ་རྩོམ་ལ་སེམས་བསྐྱེད་མཆོད་པའི་འདོན་བསྒྲིགས་དང་ཕན་ཡོན་སོགས་པོཏ་གཅིག་ཙམ་བཞུགས། ཟུར་གསལ་ནི་སྐུ་ཕྲེང་གཉིས་པ་བློ་བཟང་རྒྱལ་མཚན་སེང་གེ་འདས་པའི་རྗེས་སུ། རེབ་གོང་གཉན་ཐོག་ཏུ་ཁོང་གི་སྤྲུལ་སྐུ་ཞིག་འཁྲུངས་ཀྱང་གདན་སར་མ་འབྱོར་བར་དགུང་ལོ་བཞིའི་སྟེ་སྐུ་གཤེགས། སྐུ་ཕྲེང་བཞི་བ་བློ་བཟང་བསྟན་འཛིན་སེང་གེ་ནི་བླ་རི་མགུལ་སངས་ཚང་རིན་པོ་ཆེའི་སྐུ་མཆེད་དུ་འཁྲུངས། གདན་སར་བཀོད་དེ་ཀིརྟི་བློ་བཟང་འཕྲིན་ལས་ལས་དགེ་ཚུལ་གྱི་སྡོམ་པ་ཞུས། སྔ་ཕྱིར་རོང་བོ་དགོན་ཆེན་དང་དབུས་ཀྱི་འབྲས་སྒོ་མང་གྲྭ་སར་ཞུགས་ཏེ་མདོ་སྔགས་ཀྱི་གཞུང་ལ་ཐུགས་གཉེར་གནང་། རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་གཟེངས་བསྟོད་ཀྱི་ཆོ་ལོ་དང་། དབུས་ཀྱི་གདན་ས་གསུམ་གང་དུ་ཕེབས་ཀྱང་ཆིབས་པ་བཞེས་ཆོག་པའི་བཀའ་ཤོག་བསྩལ། གདན་སར་བྱོན་ཏེ་གྲུབ་ཆེན་ཐང་སྟོང་རྒྱལ་བོའི་ལྷ་ཁང་སོགས་རྟེན་བརྟེན་པ་མང་བོ་བཞེངས། གྲྭ་ཚང་གི་ཆོས་འཆད་ཉན་སོགས་ལ་བདག་དམ་གནང་། བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་དགུང་ལོ་ཉེར་བརྒྱད་པ་ལ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། བཀའ་རྩོམ་ལ་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་པོཏ་གཅིག་བཞུགས། སྐུ་ཕྲེང་ལྔ་བ་བློ་བཟང་ཐུབ་བསྟན་དཔལ་ལྡན་སེང་གེ་ནི་རབ་བྱུང་བཅོ་ལྔ་བའི་ཤིང་སྦྲུལ་ལོརསྤྱི་ལོ༡༩༠༥བླ་རི་མགུལ་ནས་སྐུ་འཁྲུངས། གདན་སར་བཀོད་དེ་སྔ་ཕྱིར་མཁས་གྲུབ་བྱེ་བའི་གཙུག་རྒྱན་བསེ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོ་དང་པཎ་ཆེན་སྐུ་ཕྲེང་དགུ་བ་རྣམ་གཉིས་ལས་དགེ་ཚུལ་སློང་གི་སྡོམ་པ་ཞུས། དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་ཚང་སོགས་བསྟེན་ཏེ་བཀའ་པོཏ་ལྔ་བཅས་ལ་སྦྱངས། དགུང་ལོ་དགུ་བའི་སྟེང་ཇག་དམག་གི་གནོད་འཚེ་བྱུང་སྐབས་སྐུ་ཕྲེང་གོང་མ་བཞིའི་སྐུ་གདུང་སོགས་སྐུ་གསུང་ཐུགས་རྟེན་གང་བརླགས་སླར་ཡང་བཞེངས། ད་དུང་མི་འཁྲུགས་པའི་ལྷ་ཁང་སོགས་རྟེན་བརྟེན་པ་མང་བོ་གསར་བཞེངས་མཛད། རྒྱལ་སྲས་དྲི་མེད་ཀུན་ལྡན་དང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར་འཁྲབ་སྟོན་གྱི་ཕྱག་ལེན་ཡང་བཙུགས། དགུང་ལོ་རེ་བཞི་བ་ལ་དགོངས་པ་རྫོགས་སོ།། ལོ་འཁོར་གཅིག་གི་ཆོས་ཐོག་དང་ཆོས་སྤྱོད་ནི། ཧོར་ཟླ་དང་བོའི་ཚེས་གསུམ་ནས་ཚེས་བཅུ་དྲུག་གི་བར་སྨོན་ལམ་དང་། ཚེས་བརྒྱད་ལ་ཤྭ་འཆམ། བཅོ་ལྔར་མེ་ཏོག་མཆོད་པ། བཅུ་དྲུག་ལ་བྱམས་པ་གླིང་སྐོར་བཅས་སོ།། གཉིས་པའི་ཚེས་གསུམ་ནས་ཟླ་གཅིག་རིང་གི་དཔྱིད་ཆོས་ཆེན་མོ་དང་། གསུམ་པའི་ཚེས་བཅུ་བདུན་ནས་ཉིན་ཉི་ཤུའི་བར་གྱི་དཔྱིད་ཆོས་གཉིས་པའི་སྐབས་སུ་འཛིན་གྲྭ་གཏུགས་ཉིན་གསུམ།བཞི་བའི་ཚེས་གཅིག་ནས་ཚེས་གསུམ་བརལྔ་བའི་ཚེས་བཅུ་བདུན་ནས་ཟླ་གཅིག་རིང་གི་དབྱར་ཆོས་ཆེན་མོ། དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་དང། ཚེས་ཉེར་གཉིས་ནས་ཉིན་ལྔར་མ་ཎི་བུམ་སྒྲུབ། ཚེས་ཉེར་བརྒྱད་ཉེར་དགུ་གཉིས་ལ་གཏོར་ཆེན། བདུན་པའི་ཚེས་གསུམ་ནས་ཟླ་གཅིག་རིང་གི་སྟོན་ཆོས་ཆེན་མོ། དགུ་བའི་ཚེས་བཅུ་བདུན་ནས་ཉིན་ཉི་ཤུའི་ས་དཀར་ཆོས་ཐོག བཅུ་བའི་ཉེར་གཉིས་ནས་ཉིན་བརྒྱད་ཀྱི་རིང་ལྔ་མཆོད་ཆེན་མོ། བཅུ་གཅིག་པའི་ཚེས་བཅུ་བདུན་ནས་ཟླ་གཅིག་རིང་གི་དགུན་ཆོས་ཆེན་མོ་དང་། བཅུ་བའི་ཉི་ཤུ་ལྔ་ནས་ཉིན་ལྔར་བགེགས་གཏོར་ཆེན་མོ་བཅས་སོ།། གཞན་ཡང་ཟླ་ཕལ་ཆེར་ཟླ་རེའི་ཆོས་ཐོག་ཏུ་མི་གཏོགས་པའི་ཚེས་བཅུའི་འཇིགས་བྱེད་བདག་འཇུག་དང་། སྐབས་སུ་གང་བབས་ཀྱི་གདུང་མཆོད་སོགས་ཡོད། གོང་སྨོས་ཆོས་ཐོག་དེ་རྣམས་ཀྱི་སྐབས་སུ་ཞོགས་ཀའི་ཆོས་གྲྭ་དང་གུང་ཚིགས་ཆོས་གྲྭ དགོང་མོའི་སྐུ་རིམ་བཅས་ཉིན་རེའི་རྩོད་པ་ཆག་མེད། རིགས་གྲྭའི་སྐབས་ཉིན་རེའི་ཞོགས་ཚོགས་དང་གུང་ཚིགས་ཚོགས་སུ་ཚོགས་ལངས་པས་སྐབས་སུ་གང་བབས་ཀྱི་བགྲོ་གླེང་གཏོང་། ཆོས་སྡེ་འདིར་བསྡུས་གྲྭ་འཛིན་གྲྭ་གསུམ། རྟགས་རིགས། གཞུང་གསར། ཕར་ཕྱིན། དབུ་མ། མཛོད། དཀའ་རམས་བཅས་འཛིན་གྲྭ་དགུར་ཕྱེ་ནས་གཞུང་བཀའ་པོཏ་ལྔ་ལ་སློབ་གཉེར་གྱི་ཕྱག་སྲོལ་བཙུགས་ཡོད། ལས་སྣེ་ལ་ཚོགས་ཆེན་ཁྲི་བ་དང་། ཚོགས་ཆེན་ཞལ་ངོ་། དགེ་བསྐོས། ཆོས་གྲྭའི་དགེ་བསྐོས། དབུ་མཛད་ཆེན་མོ། ཆོས་གྲྭའི་དབུ་མཛད། སྤྱི་ཆེན་ཆེ་ཆུང་གཉིས། ཚོགས་འདུ་མི་བརྒྱད་བཅས་བསྡོམས་པས་མི་བཅུ་དྲུག་ཡོད། སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ། ཚོགས་ཆེན་འདུ་ཁང་དུ་རྟེན་གྱི་གཙོ་བོ་འཇམ་དབྱངས་ཀུན་གཟིགས་བྱིན་ཅན་གྱིས་མཚོན་པའི་རྗེ་ཡབ་སྲས། འཁོར་དག་པ་རྣམ་བརྒྱད། སྨན་བླ། འོད་དཔག་མེད་བཅས་ཀྱི་སྐུ་དང་། ཐུབ་སྐུ། ཚེ་སྐུ། སྒྲོལ་སྐུ། སྒྲོལ་མའི་སྟོང་སྐུ། བྱམས་སྐུ་ཉིས་ཐོག་གི་ཚད་ཅན། རྗེའི་སྟོང་སྐུ། སངས་རྒྱས་སོ་ལྔའི་ལྷ་ཚོགས་དང་རྗེའི་གཟིགས་པ་ལྔ་ལྡན་གྱི་སྐུ་སོགས་བཞུགས། ཇོ་ཁང་ཆེན་མོར་གཙོ་སྐུ་ཙན་དན་ལས་གྲུབ་པའི་ཇོ་བོ་མེ་ཐར་མས་མཚོན། གསེར་ཟངས་ལས་གྲུབ་པའི་སངས་རྒྱས་སྟོང་སྐུ་སོགས་བཞུགས། མཐོང་གྲོལ་ལྷ་ཁང་དུ་རྟེན་གཙོ་རྗེ་སྐལ་ལྡན་རྒྱ་མཚོའི་ཐུགས་དམ་གྱི་རྟེན་མི་ལ་རས་པའི་སྐུ་བརྙན་གསུང་འབྱོན་མ་བྱིན་རླབས་ཀྱི་གཏེར་ཆེན་པོ་དེ་ཉིད་དང་། སངས་རྒྱས་འོད་སྲུང་གི་འཕེལ་གདུང་བྱ་སྒོང་ཙམ་ནང་བཞུགས་ཀྱི་བྱམས་སྐུ། ཐུབ་པ། འོད་དཔག་མེད། གདུགས་དཀར། ཐུགས་རྗེ་ཆེན་པོ། བོད་ཀྱི་གྲུབ་ཆེན་ལྔ་དང་ཆོས་རྒྱལ་ལྔ་སོགསབླ་མ་རྗེ་བཙུན་པའི་ཕྱག་བཟོཀྱི་སྐུ། རྗེ་ཡབ་སྲས་གསུམ་དང་འཁོར་དག་པ་རྣམ་བརྒྱད། མཉམ་མེད་ཇོ་བོ་ཆེན་པོ་སོགས་བཀའ་གདམས་བརྒྱུད་པའི་བླ་མ་