ཐེ་བོའི་ལུང་བཟང་རི་ཁྲོད་དགའ་ལྡན་བྱང་ཆུབ་ཆོས་འཕེལ་གླིང་གི་ལོ་རྒྱུས་སྙིང་བསྡུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-01-03 23:28:49     རྩོམ་པ་པོ།   གངས་ཐིགས།    ཀློག་ཐེངས།  

微信图片_20190103232406.jpg

༄༅། །ལུང་བཟང་རི་ཁྲོད་དགའ་ལྡན་བྱང་ཆུབ་ཆོས་འཕེལ་གླིང་ནི་སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོར་ཆགས་ཞིང་། ལོ་ངོ་སུམ་བརྒྱའི་ལོ་རྒྱུས་ལྡན་པའི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན།

དེ་ཡང་ཀིརྟི་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་དངོས་སློབ་ལུང་བཟང་ནང་བ་སྐུ་ཕྲེང་དང་བོ་ངག་དབང་བློ་བཟང་བསམ་གཏན་ཞུ་བས་མེ་བྱ་(༡༧༡༧)དྲེད་སྒང་ཞེས་པར་སྒྲུབ་ཁང་ཕུག་སྟེ་ཐོག་མ་རི་ཁྲོད་ཀྱི་གཞི་བཏིངས།

རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བའི་སྒྲུབ་གནས་ཁྱད་པར་ཅན་ཡིན་ཡང་ཤིང་ཆུ་སོགས་ཐག་རིང་བས། ས་ཕག(༡༧༡༩)ལོ་ནགས་དགོན་ཞེས་པར་གནས་གཞི་སྤོས་ནས་འདུས་པའི་བསྙེན་པ་གྲངས་ཐོན་པ་སོགས་མཛད་ཅིང་། འཁོར་དུ་རི་འཛིན་སྔར་ལས་མང་དུ་འདུས་ནས་རི་ཁྲོད་ཀྱི་རྐང་ཚུགས་པར་བྱུང་ནའང་། ལྷ་དང་བླ་མ་དུ་མས་ཡང་ཡང་ལུང་གི་བསྔགས་པ་ལྟར། ཆུ་སྟག་(༡༧༢༢)ཉིན་ཐེམ་ཚེ་བརྟན་ངོས་ཞེས་པ་ད་ལྟའི་དགོན་གནས་འདིར་གནས་སྤོས་ནས་རི་ཁྲོད་ཀྱི་གཞི་རྒྱ་བསྐྱེད། ལུང་བཟང་རི་ཁྲོད་དགའ་ལྡན་བྱང་ཆུབ་ཆོས་འཕེལ་གླིང་ཞེས་པའི་མཚན་གསོལ། གཞི་གསུམ་ཕྱག་ལེན་ངོས་གཙང་ཐོག་རྒྱུན་དུ་རི་འཛིན་རྣམས་ལ་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་དང་རིམ་གཉིས་ཉམས་ཁྲིད་སོགས་གནང་བ་སོགས་དབེན་པའི་རི་ཁྲོད་དོན་དང་ལྡན་པར་གྱུར།

སྐུ་ཕྲེང་ཕྱི་མ་རྣམས་ཀྱིས་ཀྱང་ལུང་བཟང་དབོན་ཆུང་རིན་པོ་ཆེའི་རྣམ་ཐར་རྗེས་སྐྱོང་གིས་དབེན་པའི་སྒྲུབ་གནས་ཚད་ཐུབ་ཅིག་ཡོང་བའི་ཐབས་ཚུལ་འབའ་ཞིག་ལྷུར་ལེན་མཛད།    སྡེ་འདིར་སྔ་ཕྱིར་ཨ་མོ་བློ་བཟང་སྨོན་ལམ། ཀིརྟི་བསྟན་པའི་རྒྱལ་མཚན། རྗེ་གུང་ཐང་བསྟན་པའི་སྒྲོན་མེ། དབལ་མང་པཎྚི་ཏ།ཀིརྟི་བློ་བཟང་འཕྲིན་ལས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་མང་བོ་ཞབས་ཀྱིས་བཅགས་ཤིང་། མདོ་སྔགས་ཀྱི་གནད་དྲིལ་བའི་ཆོས་བཀའ་གནད་མང་དུ་བསྩལ་གནང་མཛད།

བསྟན་པ་ཡང་དར་གྱི་སྐབས་ནས་བཟུང་བསྟན་འགྲོའི་དཔལ་མགོན་དམ་པ་རྗེ་ལུང་བཟང་ནང་བ་སྐུ་ཕྲེང་དྲུག་པ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་དད་ལྡན་མང་ཚོགས་ཀྱི་ངལ་རྩོལ་བཅས་ཀྱི་མཐུ་དཔུང་ལ་བརྟེན་ནས་བསྐྱར་བཞེངས་ལེགས་པར་གྲུབ།  སྡེ་འདིའི་རྟེན་གྱི་གཙོ་བོ་ལུང་བཟང་ནང་བ་སྐུ་ཕྲེང་དང་བོའི་གདུང་རུས་སྙིང་བོར་བཞུགས་པའི་གདུང་རྟེན་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞུགས།

ཆོས་སྤྱོད་བྱེད་སྒོ་ཁག    ཟླ་རེའི་དུས་འབྲེལ་གསོ་སྦྱོང་དང་། ལྟུང་བཤགས་ཀྱི་སྒྲུབ་མཆོད།  བསགས་སྦྱང་མཆོད་འབུལ་དུས་མཆོད་སོགས་འཆར་ཅན་ཆོས་ཐོག་བྱེད་སྒོ་ཆག་མེད་ཐོག་ལམ་རིམ་བློ་སྦྱོང་དང། གཞོན་སྐྱེས་གསར་བུ་བ་རྣམས་མ་དགོན་སྟག་ཚང་ལྷ་མོ་སོགས་བཤད་གྲྭ་ཁག་ཏུ་གཞུང་ཆེན་སློབ་གཉེར་ལ་གཏོང་གནང་མཛད་པ་བཅས་དབེན་གནས་འདིའི་ཆོས་སྤྱོད་ཀྱི་བགྱི་བ་ཡར་ལྡན་དུ་འཕེལ་བའི་སྐབས་སོ།།   

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།