དུ་མའི་འདྲ་སྐུ། བླ་མ་རྗེ་བཙུན་པའི་སྐུ་གདུང་། དངུལ་གྱི་མཆོད་རྟེན་གཅིག་བཅས་སྐུ་གདུང་མཆོད་རྟེན་གསུམ། སློབ་དཔོན་པད་མའི་སྐུ། མཁན་སློབ་ཆོས་གསུམ། གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ་བཅས་ཀྱི་འདྲ་སྐུ། རྗེ་མི་ལ་རས་པ་སྐུ་སྟོད་རང་བྱོན་ཐུགས་ཀར་དྲོད་བཟུང་བར་གྲགས་པ་དང་། འཁོར་རས་ཆུང་བ་སོགས་རས་པ་བརྒྱད་བཅས་ཀྱི་འདྲ་སྐུ། གཞན་ཡང་སྒྲ་སྒྱུར་མར་བ་དང་སློབ་མ་ཀ་ཆེན་བཞི། ཏེ་ལོ་བ་དང་ནཱ་རོ་བ། ཀླུ་སྒྲུབ། ནག་པོ་སྤྱོད་པ་བ། ས་ར་ཧ་སོགས་ཀྱི་འདྲ་སྐུ་དང་རྗེ་མི་ལ་རས་པའི་རྣམ་ཐར་གྱི་ཐང་ག་སོགས་ཐང་ག་ཡང་གང་མང་བཞུགས། ལྷ་ཁང་འདིའི་མཐའ་སྐོར་དུ་མཆོད་རྟེན་ཆིག་སྟོང་ལྔ་བརྒྱས་བསྐོར་ཞིང་། རྩེ་སྐོར་དུ་ལག་འཇུའི་ལྕགས་ཐག་རྒྱ་མ་ཆིག་སྟོང་ཉིས་བརྒྱ་ལྷག་ཡོད་པ་ལོ་རྒྱུས་དང་ལྡན་པ་བཅས་ཡོད། མཐོང་གྲོལ་ལྷ་ཁང་འདིའི་ཐོག་མའི་མཚན་ལ་སྲས་མཁར་དགུ་ཐོག་ཏུ་གསོལ་ཞིང་ཡོངས་གྲགས་ལ་གཙོས་གསེར་མཁར་དགུ་ཐོག་ཀྱང་ཟེར། ལྷ་ཁང་འདི་བཞེངས་ལེགས་ཤིང་བརྗིད་ཆགས་པ་དང་ནང་བཞུགས་ཀྱི་ལྷ་རྟེན་ཆོས་གསུམ་རྣམས་ཆོས་སྡེ་འདིའི་རྟེན་གྱི་གཙོ་བོ་བྱིན་ཅན་ཤ་སྟག་ཡིན་པས་བོད་ཁམས་ཀུན་ཏུ་གྲགས་པ་ཤིན་ཏུ་ཆེའོ།། གཞན་ཡང་གསེར་ཁང་ཆེན་མོའི་རྟེན་རྣམས་དཀར་ཆག་ཟུར་བཞུགས་ལྟར་དང་། དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་དུ་གཙོ་སྐུ་དུས་གསུམ་སངས་རྒྱས་ཀྱི་སྐུ་དང་སྐུ་གསུང་ཐུགས་རྟེན་མང་བོ། འཇམ་དབྱངས་དཀར་པོའི་ལྷ་ཁང་དུ་འཇམ་དབྱངས་དཀར་པོའི་སྐུ་གཙོར་བཞུགས་ཀྱིས་འཇམ་དབྱངས་དམར་སེར་དང་དབྱངས་ཅན་མའི་སྐུ་བཅས་བཞུགས། ཐང་སྟོང་རྒྱལ་བོའི་ལྷ་ཁང་དུ་གྲུབ་ཆེན་ཐང་སྟོང་རྒྱལ་བོའི་སྐུ་རྟེན་གཙོར་བཞུགས་པའི་རྗེ་ཡབ་སྲས། སློབ་དཔོན་པད་མའི་སྐུ་ལི་མ། རྗེའི་སྟོང་སྐུ་སོགས་བཞུགས། རྟ་མགྲིན་ལྷ་ཁང་དུ་ཡང་གསང་ཁྲོས་པ་ལྷ་དགུའི་སྐུ་སོགས་བཞུགས། མི་འཁྲུགས་པའི་ལྷ་ཁང་དུ་རྒྱལ་བ་མི་འཁྲུགས་པའི་སྐུ་གཙོར་བཞུགས་ཀྱིས་སྐུ་གསུང་ཐུགས་རྟེན་མང་བོ་བཞུགས། ཞབས་བརྟན་ལྷ་ཁང་དུ་སྒྲོལ་མ་དང་། མི་གཡོ་བ། ཕྱག་རྡོར་སོགས་ཀྱི་སྐུ་བཅས་བཞུགས། ཚོམས་ཆེན་དུ་གྲུབ་ཆེན་ཐང་སྟོང་རྒྱལ་བོའི་སྐུ་དང་རྗེ་སྟོང་སྐུ་སོགས་བཞུགས། སྐུ་གདུང་ལྷ་ཁང་དུ་ཁྲི་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་བྱིན་ཅན་དང་སངས་རྒྱས་སྟོང་སྐུ་སོགས་རྟེན་མང་བོ་བཞུགས། མགོན་ཁང་ཆེན་མོར་སྡེ་འདིའི་རྟེན་པ་ཆོས་སྐྱོང་གུར་གྱི་མགོན་པོ་དང་མགོན་པོ་ཞལ་བཞི་བ་གཙོར་བཞུགས་ཀྱིས་འཇིགས་བྱེད་ལྷ་བཅུ་གསུམ་མ། མགོན་ཆོས་ལྔའི་སྐུ་སོགས་གུར་གྱི་ལྷ་ཁང་དུ་ཐུབ་སྐུ་གཙོར་བཞུགས་ཀྱིས་སློབ་དཔོན་པད་མའི་སྐུ་དང་རྡོ་རྗེ་གྲོ་ལོད་སོགས་བཞུགས་སོ།། གསུང་གི་རྟེན་ལ་སྡེ་འདིར་བཀའ་བསྟན་གྱིས་མཚོན་པའི་རྗེ་ཡབ་སྲས་ཀྱི་གསུང་འབུམ་དང་ཁྲི་ཆེན་སྐུ་ཕྲེང་དྲུག་གི་གསུང་འབུམ། མཁས་ཆེན་ཨ་བསྟན་གྱི་གསུང་འབུམ། གཞན་ཡང་རྒྱ་གར་པཎ་གྲུབ་ཀྱི་གསུང་དང་བོད་སྔ་ཕྱིའི་མཁས་གྲུབ་དུ་མའི་གསུང་འབུམ་ཚར་མང་མང་བོ་བཞུགས་ཤིང་། དཔར་ཁང་ཆེན་མོར་རྗེའི་རྣམ་ཐར་ཆེན་མོ་དང་། ཁྲི་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར། བསེ་བློ་བཟང་བཀྲ་ཤིས་རབ་རྒྱས་ཀྱི་རྣམ་ཐར། བླ་མ་འཚམས་པ་བའི་རྣམ་ཐར་གཉིས་བཅས་དང་། རྒྱན་འཇུག དོན་བདུན་ཅུ། ས་ལམ། བསེ་བསྡུས། གཞི་གསུམ་གསལ་བྱེད། རྗེ་བཙུན་པའི་ཕར་ཕྱིན་མཐའ་དཔྱོད་དང་མཛོད། ཀར་ལན་བཅས་དང་། ཆོས་སྤྱོད་ཡོངས་རྫོགས། མགོན་ཆོས་ལྔའི་གཏོར་ཆོག འཇིགས་བྱེད་ལྷ་བཅུ་གསུམ་མ་དང་དཔའ་གཅིག་གི་ཆོ་ག གསེར་འོད་ས་བཅུ་མ། བཀྲ་ཤིས་བརྩེགས་པ། གཅོད་པ། ཚེ་མདོ། མི་འཁྲུགས་པའི་དཀྱིལ་ཆོག་བཅས་ཀྱི་དཔར་ཤིང་སོགས་བཞུགས་པ་དང་། གཞན་ཡང་དགོན་པའི་མཐའ་སྐོར་དུ་མ་ཎིའི་འཁོར་ཁང་ཆེ་བ་བརྒྱད་དང་ཆུང་བ་ཁང་མིག་ཉིས་བརྒྱ་དང་བཞི་བཅུའི་ནང་དུ་བཀའ་འགྱུར་མ་ཎི་འཁོར་ལོ་མང་བོ་བཞུགས་སོ།། ཐུགས་ཀྱི་རྟེན་ལའང་དགོན་པའི་ལྷོ་ནུབ་མཚམས་སུ་བྱང་ཆུབ་མཆོད་རྟེན་དང་། དེའི་གཡོན་དུ་དབྱེན་སྡུམ་མཆོད་རྟེན་ཤིན་ཏུ་ཆེ་བ་གཉིས། དགོན་པའི་བྱང་ཤར་མཚམས་སུ་མཆོད་རྟེན་འབུམ་པ་ཞེས་པ་རྣམས་བཞུགས། སྐུ་གསུང་ཐུགས་རྟེན་གྱི་རིམ་པའང་སྡེ་འདིའི་ལྷ་ཁང་སོ་སོར་བཞུགས་པའི་རྟེན་གཙོ་རྣམས་བཀོད་པ་ལས། ནང་ཆེན་ཁག་དང་གྲྭ་ཤག་སོ་སོའི་ལྷ་རྟེན་ཆོས་གསུམ་རྣམས་འདིར་བཀོད་མེད་དོ།། སྡེ་འདི་ནས་དགེ་བའི་བཤེས་གཉེན་མདོ་སྔགས་རིག་གནས་དང་བཅས་པར་མཁས་ཤིང་། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་ཁྲི་ཆེན་སྐུ་ཕྲེང་དང་། འབེ་ཤེས་རབ་མཆོག་ལྡན། གསེར་ཁྲིའི་ཨ་བསྟན། རྗེ་བཙུན་བློ་བཟང་དར་རྒྱས་པ་སོགས་བྱོན་ལ། དམ་པ་དེ་དག་གི་གསུང་འབུམ་ལ་པོ་ཏི་བཅུ་ལྷག་བཞུགས། གཙུག་ལག་ཁང་གི་སྐོར་ནི། ཚོགས་ཆེན་འདུ་ཁང་དང་། ཇོ་ཁང་ཆེན་མོ། མཐོང་གྲོལ་དགུ་ཐོག་ཆེན་མོ། གསེར་ཁང་ཆེན་མོ། མགོན་ཁང་ཆེན་མོ། དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་། འཇམ་དབྱངས་དཀར་པོའི་ལྷ་ཁང་། གྲུབ་ཆེན་ཐང་སྟོང་རྒྱལ་བོའི་ལྷ་ཁང་། རྟ་མགྲིན་ལྷ་ཁང་། མི་འཁྲུགས་པའི་ལྷ་ཁང་། ཞབས་བརྟན་ལྷ་ཁང་། སྐུ་གདུང་ལྷ་ཁང་། ཚོམས་ཆེན། གུར་གྱི་ལྷ་ཁང་། ཆོས་རྭ་ཆེན་མོ། དཔར་ཁང་ཆེན་མོ་བཅས་བཞུགས། ད་དུང་ནང་ཆེན་ཁག་ཅིག་ལའང་རང་རང་ཚོའི་ལྷ་ཁང་ཡོད་ཀྱང་འདིར་རེ་རེ་བཞིན་མ་བྲིས། ནང་ཁག་ལ་ཁྲི་ཆེན་བླ་བྲང་དབང་ལྡན་ལྷུན་པོས་མཚོན་པའི་ནང་ཁག་ཆེ་བ་ཤར་བླ་བྲང་། ཀིརྟི་བླ་བྲང་། བསེ་བླ་བྲང་། མཁན་པོ་བླ་བྲང་། འགྱང་རོ་བླ་བྲང་། བེ་རི་ཚང་གི་བླ་བྲང་བཅས་དྲུག་དང་། ད་དུང་སོག་ཚང་ཚང་། དུང་ཕྲུག་ཚང་། འཚམས་པ་བ་ཚང་། བསྟན་འཛིན་ཚང་། གཡུ་ཚ་ཚང་། ཆོས་འཛིན་ཚང་། གསེར་འགོ་ཚང་། མུ་ཏོ་ཚང་བཅས་ཀྱི་ནང་ཁག་བརྒྱད། གཞན་ཡང་མར་སྣེ་བཀྲ་ཤིས་རྒྱ་མཚོ་ཚང་། ཁེ་ཏ་ཚང་། དཔོན་བླ་ཚེམས་དཀར་ཚང་དང་སྒོ་རྫོང་ཚང་བཅས་སྔར་ནང་ཆེན་ཡོད་ཀྱང་ཕྱིས་སུ་སྟོང་། དེས་ན་སྡེ་འདིར་སྔོན་ཆད སྤྱི་ལོ༡༩ ༥༨ལོརབསྡོམས་པས་ནང་ཁག་ཆེ་ཆུང་བཅུ་དགུ་ཡོད། བླ་སྤྲུལ་ཅི་ཙམ་བཞུགས་རིམ་ནི། གོང་སྨོས་ནང་ཆེན་ཁག་བཅུ་དགུའི་བླ་སྤྲུལ་ཕལ་ཆེ་བ་ནི་འདིར་རྒྱུན་དུ་བཞུགས་པའི་སྡེ་འདིའི་བླ་མ་ཤ་སྟག་ཡིན་ལ། ཁ་ཤས་ནི་རང་རང་གི་གདན་སར་བཞུགས་པ་ལས་འདིར་རྒྱུན་དུ་མི་བཞུགས། དགེ་འདུན་པའང་སྔོན་ཆིག་སྟོང་ལྷག་ཡོད་པ་རིམ་གྱིས་འགྲིབ་ནས་རབ་བྱུང་བཅུ་དྲུག་པའི་ནང་ལྔ་བརྒྱ་ཡས་མས་དང་། གྲྭ་ཤག་ཀྱང་ཉིས་བརྒྱ་ལྷག་ཙམ་མོ།། ད་ལྟ་ཆོས་སྤྱོད་ཀྱི་སྐོར་ལ་མགོན་ཆོས་ལྔའི་སྐོར་དང་། ཀུན་རིག རྒྱན་འཇུག སྨོན་ལམ་རྣམ་ལྔ་སོགས་ཡོད་ཅིང་། ཐུགས་ཀྱི་རྟེན་ལ་དགོན་པའི་ཤར་ལྷོའི་མཚམས་སུ་བྱང་ཆུབ་མཆོད་རྟེན་ཆེན་མོ་བཞེངས། གྲྭ་ཚང་གི་འདོན་ཆའི་སྒྲིམ་རིམ་ནི་སྔོན་གྱི་ཕྱག་སྲོལ་མ་ཉམས་པ་རྒྱུན་འཁྱོངས་ཏེ་འཛིན་གྲྭ་ཡང་སྔོན་གྱི་གོང་རིམ་དགུ་ཡོད། མཚན་ཉིད་གཙོ་བྱས་ཏེ་འཛིན་གཤར་སྦྱོང་། བསླབ་པ་སློབ་གཉེར། རིག་གནས་སྦྱོང་བ་དང་སྒྲིག་ལམ་ཀུན་སྤྱོད་སོགས་ཆོས་འདུལ་བའི་དགོངས་པར་བསྟུན་པའི་གྲྭ་བཙུན་བརྒྱ་དང་དྲུག་ཅུ་ལྷག་བཞུགས། དེ་མིན་བསེ་བླ་བྲང་དབང་ལྷན་ལྷུན་པོ་དང་། བེ་རུ་ཚང་གཟིམ་ཁང་། སོག་ཚང་གཟིམ་ཁང་བཅས་བླ་གྲྭའི་གཟིམ་ཤག་དྲུག་ཅུ་ཕུབ་པ་བཅས་པས་རེ་ཞིག་བྲིས་ཆོག་པར་བྱས་པས་དགེ་ལེགས་འཕེལ་གྱུར་ཅིག། ཟུར་ལྟའི་དཔྱད་གཞི། ཀྲུང་གོའི་བོད་བརྒྱུད་ནང་དགོན་དཀར་ཆག་ལས་ཀན་སུའུ་གླེགས་བམཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ10བ།

བརྒྱུད་འགོད།